གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནས་ཚང་འཚོལ་བ།

2011-02-10 14:39:00 འབའ་གཞུང་ཁྱུང་ཐར་རྒྱལ། ཀློག་གྲངས། མཆན ཡོད།

གླུ་ཚིག་མེད་བཞིན་དུ་ངས་གླུ་ཞིག་བླངས་པ་དབྱངས་རྟ་ཁོ་ནའང་མ་ཡིན།
གཤོག་ཟུང་འདིའི་དྲིན་ལ་ངས་ནམ་མཁར་མཐའ་དབུས་བྲལ་བའི་བདེན་ཚིག་རྙེད།
རི་ཆུ་ནགས་གསུམ་གྱིས་འཚང་ཁ་ཤིག་ཤིག         རྔུལ་ཆུ་ཁྲོམ་ཁྲོམ་ངང༌།
རྒོད་པོ་ལགས།   ཁྱོད་འབབ་སའི་བྲག་ཐེམ་འདི་ན་ཡོད་གསུངས།
སྐར་འོད་ལམ་ལམ་གྱི་མཚན་ལྗོངས་འདིར་ཆར་རླུང་གི་བསུབ་མེད་ལ།
དཀའ་སྡུག་གི་འགྲུལ་བཞུད་ཀྱང་མེད་པར།   ཡོད་ཚད་ཁུ་སིམ་མེར།
ངས་རང་གི་གནས་ཚང་རྙེད་པར་དགའ་སྤྲོ་སྐྱེས།

ངའི་དབྱངསརྟ་སྙན་མོར་ཕྲག་དོག་གིས་སྡང་བ་ཁུ་བྱུག་གམ?ཡང་ན།
གོམ་འགྲོས་འཁྱར་ར་འཁྱོར་རེའི་བོང་བུ་གཞན་ཞིག་ཡིན།
ལམ་ཐག་རིང་བོ་བརྒྱུད་ནས་ཡོང་དུས་ངལ་དུབ་ཅི་ཡང་མ་ཚོར་བ།
ང་མིན་པའི་ཕོ་རྒོད་སུ་ཞིག་ཡིན།      ཁྱོད་ཀྱིས་སོམས་དང་སུ་ཞིག་ཡིན།
ཡང་ན་འཇིག་རྟེན་ཆེ་དྲག་སོང༌།     ཡང་ན་ཧ་ཅང་ཆུང་དྲག་སོང༌།
རྨ་ཆུ་སྔོན་མོ་མཐོང་དུས་མེ་ལྟར་འབར་བའི་སྐོམ་གདུང་སྐྱེ་བའང༌།
ང་མིན་པ་སུ་ཡོད་དམ།   དེ་བས།   གཟི་བརྗིད་གཞན་ཞིག་ལ་བསྙེགས་པར།
ངས་རྒྱུན་དུ་རང་གི་གནས་ཚང་མཛེས་སྡུག་ཅིག་སྟོབས་འབྱོར་བསམ།

དྲོད་ལམ་ལམ་གྱི།     དབེན་ཐིང་ཐིང་གི་གནས་ཚང་རྙེད་པ་ནས་བཟུང༌།
ངས་སྤྱི་གཙུག་ཐམས་ཅད་རང་གི་གསེར་ཁྲིར་བསམ་ཞིང༌།
དངུལ་གྱི་སོ་མང་བཟུང་ནས་མཛེས་མའི་སྐྲ་ལོ་ཤད་པར་སྤྲོ་སྣང་སྐྱེས།
ནམ་མཁའ་ཇི་འདྲའི་སྔོ་ཡང་རལ་མི་སྲིད་པའི་གདེང་ཚོད་ཡོད་པས།
ནམ་རྒྱུན་འཚེམ་བུ་རྒྱག་མཁན་ཚོའི་རྨི་ལམ་ལ།
ངས་བྱིས་པ་ཚོར་འཇའ་ཚོན་ལྟ་བུའི་འགྲིལ་བཤད་རྒྱག་ཏུ་བཅུག

གླུ་ཚིག་མེད་བཞིན་དུ་ངས་གླུ་ཞིག་བླངས་པ་དབྱངས་རྟ་ཁོ་ནའང་མ་ཡིན།
རླུང་རྒྱུན་གྱི་ཚུལ་གྱིས་ང་རང་ཧི་མ་ལ་ཡའི་ཕ་རོལ་ཏུ་ལྡང་མྱོང་ཞིང༌།
ཁ་བའི་ཚུལ་གྱིས་གནས་འདི་རུ་ཡང་ཡང་བབས་མྱོང༌།
ངས་རང་གི་གནས་ཚང་རྙེད་པ་ནས་བཟུང༌།
རང་ཉིད་ཀྱང་གཙང་པོ་ཞིག་དང་འདྲ་བར་ཡུལ་ལྗོངས་ཀུན་ལ་བཞུར་དགོས་པ་ཚོར།

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།