མཆོད་མེ།
ལྷ་ཚོགས་ནམ་ཡང་སྨག་རུམ་གྱི་ཀློང་ནས་ཕེབས་པས།
ས་སྲོད་དུ། ངས་དད་པ་བརྟན་པོས།
འབར་བཞིན་པའི་མཆོད་མེ་རྐང་གཅིག་སྒྲོན།
ཡིན་ནའང༌། དེ་དགོང་ཅིའི་ཕྱིར།
ངས་དག་སྣང་གི་དམིགས་པ་ཅི་ཙམ་གཏད་ཀྱང༌།
རང་སེམས་ལྷ་དང་དབྱེར་མེད་དུ་བསྒོམས་མ་ནུས་ལ།
རང་ལུས་འོད་དང་འདྲེས་རུང་དུ་འཛིན་མ་ཐུབ་པས།
དངངས་སྐྲག་གིས།
བླ་མ་འབོད་མ་ནུས་ལ།
ཕ་མ་ཡང་འབོད་མ་ཐུབ་པ་ཅིའི་ཕྱིར།
ཨ་ཙི། ང་དངོས་གནས་ནར་སོན་པ་ཡིན་ནམ།
ངས་ཁས་བླངས་ཆོ
འདོད་པའི་ཁམས་ནས།
ངས་འདོད་པ་བརྗེད་ཅིང་
མི་ཡུལ་ནས།
ངས་མི་ཡུལ་བོར་བ་བདེན་ཡང༌།
ང༌། འཕུར་མི་ཐུབ་པའི་བྱ་རྒོད་ཅིག་བྱེད་མི་འདོད་ལ།
མཆོད་མེ་རྐང་གཅིག་གི་མདུན་ནས།
ང༌། འཇིག་རྟེན་དང་མཉམ་དུ།
ཅི་ཡང་མི་ནུས་པར། གཏོལ་མེད་ངང༌།
ཐེངས་མང་པོར་འདི་ལྟར་ཧུར་རེར་འདུག་མི་འདོད།
ཀྱེ་མ། ང་འབར་རྐང་ཞིག་བྱེད་འདོད།
འདི་ཕྱི་ཕ་མའི་དྲུང་ནས། ང་འབར་རྐང་ཞིག་བྱས་ཏེ།
ཞེད་སྣང་དང་འགྱོད་སྣང་ཅི་ཡང་མེད་པར།
འཁོར་བ། ཕྱི་ལུས། ཐ་ན་ཐིག་ལེ་རླུང་བུ་དང༌།
བཅས་པའི་ངོ་མཚར་ཡོད་ཚད།
འབར་བཞིན་པའི་མཆེད་མེ་བཞིན་སྒྲོན་ནས།
མཆེད་བཞིན་པའི་མཆེད་མེ་བཞིན་མཆོད་འདོད།
རྩོམ་ཁུངས།