གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུ་བའི་ཉེར་དགུའི་ཉིན་རྨ་ཆུའི་རབ་ཁར་མྱུལ་བ།

2010-10-13 22:31:00 བྱ་མདོ་རབ་རྒྱས། ཀློག་གྲངས། མཆན ཡོད།

དྭངས་གཙང་གི་ནམ་མཁའ་དང
ཁྲུང་ཁྲུང་གི་རུ་བསྟར
ལྷུང་ལྷུང་དུ་བཞུར་བའི་རྨ་ཀླུང་དང
རྨ་ཆུའི་ཕར་ངོགས་ཀྱི་སྟོན་མཇུག་གི་བྱེ་ཐང
རི་འདབས་ན   ནགས་ཚལ་གྱི་འཚང་ཁ་དང
སེར་པོར་གྱུར་པའི་ལྗོན་ཤིང་གི་ལོ་མ
ད་དུང་རྨ་ཆུའི་རབ་ངོགས་ཀྱི་ང་དང
ངའི་རྗེས་ས་འབྲངས་པའི་རྟ་ཕོ

ཆུ་གཞུང་ནས་འོངས་པའི་བསེར་རླུང་གིས
ས་རྡུལ་གྱིས་གོས་པའི་ངའི་གཟན་གྱི་སྣེ་མོ་ལྷབ་ལྷུབ་ཏུ་སྐྱོད་དུས
རབ་ངོགས་འདི་ནས་རྒྱུ་མཚན་མེད་པར
ང   མཛེས་ལྗོངས་འདི་ལ་དུས་གཏན་དུ་བཙུགས་པའི
དར་ལྕོག་ཁྲ་ཁྲ་ཞིག་ཡིན་ན་སྙམ་མོ

དེ་ལྟ་ན་ཡང   མི་སེམས་གོ་བའི
ངའི་རྟ་མཆོག་གི་འཚེར་སྒྲ་ལྷང་ལྷང་གིས
ཡུལ་ལྗོངས་ཇི་འདྲའི་མཛེས་ན་ཡང
ང     གནས་འདི་ནས
དུས་གཏན་དུ་སྡོད་མཁན་མིན་པར་གསལ་འདེབས་བྱས་པས
བྱེ་མའི་དེའུ་མགོ་དེར་འགོས་ཏེ
ངས་ཕ་ཡུལ་གྱི་ཕྱོགས་སུ་རྒྱང་ལྟ་བྱས

མཐོང་ལམ་ན   རྨ་ཆུའི་ཤར་རྒྱུད་ན་གཤར་བའི་རི་ཚོགས་ཀྱིས
ང་དང་ཕ་ཡུལ་གྱི་བར་དུ་ཡོལ་བས་བཅད་འདུག་པས
ཉི་མ་ནུབ་ཁར   ཆུ་སྐྱར་གྱི་གཅོང་སྐད་ལྷང་ལྷང་གྲགས་ནས
ངའི་སེམས་པ     ལམ་འགྲམ་གྱི
གནའ་བོའི་ལབ་ཙེ་དེ་དང་འདྲ་བར
སྐྱོ་སྨྲེང་གི་རླུང་ཁ་ནས་འདི་ལྟར་ཞིག་རལ་ཏུ་གྱུར་སོང

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།