གཟེབ་ནང་གི་བྱེའུ།

ཁུ་བྱུག་སྔོན་མོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-16

སྔོ་དྭངས་དྭངས་ཀྱི་ནམ་མཁའི་དབྱིངས་ནས
ད་ལྟ      ཁྱོད་ཀྱིས་ཀྱང་གཤོག་འགྱུར་ཞིག་བྱས་ན་འོས་མོད
ཁྱོད་སྔར་བཞིན་གཟེབ་ནང་ན་ལུས་པས
མུ་མཐའ་བྲལ་བའི་ནམ་མཁའ་ཡངས་པོ་འདི
ཉིན་མོར་ཁྲ་གླག་གི་འཕུར་ལམ་རེད
མཚན་མོར་འུག་ཚོགས་ཀྱི་བསྟི་གནས་རེད

ཁང་ཁྱིམ་དོག་མོ་འདིའི་ནང་རོལ་ཏུ
ཁྱོད   རྣོ་སྐུད་ལ་བརྒྱུས་པའི་སྨྱུག་གཟེབ་ཏུ་ཚུད་ནས
ལོ་ཟླ་གྲངས་མེད་ཅིག་སྨྲེ་ངག་གི་ཁྲོད་ནས་འདས་སོང
ལྟ་ན་སྡུག་པའི་ཕྱི་རོལ་གྱི་མཛེས་ལྗོངས་དང་བརྟན་བརླིང་གི་རི་རབ
ད་དུང་ཆུ་ཕྲན་གྱི་བཞུར་སྒྲ་སྙན་མོ    རྟ་མཆོག་གི་འཚེར་སྐད་ལྷང་ལྷང
ཁྱོད་ཀྱིས་འདི་དག་ནམ་ཡང་མཐོང་མ་ཐུབ་ལ   ཐོས་ཀྱང་མ་ཐུབ

བཟང་མི་འདི་ཚོས   ནམ་རྒྱུན་ཁྱོད་ལ་གཅེས་གཅེས་འདྲ་བྱེད་ནའང
ཁྱོད་ལ་འཕུར་ལམ་གྱི་སྒོ་མོ་ཕྱེ་མཁན་སུ་ཡོད
ཁྱིམ་བདག་རྒན་མོས    ནམ་རྒྱུན་ཁྱོད་ལ་ཁ་ཟས་འདང་ཚད་རེ་སྟེར་ཀྱང
ཁྱོད་ཀྱི་ཡིད་སེམས་ཀྱི་ལྟོགས་པ་འགྲངས་ཨེ་མྱོང

ད་ནི་དབྱུང་གཞུང་གི་དུས་ཚིགས་རེད
བྱ་རྒོད་ཀྱིས་ནམ་འཕང་གཏོད་ཅིང་དུར་ཁྲོད་སྙེག
ཁུ་བྱུག་གིས་གླུ་དབྱངས་ལེན་ཞིང་གཤོག་འགྱུར་བྱེད
སྐྱ་ཀ་ཡིས་ཚང་མལ་བཟོ་ཞིང་རྒུམ་འབུ་འཐུ
ཤིང་རྟ་མོས་མཆུ་ཏོ་བརྡར་ཏེ་སྡོང་བོ་བརྐོ

ཡིན་ན་ཡང    ཁྱོད་ད་དུང་གཟེབ་ནང་ན
མིག་ཁྲ་ཆུང་མཆི་མ་ཉིལ་ལེར  སེམས་ཡ་ཆུང་སྐྱོ་བ་ལྷང་ངེར
ཟད་ཀྱིན་པའི་གཤོག་སྒྲོ་ལ་བྱི་དོར་ཡང་ཡང་བྱེད་བཞིན
འགངས་ཀྱིན་པའི་བྱ་བྲུན་ལ་སྡེར་འབྲད་ཡང་ཡང་བྱེད་བཞིན
ཁྱོད་ཀྱིས་ཅི་ཞིག་དྲན་གྱིན་ཡོད   ཁྱོད་ཀྱིས་ཅི་ཞིག་བསམ་གྱིན་ཡོད
                                                 ༢༠༠༥.༥.༡༡

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟེབ་ནང་གི་བྱེའུ།

2010-08-16 ཁུ་བྱུག་སྔོན་མོ། ཀློག་གྲངས། མཆན ཡོད།

སྔོ་དྭངས་དྭངས་ཀྱི་ནམ་མཁའི་དབྱིངས་ནས
ད་ལྟ      ཁྱོད་ཀྱིས་ཀྱང་གཤོག་འགྱུར་ཞིག་བྱས་ན་འོས་མོད
ཁྱོད་སྔར་བཞིན་གཟེབ་ནང་ན་ལུས་པས
མུ་མཐའ་བྲལ་བའི་ནམ་མཁའ་ཡངས་པོ་འདི
ཉིན་མོར་ཁྲ་གླག་གི་འཕུར་ལམ་རེད
མཚན་མོར་འུག་ཚོགས་ཀྱི་བསྟི་གནས་རེད

ཁང་ཁྱིམ་དོག་མོ་འདིའི་ནང་རོལ་ཏུ
ཁྱོད   རྣོ་སྐུད་ལ་བརྒྱུས་པའི་སྨྱུག་གཟེབ་ཏུ་ཚུད་ནས
ལོ་ཟླ་གྲངས་མེད་ཅིག་སྨྲེ་ངག་གི་ཁྲོད་ནས་འདས་སོང
ལྟ་ན་སྡུག་པའི་ཕྱི་རོལ་གྱི་མཛེས་ལྗོངས་དང་བརྟན་བརླིང་གི་རི་རབ
ད་དུང་ཆུ་ཕྲན་གྱི་བཞུར་སྒྲ་སྙན་མོ    རྟ་མཆོག་གི་འཚེར་སྐད་ལྷང་ལྷང
ཁྱོད་ཀྱིས་འདི་དག་ནམ་ཡང་མཐོང་མ་ཐུབ་ལ   ཐོས་ཀྱང་མ་ཐུབ

བཟང་མི་འདི་ཚོས   ནམ་རྒྱུན་ཁྱོད་ལ་གཅེས་གཅེས་འདྲ་བྱེད་ནའང
ཁྱོད་ལ་འཕུར་ལམ་གྱི་སྒོ་མོ་ཕྱེ་མཁན་སུ་ཡོད
ཁྱིམ་བདག་རྒན་མོས    ནམ་རྒྱུན་ཁྱོད་ལ་ཁ་ཟས་འདང་ཚད་རེ་སྟེར་ཀྱང
ཁྱོད་ཀྱི་ཡིད་སེམས་ཀྱི་ལྟོགས་པ་འགྲངས་ཨེ་མྱོང

ད་ནི་དབྱུང་གཞུང་གི་དུས་ཚིགས་རེད
བྱ་རྒོད་ཀྱིས་ནམ་འཕང་གཏོད་ཅིང་དུར་ཁྲོད་སྙེག
ཁུ་བྱུག་གིས་གླུ་དབྱངས་ལེན་ཞིང་གཤོག་འགྱུར་བྱེད
སྐྱ་ཀ་ཡིས་ཚང་མལ་བཟོ་ཞིང་རྒུམ་འབུ་འཐུ
ཤིང་རྟ་མོས་མཆུ་ཏོ་བརྡར་ཏེ་སྡོང་བོ་བརྐོ

ཡིན་ན་ཡང    ཁྱོད་ད་དུང་གཟེབ་ནང་ན
མིག་ཁྲ་ཆུང་མཆི་མ་ཉིལ་ལེར  སེམས་ཡ་ཆུང་སྐྱོ་བ་ལྷང་ངེར
ཟད་ཀྱིན་པའི་གཤོག་སྒྲོ་ལ་བྱི་དོར་ཡང་ཡང་བྱེད་བཞིན
འགངས་ཀྱིན་པའི་བྱ་བྲུན་ལ་སྡེར་འབྲད་ཡང་ཡང་བྱེད་བཞིན
ཁྱོད་ཀྱིས་ཅི་ཞིག་དྲན་གྱིན་ཡོད   ཁྱོད་ཀྱིས་ཅི་ཞིག་བསམ་གྱིན་ཡོད
                                                 ༢༠༠༥.༥.༡༡

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།