བདག་གི་གྲོགས་མཆོག་དམ་པ་འབའ་སེང་སྨྱོན་ལ་མྱ་ངན་ཞུ་བ།

      བདག་ནི་གྲོགས་མང་པོ་བསྒྲིགས་རྒྱུར་དགའ་བའི་མི་དེ་རིགས་མིན་པས་བདག་ལ་གྲོགས་པོ་མང་པོ་མེད་ལ། ལྷག་ཏུ་གྲོགས་མཆོག་ཏུ་བརྩི་རུང་བ་དེ་བས་ཀྱང་མང་པོ་འདྲེན་རྒྱུ་མེད། ཡིན་ན་ཡང་འབའ་སེང་སྨྱོན་ནི་བདག་གིས་གྲོགས་མཆོག་ཏུ་འབོད་པའི་ཁྲོད་ཀྱི་གཅིག་ཡིན།ཡིད་ཕངས་པ་ཞིག་ལ་ད་ལྟ་ཁོ་རང་འཇིག་རྟེན་མི་ཡུལ་དང་གཏན་ནས་བྲལ་སོང༌།
     འབའ་སེང་སྨྱོན་དང་ངེད་གཉིས་ཀྱི་ངོ་ཤེས་པར་བརྒྱུད་རིམ་ཡོད་ཡོད་འདྲ་ལ། མེད་མེད་ཀྱང་འདྲ་སྟེ།དེ་དག་ད་ལྟ་ཆུ་ལ་ཆུ་བཞག་པ་ལྟར་བདག་གི་དྲན་པའི་ཁྲོད་རབ་རིབ་ནས་མག་མོག་ཏུ་གྱུར་ཟིན་པས་ཞིབ་མོར་གླེང་ཐབས་མི་འདུག མཐོ་འབྲིང་གི་སྐབས་སུ་ངེད་གཉིས་སློབ་གྲྭ་གཅིག་གི་སློབ་གྲོགས་ཡིན་མོད།སྐབས་དེར་འཛིན་གྲྭའི་མཐོ་དམའི་དབང་གིས་ཕན་ཚུན་མཐོང་མྱོང་མོད་འབྲེལ་འདྲིས་མེད་རྐྱེན་གླེང་མོལ་བྱས་མ་མྱོང་བས།ཕན་ཚུན་ལ་བཞག་པའི་བག་ཆགས་ཀྱང་ཕན་ཚུན་མཐོང་མྱོང་བ་ཙམ་རེད།རྗེས་སུ་ང་རང་སློབ་ཆེན་ནས་མཐར་ཕྱིན་རྗེས་ཟི་ལིང་གི་ཚགས་པར་ཁང་ག་གེ་མོར་ལས་བགོས་བྱས་སོང༌།དེ་དུས་ཟི་ལིང་ན་འདང་རྒྱག་མེད་པའི་མི་རྐྱང་ལས་བྱེད་པ་མང་པོ་ཞིག་ཡོད།དེའི་ཁྲོད་བདག་དང་ཆེས་འབྲེལ་འདྲིས་ཟབ་པ་ནི་རླུང་འཕྲིན་ཁང་གི་པད་མ་རིག་འཛིན(ད་ལྟ་རྐྱེན་དུ་མའི་དབང་གིས་ལས་གནས་ནས་བུད་ཟིན)ཡིན།དེ་ནི་ཕལ་ཆེར་གཟའ་མཇུག་ཅིག་ཡིན་པ་འདྲ།གྲོགས་པོ་སྐོར་ཞིག་ངེད་ཀྱི་ཁྱིམ་དུ་འདུས་ནས་ཝུ་རག་འཐུང་བཞིན་རྩོམ་རིག་དང་འབྲེལ་བའི་ལབ་གླེང་སྣ་ཚོགས་བྱེད་བཞིན་ཡོད།དེའི་ཁྲོད་དུ་པད་མ་རིག་འཛིན་གྱི་ནུ་བོ་སྐྱ་བྷ་ཡང་འདུགསྐྱ་བྷ་དང་འབའ་སེང་སྨྱོན་གཉིས་ཧ་ཅང་ལོབས་ཡོད་པའི་མི་ཚད་འབྲེལ་འདྲིས་ཀྱང་ཟབ་མོ་ཡོད་ཚོད་འདུགའབའ་སེང་སྨྱོན་གྱིས་སྐྱ་བྷར་ཁ་པར་བཏང་ཡོང་བས་ང་ཚོས་ཁོ་རང་ཡང་དེར་ཤོག་ཅེས་སྐུལ་བ་ན་ཁོས་ན་གཞོན་རྩོམ་དགའ་སྐོར་ཞིག་འདུས་ཡོད་པ་ཤེས་པས་ཅུང་མ་འགོར་བར་སླེབས་བྱུང༌།སྐབས་དེར་ཁོ་རང་མཚོ་སྔོན་མི་རིགས་སློབ་གླིང་གི་ལོ་རིམ་གཉིས་པའི་སློབ་མ་ཡིན་ལ།སློབ་གླིང་དེའི་བོད་ཡིག་སྡེ་ཁག་གི་རྩོམ་རིག་དུས་དེབ《ཁུག་རྟའི》གཙོ་སྒྲིག་གི་འགན་ཡང་ཁུར་འདུག   བདག་གི་དྲན་པ་ནོར་བ་མིན་ན་མཚན་མོ་དེ་ནི་ངེད་གཉིས་རྒྱུས་མེད་ནས་རྒྱུས་ཡོད་དུ་གྱུར་བའི་ཆེས་ཐོག་མའི་མཇལ་འཛོམས་ཐེངས་ཤིག་ཡིན།
        རྗེས་སུ་ང་ཚོས་ཕན་ཚུན་ལ་ཁ་པར་བཏང་ནས་རྒྱུན་དུ་འབྲེལ་འདྲིས་བྱས་པ་དང༌།ཁོམ་སྐབས་ཡོད་དུས་ལྷན་དུ་འདུས་ནས་ཝུ་ཆང་འཐུང་ཞོར་མགོ་རྔ་མེད་པའི་ཁ་བརྡ་ཡང་གང་མང་བྱས་མྱོང༌།དེ་དུས་ཁོས་བརྩམས་ཆོས་ཁ་ཤས《སྦྲང་ཆར》དང《གངས་རྒྱན་མེ་ཏོག》སོགས་ཀྱི་སྟེང་དུ་བཀོད་འདུག་ལ།ཁོ་བོར་བག་ཆགས་ཅུང་ཟབ་མོ་བཞག་ཡོད་པ་ནི་སློབ་ཆེན་སྐབས་སུ་མཐོང་བའི《ཟླ་བདུན་པའི་སེམས་འགྱུ》ཞེས་པའི་སྙན་ངག་དེ་ཡིན།རྗེས་སུ《ཞིང་གྲོང་གི་གཟའ་ཉི་མ》སོགས་བརྩམས་ཆོས་འབོར་ཆེན་ཞིག་གཞུང་སྒེར་གཉིས་ཀྱི་དུས་དེབ་སྟེང་བཀོད་པས་ཀློག་པ་པོ་ཁ་ཤས་ཀྱིས་དགའ་བསུ་ཐོབ།ངེད་ཚགས་པར་ཁང་གིས་ཁོ་ལ་ད་དུང་ཆེད་བསྒྲིགས་པར་ངོས་ཤིག་བསྒྲུབས་ནས་རྟིང་སྐུལ་བྱས་མྱོང་ལ།ཆེད་བསྒྲིགས་པར་ངོས་དེ་སྒྲུབ་ སྐབས་ཁོས་སྐུལ་བ་ལྟར་བདག་གིས《འབའ་སེང་སྨྱོན་དང་སྙན་ངག》ཅེས་པའི་དཔྱད་བརྗོད་མིན་པའི་དཔྱད་བརྗོད་ཅིག་བྲིས་ཏེ་སྐྱོན་ཡོན་གཉིས་ཀ་གླེང་བ་ཡིན། སློབ་མཐར་ཕྱིན་རྗེས་ཁོ་རང་ཆབ་མདོའི་མཛོ་སྒང་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར་དུ་བུད་སོང༌།ཡིན་ན་ཡང་ང་ཚོའི་འབྲེལ་འདྲིས་ཀྱི་རྒྱུན་གཏན་ནས་ཆད་མ་མྱོང་བ་མ་ཟད།ཁ་པར་བརྒྱུད་ནས་རང་རང་གིས་བྲིས་པའི་སྙན་ངག་གསར་བ་གྱེར་འདོན་བྱས་ཤིང༌།ཐེངས་ཤིག་ཁ་པར་གཏོང་དུས་ཏག་ཏག་ངེད་གཉིས་ཀྱིས་ཝུ་རག་འཐུང་བཞིན་པ་དང་འཕྲད་པས་ཁ་པར་ལས་ཞབས་དག་བརྒྱབ་པ་ཡིན།ཕན་ཚུན་གྱི་ངོ་གདོང་མཐོང་ཐབས་བྲལ་ན་ཡང་ཝུ་རག་རྔམ་འཐུང་བྱེད་པའི་དབུགས་གཏོང་ལེན་གྱི་སྒྲ་སོགས་གསལ་བོར་ཐོས་ཐུབ།དེ་བཞིན་བདག་གི་དབུགས་གཏོང་ལེན་གྱི་སྒྲ་ཡང་ཁོས་ཐོས་འཛིན་གྱི་བུ་གར་གསལ་བོར་ཚུད་ཡོད་སྲིད་སྙམ།ད་ལྟ་དེ་དག་ཡོད་ཚད་ཕྱིར་དྲན་གྱི་རྣམ་པས་བདག་གི་དྲན་འཛིན་གྱི་ཡོལ་གོར་ངོས་སུ་མངོན་ཙམ་གྱིས་སླར་ཡང་མི་མངོན་པའི་གནས་སུ་གྱར་བ་ལས།ལག་ལེན་དུ་བསྟར་རྒྱུ་ནི་དངོས་གནས་ཉིན་མོའི་སྐར་མ་ཙམ་དུ་སྣང་ངོ།།
           ཆེས་བརྗེད་དུ་མེད་པ་ནི་ན་ནིང་གི་ལུགས་རྙིང་ལོ་གསར་གྱི་སྐབས་ཡིན་ཏེ།  དགུན་གནང་གི་སྐབས་སུ་ཁོ་རང་ཕ་ཡུལ་ལ་ལོག་དུས་ཟི་ལིང་ནས་ཉིན་གཉིས་གསུམ་ཙམ་གྱི་རིང་ལ་ང་ཚོ་ལྷན་དུ་བསྡད་དེ་གླེང་མོལ་སྣ་ཚོགས་བྱས།དེ་དུས་ངས་ཁོ་ལ“ལོ་འདི་འགར་དུས་དེབ་སྟེང་ཁྱེད་ཀྱི་སྙན་ངག་མཐོང་རྒྱུ་མི་འདུག་པ་ཅིའི་ཕྱིར་ཡིན”ཞེས་དྲིས་པ་ན།ཁོས་ལན་དུ“སྙན་ངག་ཁ་ཤས་བྲིས་ཡོད་མོད་རྒྱུ་སྤུས་དེ་འདྲ་མི་ལེགས།ཕྱིར་སོང་ན་སྙན་ངག་ཡག་པོ་འགའ་འབྲི་ཨེ་ཐུབ་ལ་འབད་རྒྱུ་ཡིན”ཟེར།ངས་མུ་མཐུད་དུ“དཔེ་ཆར་བལྟ་བཞིན་ཨེ་ཡོད”ཅེས་དྲིས་པར་ཁོས་ཡུས་ཆིའུ་ཡུས་ཀྱི་ལྷུག་རྩོམ་སྐོར་ཞིག་ལ་བལྟས་པས་ཕན་ཅུང་ཟད་ཐོགས་སོང་ཚུལ་ལབ་བྱུང༌།རྗེས་སུ《ཆབ་མདོའི་ཚགས་པར》སྟེང་ལ་ཆེད་དུ་བདག་ལ་བྲིས་པའི་སྙན་ངག་ཅིག་བཀླགས་རྒྱུ་བྱུང་བས་ཁོ་བོར་དགའ་སྤྲོ་ཚད་མེད་སྐྱེ་མྱོང༌།ཁོ་རང་ཆབ་མདོར་སྐྱོད་སྐབས་ང་ཚོ་ཡང་བསྐྱར་ཟི་ལིང་ནས་འཛོམས་ཏེ་ཉིན་གཉིས་ཀྱི་རིང་ལ་ལབ་གླེང་འདྲ་མིན་སྣ་ཚོགས་བྱས་ཤིང༌།མེ་འཁོར་སྟེང་འབུད་སྐབས་ཁོས་ང་ལ་ཁྱོད་ཀྱང་ང་དང་འགྲོགས་ནས་ལྷ་སར་འགྲོ་ཟེར།ངས་ཆང་ཅུང་ཙམ་འཐུང་ཡོད་པའི་ངར་ལ་བསྟེན་ནས་འགྲོ་ན་འགྲོ་ཞེས་རླུང་འཕྲིན་ཁང་གི་མདོ་འཛིན་པ་ཚེ་བཀྲས་འགྲོ་རོགས་བྱས་འོག་སྤ་སེ་ཉོས་མེད་ཀྱང་ཁོའི་དགེ་གྲོགས་ཚོ་དང་ལྷན་དུ་མེ་འཁོར་ལ་བུད་དེ་ལྕགས་ལམ་དུ་ཞུགས། ལམ་དུ་བཟི་དྭངས་རྗེས་གཅིག་ནས་ཆུང་མ་སོགས་ལ་བརྡ་བརྒྱབ་མེད་པ་དང་གཉིས་ནས་ལས་ཁུངས་ལ་གནང་བ་ཡང་ཞུས་མེད་པས།འདི་ལྟར་སོང་ན་འགྲིག་ མིན་ཁོ་ཚོར་གྲོས་བྱས་པ་ན་ཚང་མས་དེས་ན་གཏེར་ལེན་ཁ་ནས་འབབ་རྒྱུ་བྱེད་ཟེར།གཏེར་ལེན་ཁ་ནས་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གིས་ང་ཚོར་སྣེ་ལེན་གང་ལེགས་བྱས་ཤིང་དགའ་དགའ་སྤྲོ་སྤྲོའི་ངང་གྱེས་ཕྱག་ཕུལ་རྗེས་རང་རང་སར་ལོག་པ་ཡིན།
   ད་ལོའི་ཟླ་བདུན་པའི་ནང་སྐྱབས་ཆེན་ངེད་གཉིས་ཀྱིས་རྩ་འཛུགས་བྱས་ནས་སྐབས་དང་པོའི་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་བགྲོ་གླེང་འདུ་ཚོགས་བསྡུ་སྐབས་ས་ཐག་རིང་བའི་དབང་གིས་ངས་ཁོ་ལ་བརྡ་མ་བརྒྱབ།རྗེས་སུ་ཁོས་དྲ་བ་ལས་གནས་ཚུལ་གསལ་བོ་དེ་ཤེས་རྗེས་ང་ལ་བརྡ་མི་རྒྱག་དོན་ཅི་ཡིན་ཟེར།ངས་བརྡ་བརྒྱབ་ཀྱང་ཁྱེད་རང་ཐོན་མི་ཐུབ་པས་བརྡ་བརྒྱབ་མ་བརྒྱབ་ལ་ཁྱད་པར་ཅི་ཡོད་ཅེས་བཤད་པ་ན།ཁོས་ཐེངས་རྗེས་མར་ཁོ་རང་ཅིས་ཀྱང་འབོད་དགོས་ཚུལ་དང་ཁོ་རང་ཐབས་བརྒྱ་ཇུས་སྟོང་སྒོས་ཡོང་ཐབས་བྱེད་རྒྱུ་ཡིན་ཚུལ་སོགས་ལབ་པས་ང་རང་ཡིད་འགུལ་ཐེབས་པར་བྱས།འདི་ལས་ཁོས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་ཡང་རྟོགས་ཐུབ་བོ།།
      ཁོས་ང་ལ་བཤད་པའི་ཆེས་མཇུག་མཐའི་སྐད་ཆ་ནི།“ཚེ་བཀྲ།དོ་ནུབ་ངས་ཁྱོད་ཧ་ཅང་དྲན”ཞེས་པ་སྟེ།དེ་ནི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་ཁ་པར་ལས་བརྡ་འཕྲིན་བཏང་ཡོང་བ་རེད།ད་ནི་འདི་དག་ཡོད་ཚད་ཕྱིར་དྲན་གྱི་གཙང་ངོགས་སུ་གཏན་དུ་ལུས་སོང༌།འདི་ནི་ང་དང་ངའི་གྲོགས་མཆོག་དམ་པ་འབའ་སེང་སྨྱོན་བར་གྱི་འབྲེལ་འདྲིས་བྱས་པའི་བརྒྱུད་རིམ་རགས་ཙམ་ཡིན་ལ།ཡང་གཅིག་བཤད་ན་འདི་དག་ཡོད་ཚད་གཞན་རྣམས་ལ་འབྲེལ་བ་སྤུ་ཙམ་ཡང་མེད་ཀྱང་སྲིད་མོད།ང་རང་ལ་མཚོན་ན་ཆེས་བརྗེད་དུ་མེད་པའི་རྩོམ་གྲོགས་ཤིག་དང༌།ཆང་གྲོགས་བཟང་བོ་ཞིག གྲོགས་མཆོག་དམ་པ་ཞིག་སྐར་མདའ་བཞིན་སྐད་ཅིག་མའི་ཡུན་ལ་མི་སྣང་བར་ཡལ་བ་ཡིན་པས།ད་ལྟ་ཁོ་བོའི་སེམས་པ་འདི་སྡུག་གིས་མནར་ནས་ཡོད་ལ་སླར་མཇལ་གྱི་སྟོང་བསམ་ཞིག་ཀྱང་བཅངས་ཡོད་མོད།འོན་ཀྱང་ད་ནི་ཡོད་ཚད་ཀྱི་ཡོད་ཚད་འདི་ལྟར་མཇུག་བསྡུས་སོང་བ་རེད།
      བདེ་མོ་བྱོས།བདག་གི་གྲོགས་པོ།ཁོ་བོས་ནམ་ཡང་ཁྱེད་རང་བརྗེད་མི་སྲིད།ཁྱེད་ཀྱི་གྲོགས་པོ་ཚོས་ཁྱེད་རང་ནམ་ཡང་བརྗེད་མི་སྲིད།
                                                                                                            ཁྲི་སེམས་དཔའ་ནས་ཟླ9བའི་ཚེས5ཉིན་ཟི་ལིང་དུ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་གྲོགས་མཆོག་དམ་པ་འབའ་སེང་སྨྱོན་ལ་མྱ་ངན་ཞུ་བ།

2008-10-29 ཁྲི་སེམས་དཔའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།