ཕ་ཡུལ་གྱི་ལྕང་མའི་སྡོང་རྒན།

        ང་རང་ཕ་ཡུལ་དང་བྲལ་ནས་ལོ་ངོ་ཉི་ཤུར་ཉེ་བ་ཙམ་འགོར་བ་དང་།དུས་ཡུན་འདིའི་ནང་ངའི་དུས་ཚོད་མང་ཆེ་ཤས་ནི་ཤེས་བྱ་འཚོལ་བའི་ཕྱོགས་ལ་བཀོལ་བ་སྟེ་མཚོ་ལྷོ་དང་ཟི་ལིང་།ལན་གྲུ།པེ་ཅིན་སོགས་ཀྱི་སློབ་གྲྭ་ཆེ་མ་ཆུང་འབྲིང་ནས་རིག་པའི་གནས་ཀུན་ལ་འཇུག་གང་ཐུབ་བྱས།ཡིན་ནའང་།ཚེ་སྔོན་ལས་ཀྱི་བག་ཆགས་ཀྱི་རྐྱེན་ནམ་ཅི་སྟེ་བསླབ་འབྲས་ཡིད་ཚིམ་པ་དཀར་ཞིང་གསལ་བའི་ཟླ་བ་ལྟ་བུ་ཞིག་ད་ལྟའང་སྟོན་རྒྱུ་མ་བྱུང་བར་རྒྱུ་སྐར་ལྟར་མོག་མོག་གི་ཚུལ་དུ་ལུས་འདུག་མོད།<<སྙན་ངག་མེ་ལོང>>ལས།གལ་ཏེ་སྔོན་གྱི་བག་ཆགས་ཡོན་ཏན་གྱི།།རྗེས་འབྲེལ་སྤོབས་པ་རྨད་བྱུང་མེད་ནའང་།།ཐོས་དང་འབད་པ་དག་གི་ངག་བསྟེན་ན།།ཇི་ཞིག་ལྟར་ཡང་ངེས་པར་རྗེས་འཛིན་བྱེད།།ཅེས་པ་དང་།སྤྱོད་འཇུག་ཏུའང་།གོམས་ན་སླ་བར་མི་འགྱུར་བའི།།དངོས་དེ་ནམ་ཡང་
ཡོད་མ་ཡིན།།ཞེས་པ་བཞིན་བློ་གོམས་པའི་རྗེས་སུ་འཇུག་པའི་ཆོས་ཉིད་ལྟར་ང་རང་རྩོམ་རིག་གི་ལས་ལ་ཤིན་ཏུ་མོས་ཤིང་དད་པའི་ཚུལ་གྱིས་བརྩོན་འགྲུས་ཀྱི་ཉ་མོ་ཡུན་རིང་དུ་གསར་རྩོམ་གྱི་མཚོ་མོར་ཞུགས་པས།ད་ནི་ཀློག་པ་པོ་ཁ་ཅིག་ལ་རིན་ཐང་ཆུང་སྲིད་ཀྱང་ཁོ་བོས་བསམ་པ་བཟང་བའི་འོ་མཚོ་ལན་བརྒྱ་དཀྲོགས་ལས་ཐོན་པའི་ལེགས་སྐྱེས་ཆུང་ཆུང་ཞིག་ནམ་ཡང་སྤྱི་བོའི་གཙུགས་ནས་བཏེགས་འདུག ད་རེས་དེབ་ཆུང་འདིའི་སྒྲིག་པ་པོ་གང་གིས་མཐུན་རྐྱེན་གང་ལེགས་སྐྲུན་པའི་གླགས་གཡར་ནས།ངས་ཀྱང་རང་ཉིད་རྩོམ་རིག་གི་ལམ་དེར་ཇི་ལྟར་ཞུགས་པ་དང་སོང་བའི་གནས་ཚུལ་དེ་སྔ་ཁོ་བོར་ཐུགས་ཁུར་དང་རོགས་རམ།རྒྱབ་སྐྱོར་བཅས་གནང་མྱོང་བའི་སློབདཔོན་དང་གྲོགས་པོ།ཀློག་པ་པོ་དག་གི་སྤྱན་ལམ་དུ་ཡི་གེར་འགོད་འདོད་མོད།འོན་ཀྱང་།བསམ་བློ་ཇི་ལྟར་བཏང་ཡང་ཕྱིར་དྲན་གྱི་ཞགས་པར་ཚུད་པ་ནི་ཕ་ཡུལ་གྱི་ལྕང་སྡོང་དེས་ངའི་མི་ཚེ་དང་གསར་རྩོམ་བཅས་ཕྱོགས་སོ་སོར་སྨྲ་མི་ཤེས་པའི་དོན་སྙིང་ཞིག་ཡོད་པ་ཡིན།

ཕུགས་རིང་ལ་ཀྱག་ཀྱོག་མང་པའི་ལུང་གཞུང་དུ་ཡུར་ཆུ་གསུམ་ཙམ་འདྲེས་ཡོད་པའི་གྲམ་ཆུ་རན་པ་ཞིག་དབྱར་དགུན་སྟོན་དཔྱིད་མེད་པར་ངལ་བ་ཧུར་དུ་ལེན་པ་ནི།ཡུལ་འདི་གའི་མི་ཕྱུགས་ཀུན་གྱི་འཚོ་བར་རོ་བཅུད་སྐྱེད་པའི་རུ་མ་ཉག་གཅིག་ཏུ་གྱུར།ང་ཚོའི་སྡེ་བ་ནི་ཆུ་བོ་འདིའི་གཡོན་ཕྱོགས་ཀྱི་ཁུག་ཞབས་སུ་ཆགས་ཤིང་རྒྱབ་རིར་བརྟེན་པའི་ཚག་རྩེ་ལ་དེའི་དཔས་ཤིན་ཏུ་མཐོ་ལ་གཟར་དྲགས་པས། ཞོགས་པའི་ཉི་ཟེར་གྲོང་ཚོའི་ནང་དུ་ཕོག་འཕྱི་བ་དང་ཉི་མའི་དྲོས་ཚོད་འདས་རྗེས་གཏོས་ཀྱིས་སྙེམས་པའི་མདུན་རི་སྟག་ཁ་དམར་བོའང་ཀུན་གསལ་གྱི་དཀྱིལ་འཁོར་ལ་རབ་ཏུ་སྡང་བའི་རྣམ་པ་འཛིན།དེ་ལྟར་སྔ་མོ་ཉི་མ་ཤར་འཕྱི་དང་ཕྱི་དྲོ་ནུབ་སྔ་བའི་རྐྱེན་ཉིས་ལྡན་གྱི་ཆ་ནས་གཞན་དག་གིས་སྨོན་པའང་ཟུར་ཟའི་སྒོ་ནས་ཉི་མའི་འོད་ཟེར་མཐོང་མི་ཐུབ་པའི་ལུང་བ་ཞེས་འབོད་པའང་ཕྱིས་སུ་ཚིག་བསྡུ་བརྒྱབ་ནས“ཉི་མ་ལུང་”དུ་འབོད།སྡེ་བའི་ལྟག་རྒྱབ་ཏུ་བྲག་ཤར་ཞིག་མཆིས་པ་ལས།དྭངས་ཤིང་གསལ་བའི་ཆུ་ཕྲན་ཞིག་ལྷང་ལྷང་དུ་གྲོང་སྡེ་འདི་ཡི་སྙིང་གི་ཐིག་ལེར་འབབ་པ་སོ་སོས་བཏུང་ཆུར་སྤྱོད།ཆུ་འགྲམ་དུ་ལྕང་སྡོང་ཤིན་ཏུ་ཆེ་བ་ཞིག་སྐྱེས་འདུག་པ་དང་ཚང་ཚིང་སྟུག་པོར་རྒྱས་པའི་ཡལ་འདབ་ཀྱི་གྲིབ་མས་གཡུལ་ཁའི་རྒྱ་ཁྱོན་ཟིན་པའི་ས་ལ་བསིལ་འཁོར་འདུགཕར་བལྟས་ཚོད་ཀྱིས་མི་ལྔ་ཙམ་གྱི་ལག་པ་མ་སྦྲེལ་ན་དཀྲིས་སུ་མི་ཤོང་བའི་སྡོང་བོ་ཞིག་ངེད་ཚང་གི་སྒོ་ཁ་དང་གོམ་པ་བཅུ་ཕྲག་གིས་ཆོད་པའི་ས་དེར་གཏན་ཚུགས་ཀྱི་རྩ་བ་གནའ་ནས་ཟུག་ཡོད་པ་མ་ཟད།ཁྱིམ་འདིའི་ཕ་མེས་ཡང་མེས་ཚོས་ཚེ་ཐར་དུ་གཏོང་བའི་ཆོ་ག་ཐེངས་མང་པོར་བསྒྲུབས་པ་དང་དེའི་བདེ་འཇགས་ལ་སྲུང་སྐྱོབ་གནང་པས། མི་རྣམས་ཀྱིས་རང་ཤུགས་སུ་ངེད་ཚང་ལ“སྡོང་རྒན་ཚང་”ཞེས་འབོད་པ་སྲོལ་ཏུ་གྱུར་འདུགདོན་དམ་པར་སྡོང་རྒན་དེ་ངེད་ཚང་གཅིག་པུའི་ཡིན་ག་ལ་སྲིད།མི་ཀུན་གྱི་བསམ་བློར་སྡོང་རྒན་དེར་ཀླུའི་རྒྱལ་བོའི་ཐུགས་རྒྱུད་ཡོངས་སུ་མངའ་བར་དད་དེ་གུས་བཀུར་དང་ཡིད་རྟོན་བྱེད་པའི་ཕྱིར་སྔ་རབས་པ་རྣམས་ཀྱིས་གཏན་འབེབས་མཛད་པའི་ལྷ་བསང་ཀླུ་གསོལ་བགྱིད་པའི་དུས་མཆོད་སླེབས་ཚེ།དེ་ལྟར་དུ་ཆོ་གའི་བྱེད་སྒོ་ཡངས་པའི་ཤུལ་ལམ་དུ་ཞུགས། དེར་བརྟེན་སྡེ་བ་ཕྱི་ནང་གི་མི་ལ་ལས་གྲོང་ཚོ་འདི་ལ་ཀླུ་སྡོང་ནང་ངམ་སྡོང་རྒན་ཚང་ཞེས་འབོད་དོ།།     
             
ལྕང་སྡོང་ཆེན་པོ་ནི་སྡེ་བའི་ནང་དུ་ན་བགྲེས་ཁུར་གྱིས་ལྕི་བ་དང་ཆེས་རྒན་རབས་པའི་ཐ་སྙད་ཀྱི་དོ་ཤལ་མ་མཐོར་བར་རྒྱན་དུ་འཛིན་པ་ཁོ་ན་སྟེ།ས་འདིར་བྱུང་བའི་དོན་མཐའ་དག་ཇི་མ་ཇི་བཞིན་དུ་མཐོང་མྱོང་བའི་དཔང་བོ་བསྙོན་དུ་མེད་པ་ཞིག་ཡིན།དེའི་རྩ་ལག་རྒྱས་ནས་ས་གཞི་དང་།སྐེད་པ་རྒྱས་ནས་བར་སྣང་།ཡལ་འདབ་རྒྱས་ནས་ནམ་མཁར་བཀང་བཞིན་གཡོ་བ་མེད་པར་འགྱིང་པས་མི་རྣམས་ལ་ཤིང་སྡོང་ཕལ་བ་ཞིག་མིན་པའི་སྣང་འཆར་ཟབ་མོ་ཞིག་སྟེར་བ་རེད།ཚ་གདུང་དྲག་པོས་གཟིར་པའི་དུས་སུ་སྡོང་རྒན་གྱིས་ཁོད་ལ་སྙིང་དུ་སིམ་པའི་བདུད་རྩིའི་བསིལ་སྣུམ་སྦྱིན་ནུས་ལ།དགའ་བདེའི་དཔལ་ལ་མྱོས་པའི་སྐབས་སུའང་ང་ཚོར་མ་མའི་བརྩེ་འཛུམ་ལྷུག་པར་སྟོན།གནོད་འཚེ་དང་གོད་ཁ་སོགས་མི་འདོད་པའི་དོན་རྐྱེན་ཐོག་ཏུ་བབས་ཚེ།སྡེ་བ་ཡོངས་ཀྱི་མི་རྣམས་སྡོང་རྒན་གྱི་གམ་དུ་འདུས་ནས་ཡ་ལན་ཇི་ལྟར་བྱེད་པའི་ཐབས་འདོན་དུ་རང་རང་གི་བློ་རིག་ཕྱུགས་པའི་གསང་མཛོད་ཀྱི་སྒོ་མོ་ཆེ་ཆེར་ཕྱེ་བར་བྱེད།ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་སྡོང་རྒན་ནི་སྡེ་བ་ཡོངས་ཀྱི་མི་ཚང་མའི་སེམས་ནང་དུ་སྤྱོད་པ་མཆོག་ཅིང་བློ་རིག་གསལ་བའི་སྡེ་དཔོན་ཞིག་གི་སྣང་བརྙན་དུ་གྱུར་ཡོད།དགའ་སྐྱིད་ལྡན་པའི་དུས་ཆེན་དང་སྟོན་ཐོག་ཏུ་གླུ་དབྱངས་རྩེད་མོ་བྱེད་སྐབས་ཚང་མས་རང་རང་གི་མགྲིན་པ་གཟེངས་སུ་བཏེགས་ནས་དེར་བསྟོད་ཚིག་འདི་ལྟར་འབུལ་བ་སྟེ།ཡ།ད་མཆོད་དོ་མཆོད་དོ་ཀླུ་ལ་མཆོད།།ཀླུ་རྒྱལ་བོ་གཙུག་ན་རིན་ཆེན་མཆོད།།དབུ་གཙུགས་རལ་བའི་ཐོག་ལྕོག་ཏུ།།རྒྱས་པའི་རྟེན་འབྲེལ་ཀླུ་སྡོང་མཆོད།།གཉན་པོ་ཚག་རྩེ་ལ་ཡི་སྲུང་མ་ཉིད།།ཉི་མ་ལུང་ལ་གནས་པའི་ས་བདག་མཆོད།།ཞེས་ངང་རྒྱུད་འཇམ་ཞིང་དད་མོས་ཆེ་བའི་སྔ་རབས་པ་རྣམས་ཀྱི་གཏམ་བཤད་མུ་ཏིག་དཀར་པོ་འདི་སྐྱེས་ཕོ་མོ་ཡོངས་ཀྱི་རྣ་བའི་བཅུད་དུ་གྱུར་འདུག ང་སྡོང་ཆེན་པོ་ནི་མཐོ་ཞིང་རྔམ་བརྗིད་ལྡན་པའི་ངང་སྡེ་བའི་དཀྱིལ་ཐིག་ཏུ་ཀྲོང་ངེར་ལངས་ཡོད་པས།ཕྱོགས་བཞི་མཚམས་བརྒྱད་ནས་འོངས་པའི་འགྲུལ་བ་རྣམས་ཀྱིས་ས་གང་ནས་བལྟས་ཀྱང་ཐོག་མར་སྡོང་བོ་འདི་མཐོང་ཐུབ་པ་དང་དེ་ཚོར་སྔོན་བསུ་གནང་མཁན་ཡང་ཀླུ་སྡོང་རང་ཡིན།རྒྱང་རིང་ནས་འོང་བའི་རང་གི་བུ་བུ་མོ་དང་ཁོ་ཚོའི་གྲོགས་པོ་བཅས་ལ་ངལ་བའི་རྣམ་འགྱུར་ལས་བྲལ་ཏེ་ཞལ་ཁྱིམ་འཛུམ་མུལ་མུལ་གྱིས་རེ་སྒུག་དང་སྣེ་ལེན་གནང་།ངག་རྒྱུན་དུ་བརྒྱུད་པ་ལྟར་ན་ལྕང་སྡོང་ཆེན་པོ་འདི་ལ་མ་མཐའ་ཡང་ལོ་ལྔ་བརྒྱ་ཟིན་པའི་དགུང་ལོ་མཐོན་པོ་ཡོད་ཟེར།ང་རང་ལ་ཆ་རྒྱུས་ཡོད་པ་ནས་བཟུང་སྡོང་རྒན་གྱི་བཤད་རྒྱུན་དང་གཏམ་རྒྱུད་ཚར་དུ་དངར་བ་དེ་ཐོས་མྱོང་མོད།སྔོན་དུས་བྱུང་བའི་གཏམ་གྱི་མདུད་རྒྱ་དེ་ཇི་མ་ཇི་བཞིན་དུ་འགྲོལ་མི་ནུས་ནའང་།ང་རང་གིས་མངོན་སུམ་དུ་མཐོང་བའམ་བརྒྱུད་མྱོང་བའི་དོན་དག་འགའ་རེ་གཞར་ཡང་བརྗེད་དཀའ་བར་གྱུར།ངས་ཆུང་དུས་སུ་རྡོ་ཁ་འཕེན་རྒྱུ་དང་སྡོང་བོར་འཁྱུད་དེ་བྱིའུ་ཚང་སློག་པ་བཅས་པྲ་ཚག་གི་ལས་ལ་ཤིན་ཏུ་དགའ་བོ་བྱས།ལྕང་སྡོང་ཆེན་པོ་དེ་འང་སྤྱིར་བཏང་གི་སྡོང་བོ་དང་གཏན་ནས་མི་འདྲ་སྟེ་ཡལ་གའི་སྟེང་དུ་བལ་མདའ་དང་གོས་དར།ཁ་བཏགས་སྙིང་ཧྲུལ་མང་པོ་བཏགས་ཡོད་པ་མིག་ལ་འཚེར་ཞིང་འོག་ཞོལ་དུ་ཟངས་སེར་བླུགས་མའི་དྲིལ་བུ་ཆ་གཅིག་སོ་སོར་ཕྱོགས་གཉིས་སུ་རྣ་བའི་འཕྱང་འཕྲུལ་དུ་བརྒྱན་པ་དེ་ནམ་ཡང་མིའི་རྩོལ་བ་དང་བྲལ་ཏེ། བསེར་མ་རླུང་གི་སྐུལ་ཤུགས་ལ་བརྟེན་ནས་སྒྲོག་འོངས་པའི་གདངས་སྙན་མི་རྣམས་ཀྱི་སྙན་ལམ་དུ་ལྷུང་ནས་ལྷན་ཅིག་ཏུ་ནམ་མཁའི་དབྱིངས་སུ་ཡལ་བར་གྱུར།སྡོང་རྒན་ནི་སྡེ་མི་དཀྱུས་མ་རྣམས་ལ་དེ་འདྲའི་ལྷག་བསམ་ལྡན་པར་མ་ཟད།བྱིས་པ་དག་ལ་མཚོན་ནའང་མེད་མི་རུང་བ་ཞིག་སྟེ།ཁོའི་སྐྱེས་ས་སྡེ་བའི་དཀྱིལ་དང་ཡང་ན་ཉིན་གང་བོར་མཐའ་འཁོར་དུ་བསིལ་གྲིབ་ཡོད་པའི་རྐྱེན་གང་ཡིན་པ་མི་ཤེས་ཏེ།སྡེ་བའི་བྱིས་པ་ལམ་དུ་ཞུགས་ཐུབ་པ་ཞིག་ཡིན་ཕྱིན་ཕྱོགས་ཕྱོགས་ནས་ཡོང་སྟེ་“རྩེ་ར”དེ་དམིགས་སུ་བཟུང་ཞིང་།དེའི་འོག་ཏུ་འདུས་ནས་སྐོར་སྐོར་གྱིས་རྩེད་མོ་ཡིས་དུས་འདའ་བར་བྱེད།སྡེ་བའི་རྒན་རྒོན་ཆེ་ཆུང་ཀུན་གྱིས་ཀླུ་སྡོང་འདིར་སྲུང་སྐྱོང་དང་བཀུར་སྟི་བྱས་ཏེ་མེད་དུ་མི་རུང་བའི་སྡེ་བའི་རྒྱན་ཆ་ཞིག་ཏུ་རྩིས།ཡིན་ནའང་དུས་རབས་ཀྱི་ཆར་རླུང་དྲག་པོ་ཐེབས་པའི་ཀླུ་སྡོང་འདིའི་གཟི་སྟོབས་ལྡན་པའི་ལུས་པོར་སྐྱོ་སྡུག་གི་རྨ་ཤུལ་འཇའ་འཇུར་དུ་ཐོན་ཞིང་།རེ་ཞིག་ཁོའི་སྐྱེས་སྟོབས་ཀྱི་གཟི་དཔལ་འཕྲོག་ཅིང་ཉམས་དམས་སུ་བཏང་།ལྟོས་དང་།ས་ངོས་ལས་ཁྲི་གང་ཙམ་མཐོ་བའི་མཚམས་དེར་མེས་གཞོབ་རོག་ཞིག་མངའ་བ་དང་གཞན་ད་དུང་སྡོང་བོའི་ཡལ་གའི་ཁྲོད་དུ་ལག་ཆ་རྣོན་པོས་བཅད་པའི་རྟིང་མ་དང་ལ་ལར་མེའི་འཚིག་རོ་ལུས་ཡོད་པ་དེང་སང་གསལ་བོར་མངོན་ཞིང་།བཅད་པའི་ཡལ་ག་ནི་ང་བརྒྱད་ལོར་ཟ་ཁང་ཆེན་མོ་གཉེར་སྐབས་སུ་བུད་ཤིང་བྱས་པ་དང་མེས་བསྲེགས་པའི་ཡལ་འདབ་དེ་དག“རིག་གསར་གསར་བརྗེ”ནང“རྙིང་བཞི”གཏོར་དུས་ལྷ་འདྲེ་གདོན་བགེགས་སུ་བརྩིས་ནས་མེར་བསྲེགས་པར་གྲགས་མོད།འོན་ཀྱང་།སྡོང་རྒན་དེ་དུས་དང་རྣམ་པ་ཀུན་ཏུ་བརྟན་ཞིང་གཡོ་བ་མེད་པར་ངོ་བོ་མདངས་གཅིག་འཛིན་པའི་ཡངས་ཤིང་དཀྱེལ་ཆེ་བའི་གསེར་ལྡན་དགའ་མས་བརྩེ་བའི་བརླན་གྱིས་མ་བཏང་བར་བརྟེན།སྡོང་བོའི་རྩ་བ་སྐྱེས་བཅུད་ཀྱིས་ཕྱུག་པ་དང་ཡལ་འདབ་རློན་ཚད་ཆེ་བ་ལས་གཞན་རི་རླུང་གི་རྒྱག་ཕྱོགས་ཀྱང་མི་སྙོམས་པས།སྐབས་ཤིག་ལ་འུར་འུར་ཆོམ་ཆོམ་དུ་མཆེད་པའི“མེ་དཔུང”དེས་ལྕང་སྡོང་མནར་ན་ཡང་ཁོའི་སྐྱེས་སྟོབས་ལྡན་པའི་ཚེ་སྲོག་ལ་གནོད་པ་ཅི་ཡང་གཏོང་མ་ཐུབ་པ་རེད།ད་ནི་ལྕང་སྡོང་ཆེན་པོས་ཁ་བའི་དུས་ཀྱི་འཁྱགས་རྒྱུན་ལ་འཁང་ར་བྱས་ནས་རང་གི་ལང་ཚོ་ཆུད་ཟོས་ལམ་དུ་མི་གཏོང་པར།སྤྲོ་སེམས་རྣམ་པར་ཁེངས་པའི་ངང་དཔྱིད་ཀྱི་དཔལ་ཡོན་སླེབས་པར་བསུས་ཤིང་རེ་བའི་ཡལ་འདབ་སྔར་ལས་ཕུན་སུམ་ཚོགས་པར་རྒྱས་པ་དང་གསར་དུ་མངོན་པར་འབད་པའི་ལྕུག་ཕྲན་གཞོན་ནུའི་མཛེས་སྡུག་གིས་སྨྲེ་ངག་འབའ་ཞིག་འདོན་པའི་ཚ་གདུང་ཡོངས་སུ་འཇིལ་བའི་དཔལ་འདི་རྨད་ཨང་།
       
ང་ཕ་ཡུལ་དུ་ལོག་ཐེངས་རེར།ལྕང་སྡོང་ཆེན་པོའི་ཉེ་འགྲམ་བརྒྱུད་ནས་འགྲོ་དགོས་པ་དང་།ལྕང་སྡོང་ཆེན་པོ་བརླིང་ཞིང་ལྷུན་ཆགས་པ་རྒན་པ་ཞིག་དང་མཚུངས་ཏེ།གཞན་ལས་ལྷག་པའི་སྒྲ་སྒྲོག་དང་སྒེག་ཉམས་མི་ངོམ་ནའང་།ཤིན་ཏུ་དུང་བའི་ངང་ང་ལ་འཛུམ་ཤིག་ཤིག་གིས་གླེང་མོལ་གནང་ནས་ཕ་ཡུལ་ལ་འཕོ་འགྱུར་བྱུང་བའི་གནས་ཚུལ་ངོ་སྤྲོད་མཛད།དུས་ཤིག་ཏུ་བྱིས་པ་རྣམས་ཀྱི་ལག་རྡོའི་འབེན་དུ་གྱུར་བའི་དྲིལ་བུས་ཀྱང་སྙན་ཞིང་འཇེབས་པའི་ངག་གིས་ང་ལ་དཀའ་ལས་འོ་བརྒྱལ་མ་མྱངས་ངམ་ཞེས་པའི་འཚམས་འདྲི་གནང་བྱུང་བ་དེ་འདྲའི་མཛའ་ཞིང་བརྩེ་བ་ཞིག་རེད་ཨང་།དེ་ཚེ་ངའི་སེམས་ནང་དུ་བརྩེ་དུང་གི་རླབས་ཆུ་ཕྲེང་བར་རྒྱུགས་ཅིང་ལྕང་སྡོང་ཆེན་པོ་འདི་ཉིད་ཉི་མ་ལུང་གི་དྲིན་མོ་ཆེར་རློམ་ཞིང་ཁོང་གི་བུ་དང་བུ་མོ་སྡོང་བའི་ལོ་མ་ལྟར་བགྲང་གིས་མི་ལང་ལ་དེའི་ལོངས་སྤྱོད་ཡལ་འདབ་ཀྱི་རྫོང་ལས་ཕྱུག་པ་དང་བདེ་སྐྱིད་ཀྱི་འཚོ་བ་སྡོང་རྒན་ལས་བརྟན་ཞིང་མཐའ་ཆུ་བོ་ལས་རིང་བ་ཐེ་མི་ཚོམ་པར་མ་ཟད།སྡོང་རྒན་ཉིད་ནི་ས་དེ་གའི་མི་དམངས་ཀྱི་མཚོན་བྱེད་དུ་གྱུར་འདུག།སེམས་ལ་འདི་ལྟར་དྲན་བཞིན་ངའི་བསམ་པའང་ཆུ་རྒྱུན་ལ་བསྟུན་ནས་སྡོང་བོའི་ཕྱོགས་སུ་རྒྱུགས་སོང་།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་གྱི་ལྕང་མའི་སྡོང་རྒན།

2009-05-29 རྣམ་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།