ངུར་སྨྲིག་གི་རང་མདངས།

 ངུར་སྨྲིག་གི་རང་མདངས་དེ་ནམ་ཡང་ལོ་རྒྱུས་ཀྱི་གས་སྲུབས་ལས་འབོར་མ་མྱོང་།
 ངུར་སྨྲིག་གི་རང་མདངས་ལ་བརྒྱུས་པའི་ང་ཚོའི་འདས་སོང་གི་ལོ་ཟླ་རིང་མོ། དེ་རིང་ཡང་དེ་ལས་མ་འདས་སོ།།
  ཡུལ་ཤུལ་གྱི་ས་ཡོམ་ཁྲོད་ན་མར་མེ་ཚེ་འབར་བཞིན་ཡལ་མ་མྱོང་བའི་ངུར་སྨྲིག་གི་སྡེ། སྤང་ལ་འཇའ་ཚོན་བཞིན། ཞོགས་པའི་ཉི་གཞོན་བཞིན། སྐད་ཅིག་ལ་གསལ་ལམ་མེར་བཀྲ་བྱུང་། དྲོད་ལམ་མེར་གྱུར་སོང་།
   ས་རྡུལ་དང་དུད་སྨུག་གིས་བཏུམས་པའི་ནམ་མཁའ། སེར་གས་སྡོམ་དྲ་འཐེན་པའི་བཀྲ་ཤིས་རྩྭ་ཐང་། བེམ་པོ་དང་གོག་རལ་གྱིས་ཁེངས་བའི་གེ་སར་ཐང་ཆེན། འོ་དོད་དང་མིག་ཆུའི་ཀློང་ན་ལུས་པའི་ཨ་ཁུ་དང་ཨ་ནེ་དང་། མི་ཚེའི་ཕུགས་བསམ་གྱི་གཤོག་ཟུང་བསྣད་པའི་རིགས་མཐུན་གཞོན་ནུ་དར་མ་རྣམས་སོགས་སྐབས་དེ་ནི་ཇི་འདྲའི་འཇིགས་སུ་ཡེར་བ་ཞིག་རེད་ཨང་། དེ་ལོས་ཡིན། ཡིན་པ་ནི་ང་ཚོ་དེ་འདྲའི་ལུས་ཀྱི་བ་སྤུ་གཟེངས་བར་བྱེད་པའི་རང་བྱུང་གནོད་འཚེ་ལ་འཕྲད་མ་མྱོང་བས་ཡིན་སྲིད། དེ་དག་གི་ཁྲོད་ན་ལག་ཟུང་ཁོ་ནར་བརྟེན་ནས་སྟོབས་ཤུགས་ཀྱི་ལེགས་སྐྱེས་འབུལ་གྱིན་པའི་དཔའ་བོ་དེ་དག་ནི་སུ་ཞིག་ཡིན་ནམ། དབྱར་ཟླ་དྲུག་པར་མེ་ཏོག་བཞད་པ་ལྟ་བུའི་ངུར་སྨྲིག་གི་སྡེ་དེ་ནི་གང་ཞིག་རེད་ཨང་། འོ། དེ་ནི་གཞན་གང་ཡང་མ་ཡིན་པར། ནམ་རྒྱུན་ཞི་དུལ་བག་ཡོད་དང་ཆོག་ཤེས་སྤྱོད་བཟང་གིས་ཁ་ཏོན་དགེ་སྦྱོར་བརྩོན་པ་དང་རིག་པའི་བདུད་རྩི་ཧུབ་ཀྱིས་འཐུངས་བའི་རབ་བྱུང་བའི་སྡེ་མ་ཡིན་ནམ།
   ཤན་ཐབས་ལ་རྡོག་པ་བརྒྱབ། གཟན་སྣེ་སྐེད་ལ་དཀྲིས། ཕྱག་ཕྲེང་མཁྲིག་མར་བསྐོན།སོར་གང་ཙམ་ལས་མེད་པའི་དབུ་སྐྲ་དང་ནག་ཀྱུག་གེར་གདའ་བའི་སྨིན་མ། ད་དུང་སྨུག་མདངས་མ་ཡལ་བའི་ཞལ་རས་དང་ཞལ་སྒྲོས་སོགས་ནི་ས་རྡུལ་གྱི་བ་མོས་རབ་ཏུ་བརྒྱན་འདུག ཁྲག་མདངས་མངོན་པའི་སྤྱན་ཟུང་ལས་འཇིགས་སྐག་དང་ཞེད་སྣང་མ་ཡིན་པའི་སྙིང་རྗེ་དང་སྨོན་འདུན་གྱི་འོད་ཞགས་རྣོན་པོ་ཞིག་ག་ལེར་ང་ཚོའི་སྙིང་དུ་ཟུགས་འོངས།
ང་ཚོའི་སྙིང་ལ་བདེ་དྲོད་ཞིག་རིམ་གྱིས་སྟེར་ངེས། ང་ཚོའི་མིག་མཐའ་ལ་མཆི་ཞགས་ཤིག་ཡུན་གྱིས་འཁོར་ངེས། ང་ཚོའི་ཀླད་པའི་ནང་དུ་ཚར་རྒྱུ་མེད་པའི་འདྲི་རྟགས་རིང་མོ་ཞིག་འཕྲོ་རིམ་འཕྲོར་སྟེར་ངེས།
  ཐབས་ཆག་གི་ཞིང་ཁམས་ཆུང་ཆུང་ཞིག་ལས་འོངས་པའི་ངུར་སྨྲིག་གི་སྡེ་ཡིས། རང་ཉིད་ཀྱིས་ནམ་ཡང་འབོར་མི་ཉན་པའི་བདག་པས་གཞན་གཅེས་ཀྱི་རྩ་དོན་དེ་སྙིང་རུས་ལ་བཏབ་ནས ། ཆེས་སྤྱིར་བཏང་ངམ་ཐབས་ཆག་གི་ལག་ཆ་རེ་ཕྱག་ཏུ་བསྣམས་ནས་གོག་རལ་དུ་གྱུར་བའི་བར་དག་ན་བྲེལ་བྲེལ་འཚབ་འཚུབ་ཀྱིས་ཅི་ཞིག་འཚོལ་བཞིན་ཡོད་དམ། སྔོན་ཐོན་འཕྲུལ་ཆས་ཀྱི་མྱུར་ཚད་དང་ལག་ཆའི་ཟིལ་ཤུགས་མེད་རུང་། ལྷག་བསམ་རྣམ་དག་སྒོས། རང་ནུས་ཅི་ལྕོགས་ཀྱིས་འཇིག་རྟེན་དཀར་ནག་གི་དེ་མཚམས་ན་ལུས་པའི་ཚེ་སྲོག་རྟ་རྔ་འདྲ་བོར་བདག་པོ་བརྒྱབ་ནས་བྱབས་ཁྲུས་བྱས། རྣམ་ཤེས་གཡུ་སྦྲང་འདྲ་བོ་བར་དོར་འཁྱམས་དུ་མ་བཅུག ཡི་གེ་དྲུག་མའི་བསྔོ་སྨོན་གྱི་དབྱངས་རྟ་རིང་པོ་དེས་ཚེ་འཕོས་རྣམས་ལ་ཕྱི་མའི་ལམ་ལམ་བྲོ་གནང་། ཚེ་ཡོད་དག་ལ་བླ་མེད་ཀྱི་བདེ་བ་དང་འཛད་མེད་ཀྱི་སྙིང་རུས་བསྩལ། དེ་ནི་བླ་ན་མེད་པ་ཞིག་རེད་ཨང་། དངོས་ཡོད་ལས་བརྒལ་བའི་སྟོབས་ཤུགས་ཤིག་བར་མེད་དུ་སྦྱིན་ཡོད་ཨང་།
   ཁོ་ཚོས་སྦྱིན་པ་ནི་རྩམ་པ་དང་། མར་ཕྱུར་དང་། གོ་རེ་བསྲེག་མ་དང་། ཉལ་ཐུལ་དང་གོན་པ་དང་། བཏུང་བྱའི་རིགས་སོགས་ཁོ་ན་ཙམ་མ་ཡིན་པར་དེ་དག་ལས་ཀྱང་རིང་དུ་བརྒལ་བའི་རིག་གནས་ཀྱི་སྙིང་སྟོབས་ཤིག་སྦྱིན་ཡོད། ནང་བསམ་པའི་ཐད་དུ་སྟོབས་ཤུགས་འཛད་མེད་ཤིག་གནང་ཡོད་པས་ཡིན། དེ་ནི་ཚེ་སྲོག་ནི་རླུང་ནང་གི་མར་མེ་དང་ནམ་འཆི་ཆ་མེད་ཡིན་པ། མི་སེམས་བརྩེ་བས་དགོས་པ། འདོད་ཡོན་ཀྱི་ལོངས་སྤྱོད་ལ་ཆོག་ཤེས་དང་རང་བྱུང་ཁམས་ལ་གཅེས་སྤྲས་བྱེད་པ་སོགས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྙིང་སྟོབས་ཤིག་བསྩལ་བ་ནི་གཞན་གང་གིས་ཡང་ཟླ་བོར་མ་མཆིས་སོ།། རྒྱུ་མཚན་ནི་ཁོ་ཚོའི་ནང་བསམ་པའི་རྟོག་པ་ནི་ནམ་ཡང་འཇིག་རྟེན་སོ་སྐྱེས་གཞན་ལས་ཁྱད་དུ་འཕགས་པ་དང་འདྲེན་ཡུལ་གྱི་དེ་རིང་ལས་རིང་དུ་འགོངས་པས་ཡིན་སྲིད། ཐབས་ཆག་གི་ལག་ཆ་འགས་ཟུར་བརྒྱན་པའི་སྙིང་སྟོབས་དེ་ནི་ཇི་འདྲའི་སྟོབས་པོ་ཆེ་ཞིག་རེད་ཨང་།
   ངུར་སྨྲིག་གི་སྙིངས་སྟོབས་དེས་ངའི་ཡུལ་ཤུལ་པའི་སྙིང་རུས་སླར་ཡང་བསྐྱེད་སོང་།སང་ཉིན་གྱི་དུས་ཚོད་འདི་ཡིད་ཆེས་ཀྱི་འཛུམ་གྱིས་བསུས་ནས་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་བྱུང་། དགུ་ཚིགས་ཀྱི་ཀློང་བརྡོལ་བའི་གླུ་སྐད་དེ་ཡང་བསྐྱར་གྲགས་དགོས། རྒོད་པོའི་གཤོག་པར་བརྡོར་བར་བྱེད་པའི་གར་སྟབས་དེ་ཡང་བསྐྱར་བསྒྱུར་དགོས། ངའི་ཡུལ་ཤུལ་པ།
   ངུར་སྨྲིག་གི་སྡེ། ལོ་རྒྱུས་ཀྱི་ཡལ་གའི་སྟེང་ནས་འབོར་མ་མྱོང་བའི་ལོ་མ་དམར་པོ་ཞིག ངུར་སྨྲིག་གི་རང་མདངས། གདོང་དམར་པོའི་སེམས་ནས་ནམ་ཡང་ཡལ་མ་མྱོང་བའི་མར་མེ་ཚེ་འབར་ཞིག
                                                                                                                                               20011.4.20ཉིན་ནུབ་བྱང་སློབ་རྭའི་ནང་དུ་བྲིས་སོ།།

རྩོམ་ཁུངས། མར་མེ།༼ལན་ཀྲུ༽

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངུར་སྨྲིག་གི་རང་མདངས།

2011-06-23 ངེད་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།