༼གླིང་དཀར་སྟོད་ཀྱི་བྱམས་པ༽ཞེས་པའི་གློག་བརྙན་ལ་བལྟས་རྗེས།

  གློག་བརྙན་ནི་རང་རེའི་བོད་ལ་མཚོན་ན་ད་ལྟ་མྱུ་གུ་འབུས་བཞིན་པའི་སྒང་ཡིན་ཞེས་བཤད་ཀྱང་ཆོག་པར་སེམས་ལ།ལྷག་པར་དུ་དཔལ་འབྱོར་གྱི་ཆ་རྐྱེན་དང་གློག་བརྙན་འཁྲབ་སྟོན་དང་འཁྲབ་འཁྲིད་པ་སོགས་ཀྱི་ཆེད་ལས་མི་སྣ་ཉུང་བའམ་དཀོན་པའི་དཀའ་ངལ་བཅས་ཀྱིས་ང་ཚོ་གཞན་གྱི་རྗེས་སུ་མི་ལུས་ཐུ་མེད་བྱུང་།ཡིན་ནའང་ང་ཚོར་གཞན་དང་ཐུན་མོང་མིན་ཞིང་ཕུན་སུམ་ཚོགས་པའི་བརྗོད་བྱ་གྱ་ནོམ་པ་རེ་གདའ་བ་ནི་སྨོས་མ་དགོས་སོ།།
  <<གླིང་དཀར་སྟོད་ཀྱི་བྱམས་པ་>>ཞེས་པའི་གློག་བརྙན་འདིའི་འཁྲབ་ཁྲིད་པ་དང་བརྙན་ལེན་བཅས་འགན་གཅིག་ལྕོགས་སུ་བཞེས་པའི་ན་གཞོན་འཁྲབ་ཁྲིད་པ་འབོར་པད་ལ་མཚོན་ན།འདི་ལྟའི་གློག་བརྙན་ཞིག་ཕབ་བསྐྲུན་ལེགས་གྲུབ་བྱུང་བ་ནི་ཆེས་གཟེངས་སུ་ཐོན་པའི་འབྲས་བུར་བསམས་འོས།རྒྱུ་མཚན་ནི་ཁོ་འདིའི་ཕྱོགས་ཀྱི་ཆེད་ལས་སློབ་གྲྭ་སོགས་གང་ཡང་འགྲིམས་མ་མྱོང་བར་མ་ཟད།ཁུར་ལྕི་བའི་དགེ་རྒན་གྱི་བྱ་བའི་ཞོར་ནས་དེའི་ཕྱོགས་ཀྱི་གཞུང་ལུགས་ལ་ལག་ལེན་དང་མྱོང་གོམས།རང་སྦྱོང་གི་བགྱི་བ་ཁོ་ནའི་འོག་ནས་བྱུང་བ་ཞིག་ཡིན་ཙ་ན།འདི་ལྟ་བུའི་གྲུབ་འབྲས་ལ་རྗེས་སུ་ཡི་རང་དང་བསྟོད་པའི་མེ་ཏོག་གཏོར་བ་ལས་གཞན་ཅི་ཞིག་ཡོད་ཨང་།
ཁྱད་པར་དུ་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ།རོལ་དབྱངས།སྒྲིག་སྦྱོར་སོགས་བལྟོས་བཅས་ཀྱིས་འཚམ་མིན་ཅི་རིགས་ཀྱི་བསམ་ཚུལ་སྣ་ཚོགས་གླེང་བཞིན་ཡོད་ཀྱང་ཁོའི་མིག་སྔའི་གནས་བབ་སོགས་གང་ལ་གཞིགས་རུང་ཡིན་ཆོག་ཆོག་གི་བླ་མེད་གྲུབ་འབྲས་ཤིག་ཏུ་ཁོ་བོས་འདོད།ཁོ་བོར་མཚོན་ན་ཡང་འདིའི་ཕྱོགས་ཀྱི་རིག་གནས་ཤེས་བྱ་དང་བློ་སྦྱོང་ཞན་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་གློག་བརྙན་གྱི་སྒྲིག་གཞི་དངོས་ཀྱི་ཆ་ནས་གནས་སྐབས་བཏང་སྙོམས་སུ་འཇོག་པ་ལས་འོས་མེད་ལ།འདིར་གཙོ་བོར་བརྗོད་བྱའི་ནང་དོན་གྱི་ཕྱོགས་ཏེ།མི་སྣ་དང་ཡུལ་ལྗོངས།དོན་དག་བཅས་ཀྱི་ཐད་ནས་མི་འདང་བའི་ཆ་ཅུང་ཙམ་གླེང་བར་སྤྲོ་འོ།།
གློག་བརྙན་འདིའི་བརྗོད་བྱ་དངོས་ནི་བོད་ཀྱི་ན་གཞོན་སློབ་གྲྭ་ཆེན་མོ་བ་ཞིག་གླིང་སྒྲུང་འཚོལ་སྡུད་དང་ཤུལ་རྗེས་འཚོལ་སྙེག་གི་ཆེད་དུ་ངལ་གསོའི་གོ་སྐབས་དང་བསྟུན་ནས་གླིང་དཀར་སྟོད་ཀྱི་ཡུལ་དུ་སོང་བ་དང་།གྲོགས་པོའི་རོགས་རམ་འོག་གླིང་སྒྲུང་ལ་དུངས་ཞེན་ཟབ་པའི་རྒན་པོ་ཞིག་ངོ་སྤྲོད་བྱས་པ་བརྒྱུད་དེ་ནས་གནས་ཚང་གཡར་བ་དང་།དུས་ཀྱི་རྒྱུས་ལོན་ཁྲོད་གནས་ཚང་གི་ན་ཆུང་གཞོན་ནུ་མ་དེ་དང་ཐོག་མར་བརྩེ་དུང་གི་མྱུ་གུ་འབུས་འགོ་བརྩམས།རྐྱེན་དེས་ཁོ་མོའི་སྔར་གྱི་མཐུན་་གྲོགས་དང་འགལ་བ་བྱུང་བ་དང་།ཁོ་ལ་ཡང་སྐབས་དེར་གཞན་གྱི་སྡང་སྡིགས་དང་མི་ཁ་གང་མང་ཐེབས་པར་མ་ཟད།མཐར་ཁོ་གཉིས་ཀྱི་བརྩེ་དུང་དེའང་བརྩེ་དུང་དུ་གྱུར་ནས་མི་འབྲལ་ཀ་མེད་ཀྱིས་གཏམ་རྒྱུད་ཀྱིས་མཇུག་བསྡུས་ཡོད།
   སྤྱིའི་བརྗོད་བྱར་མཚོན་ན་འཚོ་བ་དངོས་དང་འབྲེལ་ཆེ་ཞིང་མངོན་སུམ་གྱི་ཚོར་བས་ཟིན་པ་ནི་དགའ་འོས་པ་ཞིག་ཏུ་མཐོང་།ཡིན་ནའང་མི་སྣ་དག་གི་ལུས་ཀྱི་བྱ་བྱེད་དང་རྣམ་འགྱུར།ངག་གི་སྐད་ཆ་བཅས་ལ་ཟོལ་བཅོས་ཀྱི་ཉམས་ཤིག་མངོན་པར་མ་ཟད།མི་རིགས་གཞན་པའི་ཤན་ཤུགས་ཀྱང་ཐེབས་ཡོད་སྙམ་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར་བར་བྱེད།ཅིའི་ཕྱིར་ཞེ་ན།རང་རེའི་མི་རིགས་ནི་གནའ་བོའི་དུས་ནས་ཁྲེལ་དང་ངོ་ཚར་འཛེམ་ཞིང་ཡ་རབས་གུས་སྲོལ་དང་ལྡན་པ་ཞིག་ཡིན་ཙ་ན།ཕོ་མོའི་བར་གྱི་བརྩེ་དུང་ཇི་འདྲའི་ཤུགས་དྲག་ཀྱང་མངོན་སུམ་འཛེམ་མེད་དུ་ཕན་ཚུན་འཁྱུད་སྦྱོར་དང་།སྐད་ཆ་དམར་རྗེན་ཐད་ཀར་བརྗོད་པ།ཁྲེལ་དང་ཕྱི་ཐག་མེད་པར་སྔར་གྱི་མཐུན་གྲོགས་ཐད་ཀར་འདོར་བ།ཁ་དན་ཚིག་ལ་མི་གནས་པའི་སྲོལ་ཞིག་ད་སྔ་ཕལ་ཆེར་བྱུང་མེད་ཚོད་དང་གཅིག   སྤྱིར་ཡིག་སྐད་ཡིན་ན་ཡིག་སྐད་རྐྱང་བའམ་ཁ་སྐད་ཡིན་ན་ཁ་སྐད་རྐྱང་བ་ཡིན་འོས་ཀྱང་ཡིག་སྐད་ཀྱི་ཁྲོད་དུ་ཁ་སྐད་བསྲེས་ཤིང་ཁ་སྐད་ཀྱི་ཁྲོད་དུ་ཡིག་སྐད་བསྲེས་པས་ཉ་ཉུང་མཉམ་བསྲེས་ལྟ་བུའི་སྐད་ཆ་དང་གཉིས། གླིང་དཀར་སྟོད་ཀྱི་བྱམས་པ་ཞེས་གླིང་གི་ཤུལ་རྗེས་དངོས་བརྒྱུད་ཅི་རིགས་སུ་འཚོལ་དུ་ཡོད་པ་ཞིག་འཁྲབ་སྟོན་གྱི་ཡུལ་དུ་བདམས་ན་འོས་མོད།ཡིན་ཡང་ཤུལ་རྗེས་ཀྱང་མི་ངེས་པ་ཞིག་འདི་ཡིན་ཞེས་འཁྲབ་གནས་སུ་བཅོས་པའི་རྫུན་བཟོ་དང་གསུམ་མོ།།
   གཞན་ཡང་གཏམ་རྒྱུད་ཀྱི་མཇུག་བསྡུས་པའང་དེ་འདྲའི་ཡིད་ཚིམ་པར་མ་མཐོང་།རྒྱུ་མཚན་ནི་ན་གཞོན་སློབ་གྲྭ་ཆེན་མོ་བ་དེས་མཇུག་མཐའི་སེམས་ཐག་བཅད་དེ་འགྲོ་བར་རྩོམ་པའི་སྐབས་དེར་ཁོ་ལ་དེ་འདྲའི་འབྲལ་མི་ཕོད་པའི་ཞེན་ཆགས་ཀྱིས་ཁེངས་ཡོད་པ་མི་མཐོང་ལ།ལམ་དུ་ཆས་ནས་ཀྱང་དུས་ཡུན་ངེས་ཅན་ཞིག་འགོར་རྗེས་ད་གཟོད་ན་ཆུང་གཞོན་ནུ་མས་ཤེས་ཏེ་རྗེས་སུ་བསྙེགས་པ་ཡིན་མོད།འོན་ཀྱང་རྐང་ཐང་གིས་སྐད་ཅིག་ལ་འཕྲུལ་རྟའི་རྗེས་ཆོད་པ་ནི་ཇི་འདྲའི་དངོས་ཡོད་དང་མི་བསྟུན་པ་ཞིག་རེད་ཨང་།དེ་ལྟར་མཇུག་བསྡུ་བ་ལས་བྱམས་པ་ཞེས་པའི་བརྗོད་བྱ་སྟེ་ན་གཞོན་ཕོ་མོ་གཉིས་ཀྱི་བརྩེ་དུང་ཤུགས་དྲག་ཏུ་མཚོན་པར་འབྲལ་ཁར་ཕན་ཚུན་ལ་ངོ་མ་ཕྲད་ཅིང་།ན་གཞོན་སློབ་གྲྭ་ཆེན་མོ་བའང་འབྲལ་མི་ཕོད་པའི་སྡུག་ཡུས་དང་ཞེན་ཆགས།ཕྱི་མིག་བཅས་ཀྱིས་བཏགས་ནས་གནས་དེར་ཡུན་རིང་ལུས་པ་དང་།ཉེ་འཁོར་གྱི་མི་དེ་ཚོའི་སྐྱེལ་མའི་འོག་ད་གཟོད་འདོད་མི་འདོད་ཀྱི་གོམ་ཁ་བསྒྱུར་བ།དེ་དང་ཆབས་ཅིག་ན་ཆུང་གཞོན་ནུ་མ་དེའང་ཉིན་དེར་ཚོར་བ་ཁྱད་པར་བ་ཞིག་གིས་ཡིད་མི་བདེ་བར་གྱུར་ཏེ་ཕྱུགས་རྗེས་ནས་ཡུལ་དུ་ལོག་མོད། ཡིན་ཡང་ཁོ་མོའི་སྙིང་ནོར་དུ་གྱུར་བའི་གཞོན་ནུ་དེ་གར་སོང་ཆ་མེད་དུ་གྱུར་བ་མཐོང་ནས་དེའི་རྗེས་སྙེག་ཅི་ཐུབ་ཀྱིས་ལམ་ཐུབ་ཚད་ཅིག་ལ་བརྒྱུགས་རུང་།དུས་ཀྱི་སྔ་ཕྱི་དབང་གིས་གཞོན་ནུའི་རྒྱབ་གཟུགས་ཙམ་ལས་མཐོང་མ་ཐུབ་པའི་སྐྱོ་གདུང་དང་ཡིད་ཆད་ཀྱིས་ཕྱི་དྲོའི་མཚམས་སྤྲིན་དེ་ཡང་དམར་པོ་དམར་ནག་ཏུ་གྱུར་བའི་ཡུལ་ལྗོངས་ཀྱིས་མཇུག་བསྡུས་ཚེ།གོང་གི་དེ་ལས་ལྷག་པའི་ཚོར་བ་ཁྱད་པར་བ་ཞིག་དང་དུངས་ཞེན་ཁྱད་པར་བ་ཞིག་སྟེར་ཐུབ་སྙམ་མོ།།
                                                            ༢༠༡༡ལོའི་ཟླ་༡༠ཚེས་༣ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼གླིང་དཀར་སྟོད་ཀྱི་བྱམས་པ༽ཞེས་པའི་གློག་བརྙན་ལ་བལྟས་རྗེས།

2011-12-22 རྔོག་རུ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།