སྒྱུ་རྩལ་ལ་ཚད་ཐིག་མེད།

     སྒྱུ་རྩལ་ལ་ཚད་ཐིག་མེད།གལ་ཏེ་སྒྱུ་རྩལ་ལ་ཚད་ཐིག་ཡོད་ན་དེ་ནི་སྒྱུ་རྩལ་མ་ཡིན།སྒྱུ་རྩལ་ལ་ཚད་ཐིག་ཡོད་དང་དགོས་ཞེས་བཤད་མཁན་དང་།ཡང་ན་སྒྱུ་རྩལ་ལ་ཚད་ཐིག་བཟོ་མཁན་དག་ནི་དོན་གྱིས་སྒྱུ་རྩལ་ལ་གཏོར་བརླག་གཏོང་མཁན་དང་རྨ་ཕབ་མཁན་དེ་ཡིན།སྐབས་འདིའི་ཚད་ཐིག་མེད་ས་དེ་ཡང་སྤྱིར་ན་སྒྱུ་རྩལ་ལ་ཚད་ཐིག་མེད་ཅེས་པ་དེ་མ་ཡིན་པར་སྒྱུ་རྩལ་ཡིན་པ་གཞིར་བཞག་གམ་ཁོ་རང་སྟེང་ན་ཚད་ཐིག་མེད་པར་བཤད་པ་ཡིན།རྒྱུ་མཚན་སྒྱུ་རྩལ་གྱི་ངོ་བོ་ནི་མཛེས་པ་ཡིན་པར་མ་ཟད་དེ་ནི་གསར་གཏོད་ཀྱི་ཁྲོད་ན་ཡོད་པས་ཡིན།མཛེས་པ་ནི་སེམས་ཀྱི་འཚོལ་སྙེག་ཅིག་དང་ལྟ་དཔྱོད་ཀྱི་འཛིན་ལུགས་ཤིག་ཡིན་པ་དང་གསར་གཏོད་ནི་དེ་དག་མཚོན་བྱེད་དང་ཤེས་པ་རང་དབང་ལ་ཕྱོགས་པའི་རྟོག་འགྱུའི་ནམ་འཕང་གཅོད་ལུགས་དེ་ཡིན་པས་དེ་ལ་སྒེར་གཅོད་པ་སུས་ཀྱང་ཚད་བཟུང་ཚུལ་བཀག་བྱེད་མི་རུང་བ་ཆེས་མ་མཐའ་ཡང་ཤེས་དགོས་པའི་གཞིར་རྩ་ཞིག་རེད།
     འདི་ལྟར་བཤད་དོན་ཡང་ད་སྐབས་ང་ཚོའི་བོད་ཡུལ་དུ་ད་དུང་ཡང་ཨུ་ཚུགས་མཐའ་སྐྱེལ་བ་དང་།བླུན་པོ་སྣང་མཐོ་ཅན།རང་ལྟ་མཆོག་འཛིན་མཁན་མང་ཤས་ཀྱིས་སྒྱུ་རྩལ་ལ་དགོས་པ་མི་འདུག་པ་དང་།རི་བོང་རྭ་ཡི་ཚུལ་དུ་མེད་ཅིང་ལྷག་མར་གྱུར་བ་ཅིག་བཙན་གྱིས་དྲུད་ཡོང་སྟེ་ཡོད་མདོག་ཁ་བོ་བསྟན་ནས་གང་སར་སྒྲོག་ཅིང་བྱ་སྤུ་སྤུར་བ་བཞིན་བོད་ཀྱི་ས་ཕྱོགས་སོ་སོ་ལ་ཁྱབ་ཀྱིན་འདུག་པས་ཡིན།     དཔེར་ན།སྙན་ངག་ནི་ཚིག་གི་སྒྱུ་རྩལ་བླ་ན་མེད་པ།གང་གིས་ཀྱང་ཚབ་བྱེད་མི་ཐུབ་པ་དེ་ཡིན་མོད།སློབ་དཔོན་ཆེན་མོར་ཁས་འཆེས་པ་དང་གྲྭ་བཙུན་བསམ་བློ་བར་རློམ་པ་འགའ་རེས་རང་མགོ་རུལ་བ་རང་སྣས་མ་ཚོར་བར་ལྟ་བ་མཁྲེགས་འཛིན་བྱས་ཏེ་སྙན་ངག་ལ་རང་ཉིད་ཀྱི་བསམ་བློས་བཙན་འཛུལ་དང་གཏོར་བརླག་བཟོ་བཞིན་ཡོད་དེ།རང་གི་འདོད་ཚུལ་ཁོ་ནའི་སྟེང་ནས་ལོག་འགྲེལ་བརྒྱབ་སོང་།སི་ཁུ་ར་ཏིས་ལགས་ཀྱིས་སྙན་ངག་ལ་འགྲེལ་མི་རུང་མོད་འོན་ཀྱང་གཏན་ནས་གོ་རྒྱུ་མེད་པ་ཞིག་མིན་ཞེས་གསུངས་པའི་སྐད་ཆ་འདི་ཡིས་ཡོད་ཚད་གསལ་བཤད་བྱས་ཡོད་མོད།འོན་ཀྱང་ཁོ་ཚོས་ཅི་ཡང་མི་སྙམ་པར་དེ་ལ་འདི་ཡིན་དང་དེ་མིན་སོགས་ཀྱི་ཚད་བཀག་དང་ཁྱབ་ཁོངས་དོག་མོ་ཞིག་གིས་སྒོ་གཏད་དེ་ལྟ་ཚུལ་གཞན་པ་བྱུང་ན་དགག་རྒྱག་དང་ཕྱིར་ཕུད་གཏོང་བའི་ངང་ཚུལ་བཟུང་ནས་དེ་ནི་ལོ་རྒྱུས་དང་ཆབ་སྲིད་ཡིག་ཆ་བཞིན་དུ་ཚིག་རེ་རེ་ནས་འགྲེལ་བ་རྒྱག་བཞིན་ཡོད། འདི་དག་ནི་མི་རིགས་བྱིངས་ལ་མཚོན་ན་སྒྱུ་རྩལ་ཤེས་བྱ་ལ་ཁ་ཐག་ཇེ་རིང་དུ་བཏང་བ་ལས་མ་འདས།                                                                                               
    འོ་ན་སྙན་ངག་ནི་རང་སོར་འཇོག་པ་ལས་རང་ཉིད་ཀྱིས་དེ་ལ་མྱོང་རོལ་བྱེད་པའི་སེམས་ཚོར་ཙམ་ཡང་བཤད་རྒྱུ་མེད་པ་དང་།  བཤད་ན་མི་ཆོག་པ་ཞིག་ཡིན་ནམ་ཟེར་ན་དེ་ནི་མ་ཡིན་ཏེ།  རང་རང་གི་མྱོང་རོལ་གྱི་ཚད་ཐིག་དང་ཡང་ན་ཀློག་ཚོར་ངོས་ནས་བཤད་ན་ཆོག་མོད།  འོན་ཀྱང་ངེས་པར་དུ་དེ་ལྟར་ཡིན་དགོས་པ་དང་བཤད་ཚུལ་དང་ལྟ་ཕྱོགས་གཞན་པ་ཡོད་ན་མི་ཆོག་པ་དང་མི་འགྲིག་པ་ཞིག་གཏན་ནས་མ་ཡིན་པ་དེ་གསལ་བཤད་བྱས་པ་ཡིན་ལ། སྙན་ངག་སྒྱུ་རྩལ་ལྟ་བུར་མཚོན་ན་ང་ཚོས་ཤེས་དགོས་པའི་གནད་དོན་གཙོ་བོ་ཞིག་ཀྱང་འདིའི་སྟེང་ན་ཡོད།      སྒྱུ་རྩལ་ལ་ཅི་ཡང་ཡོད་པ་མ་ཡིན་འདོད་ན་དེ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་སྟེ།གོང་དུ་བཤད་པ་བཞིན་སྒྱུ་རྩལ་ལ་ཚད་ཐིག་མེད་ཅེས་པའང་ཞོར་དུ་སྒྱུ་རྩལ་ལ་ཚད་ཐིག་ཡོད་པ་གསལ་བཤད་བྱེད་ཆེད་དུ་ཡིན་ལ་ཡོད་ཚུལ་གོང་ནས་སྒྱུ་རྩལ་རང་སྟེང་ལ་སྦྱར་ནས་བཤད་པ་ཡིན་ཏེ།  དེ་ནི་གང་ཞིག་ནི་སྒྱུ་རྩལ་ཡིན་དང་མིན་ཞེས་པ་དེ་ཡིན་ལ།  ཁ་གསལ་བོས་བཤད་ན།  སྒྱུ་རྩལ་ལ་ཡིན་དང་མིན་གྱི་ཚད་ཐིག་བཞག་ན་འགྲིག་པོ་ཡོད།  དེ་ལྟར་མིན་ཚེ་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་སྒྱུ་རྩལ་ཟེར་ན་མི་ཆོག་པའི་ངེས་པའང་མེད་པས།དེ་ལ་ཅིས་ཀྱང་གང་ཞིག་ནི་སྒྱུ་རྩལ་ཡིན་པ་དང་ཅི་ཞིག་ནི་སྒྱུ་རྩལ་མིན་པའི་དབྱེ་བ་ཞིག་ཡོད་དགོས་འདུག      སྐབས་འདིའི་ཡིན་དང་མིན་ནི་ང་ཡིས་བལྟས་ན་མིན་པ་དང་ཁྱོད་ཀྱིས་བལྟས་ན་ཡིན་པ་ཙམ་གྱི་ངོས་ནས་བཞག་པ་མ་ཡིན་པར་དེ་ནི་གང་ཞིག་སྒྱུ་རྩལ་ཡིན་པའི་ཆོས་རང་ངོས་ནས་བཤད་པ་ཞིག་རེད།དེ་ཡང་སྒྱུ་རྩལ་ནི་ཐེངས་གཅིག་བཀོལ་ན་ཚར་སོང་བ་ཙམ་ཞིག་མིན་པར་དེ་ཡི་བླ་སྲོག་གམ་ཚེ་ཚད་ནི་ནམ་ཡང་ཡུན་ནས་ཡུན་དུ་གཏན་སྲིད་པ་ཞིག་ཡིན་ལ་དེ་ལྟར་ཡིན་དགོས་དོན་ཡང་འགྲོ་མིའི་རང་བཞིན་དང་ཚེ་སྲོག་ལ་འབྲེལ་ཞིང་སིམ་ནས་ཡོད་པས་ཡིན།དེ་བས་སྒྱུ་རྩལ་ནི་གཙོ་བོ་ཡུལ་གྱི་སྟེང་ནས་བཤད་པ་ལས་ཡུལ་ཅན་གྱི་སྟེང་ཁོ་ནས་བཤད་ཐུབ་ཀྱིན་མེད་པའང་དེ་ལ་ཐུག་ཡོད་པ་དང།དེ་ལ་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་མེད་པ་དང་དེ་དག་གི་བཀག་རྒྱ་ལས་རིང་དུ་བརྒལ་ཡོད་པའི་རྒྱུ་མཚན་ཡང་འདི་ལ་རག་ལས་ཆེན་པོ་ཡོད་པ་རེད།  དཔེར་ན་སྒྱུ་རྩལ་བརྩམས་ཆོས་ངོ་མ་ཞིག་ནི་འཛམ་གླིང་གི་ཡུལ་གང་ནས་ཀྱང་སྒྱུ་རྩལ་གྱི་བྲོ་བ་དང་རིན་ཐང་སྔར་བཞིན་ཡོད་པ་ལྟ་བུ་རེད།
འདི་ལ་དབྱེ་བ་དང་གསལ་ཁ་ཞིག་ངེས་པར་དུ་འབྱེད་དགོས་འདུགདེ་ལྟར་མ་ཡིན་ཚེ་ད་ལྟ་སྒྱུ་རྩལ་བརྩམས་ཆོས་རྫུན་མ་འབོར་ཆེན་ཐོན་པ་དང་སྒྱུ་རྩལ་བ་རྫུན་མ་གང་མང་མང་ཞིག་གིས་རང་ཉིད་སྒྱུ་རྩལ་བ་ཡིན་པར་འུད་སྒྲོག་དང་ངོམ་སོ་བྱེད་པར་བྲེལ་བཞིན་པ་དང་།ཡང་ན་སྒྱུ་རྩལ་བའི་གཏམ་སྤྱོད་ལ་ལད་ཟློས་བྱས་ཏེ་རང་ཉིད་ཀྱི་མི་ཚེ་ལ་འཁྲབ་སྟོན་ལྷག་མ་ཞིག་བྱེད་བཞིན་ཡོད།  ལྷག་པར་དུ་ན་གཞོན་རྣམས་ཀྱི་ཁྲོད་དུ་གནས་ཚུལ་ཅུང་ཚབས་ཆེན་དུ་འགྱུར་གྱིན་འདུག་སྟེ།  ཀླད་མེད་ཅོལ་ཆུང་འགའ་རེས་རང་ཉིད་ཀྱི་རྩིས་ཐང་ས་ལ་བརྡབ་དང་རྡེབ་བཞིན་ཡོད་པས།འདི་དག་གིས་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་མི་དམན་པ་བཟོ་བཞིན་ཡོད།
                                                   2011/10/11ཉིན་ནུབ་བྱང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་རྩལ་ལ་ཚད་ཐིག་མེད།

2011-10-14 གསོམ་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།