གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧ་པའི་རང་གཏམ།

2013-06-15 13:03:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

  ལས་དབང་བཙན་པོ་ཞིག་གི་བཀོད་སྒྲིག་གིས་ལྕགས་ཐག་གི་སིལ་སྒྲ་ཙམ་ནི་ངའི་རྒྱན་ཆ་ཡིན་སོང་།  བསྐྱར་ཟློས་ཀྱི་བགྲང་བྱ་མང་པོ་ཞིག་གི་འཕོ་འགྱུར་ཁྲོད་དུ་ངས་རྒྱུས་མེད་ཀྱི་འདུ་ལོང་ལ་འཐབ་ཞོར་ཁེར་རྐྱང་གི་སྨྲེང་གླུ་གྱེར།
འགྲོ་བ་མི་ལ་ལས།  ང་ནི་དོན་དག་ཆེ་མ་ཆུང་གསུམ་གང་ལ་ཐུག་ཀྱང་།  བདེན་ལུགས་ཡོད་མེད་ཀྱི་དབྱེ་བ་མི་འབྱེད་པར།   དབང་ཆེན་ལ་གཉའ་སྒུར་སྒུར་དང་དབང་མེད་ལ་རྫིག་ཉམས་སྟོན་པའི་འཚོ་བ་དངོས་ཀྱི་སེམས་ཅན་གང་རུང་གི་མིང་གི་ཐ་སྙད་ལ་སྦྱར་ནས་ཧ་པ་ཞེས་རང་གཤིས་དམར་རྗེན་དུ་ཕྱུང་བའི་མིང་གང་འོས་ཤིག་འདོག་བཞིན་ཡོད།  འོན་ཀྱང་།   མི་དེ་ཚོས་ངའི་བདག་པོའི་ཆེད་དུ་སྟོབས་ཤུགས་ཡོད་དགུ་འདོན་པ་དང།  དབྱར་ཚ་བའི་སྡུག་བསྔལ་དང་དགུན་གྲང་རླུང་ཙག་ཡུག་གིས་གཙེས་པའི་ངར་ཁ་ནས་ངས་ན་ཟུག་ཐེབས་པའི་ཁོག་འདར་རྒྱག་ཞོར་རྟ་ནོར་ལུག་གསུམ་ལ་སྲུང་སྐྱོབ་བྱེད་བཞིན་པ་སུ་ཞིག་གིས་ཚོར།   ད་དུང་།  རྨི་ལམ་ལ་གཡེང་བའི་བདག་པོས་ང་ལ་དམོད་ཚིག་བརྒྱབ་ཀྱང་།   ངའི་བློ་སྤོབས་ཀྱི་ངར་ཁ་ནམ་ཡང་འགྱུར་མ་མྱོང་ལ་ནོར་ལུག་གི་འཁུན་སྒྲས་ང་ལ་སྤྲོ་སྣང་སྦྱིན།   ཞོགས་པའི་སྐྱ་རེངས་དང་མཉམ་དུ་ངའི་མིག་འོད་བདག་པོ་ལ་གྱེར་ཞིང་སྒུག      ཡིན་ན་ཡང་།    བདག་པོས་སྡུག་རྩུབ་ཆེ་བའི་རྡོག་བརྫི་ཞིག་དང་དམོད་ཚིག་ཅིག་གིས་ང་རང་འཇིགས་སྐྲག་དང་བཅས་མི་འབྲོ་ཐབས་མེད་བྱུང་།
  དགུན་གསུམ་གྲང་རླུང་རིང་མོའི་ཁྲོད་དུ་དམྱལ་ཁམས་ལྟ་བུའི་གྲང་འཁྱགས་ཀྱི་མནར་གཅོད་མྱངས་ཀྱང་ངས་དཔའ་ཞུམ་པའི་ངུ་འབོད་བསྒྲགས་མ་མྱོང་།   དབྱར་གསུམ་ཚ་གདུང་དྲག་པོའི་ཁྲོད་ནས་ཡི་དྭགས་ལྟ་བུའི་བཀོལ་སྤྱོད་ཀྱི་སྡུག་བསྔལ་མྱངས་ཀྱང་ངས་སྟོབས་ཤུགས་ཞན་པའི་རང་མདངས་ཆགས་མ་མྱོང་།  ངའི་ཟུག་སྐད་གསལ་བོ་དེ་ནམ་ཡང་རྩྭ་ཐང་འདིའི་རི་ལུང་ཐང་གསུམ་ཀུན་ཏུ་བསྐྱིལ་ཡོད་ལ།   ངའི་ཉམས་མེད་སྟོབས་ཤུགས་དེ་ནམ་ཡང་རྩམ་དྲི་མར་དྲི་འཐུལ་བའི་མགོ་ནག་བོད་པ་ལ་བཅོལ་ཡོད།   ངས་ཚེ་གཅིག་གི་སྐྱོ་གར་གནས་འདི་ནས་མྱངས་ཤིང་།   དུས་བཞིའི་འགྱུར་བ་རྩུབ་མོ་ཐོལ་གྱིས་བརྒལ་བ་སུ་ཞིག་གི་ཆེད་དུ་ཡིན།
ཀྱེ་ཧུད།   རང་གི་བདག་པོས་རང་ལ་མནར་ཞིང་དམོད་པའི་མཐའ་མར།   ང་རང་ལོ་ན་རྒས་ཤིང་ལུས་ཟུངས་ཉམས།    ངའི་གཟུགས་པོ་ཡར་དགྱེ་མི་ཐུབ་ལ་ཟུག་སྐད་ཀྱང་འབྱིན་མི་ནུས་པས་སྐྱ་ཐང་ཐང་གི་ཡུལ་གྲུ་འདི་ནས་ང་ཁོ་ན་ལུས།    ཨ།    བདག་པོ་ལགས།  ཚེ་གཅིག་གི་བགྲོད་ལམ་རིང་མོའི་ཁྲོད་ནས་ངའི་དམྱལ་ཁམས་ཀྱི་སྐྱོ་སྡུག་མྱང་ཚར་ཡོད་དམ།     འོན་ཀྱང་།    འུ་ཚང་གི་རྒྱབ་ཕྱོགས་ན་ནོར་ལུག་ལ་རྔམ་པའི་སྤྱང་ཀི་གཏུམ་དྲག་ཅན་དེ་ཚོས་ལུག་ཁྱུ་ནང་འཛུལ་བའི་གོ་སྐབས་ལ་སྒུག་ཡོད་པས།    ང་རང་བློ་མ་བདེ།   ནམ་ཡང་།  ……
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།