གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤར་ནུབ་རིག་གནས་སྐོར་གྱི་བསམ་གཞིག་ཕྲན་བུ།

2013-06-15 12:53:00 ཧོར་ནག་པ་ཀླུ་སྨྱོན། ཀློག་གྲངས། མཆན ཡོད།

           ང་ཚོ་ལ་དྲིན་ཆེ་བའི་གནའ་བོའི་ཤེས་རིག་རྒྱལ་ཁབ།
  འཛམ་གླིང་ཡངས་པོའི་ཁྱོན་འདིར་འགྲོ་བ་མིའི་རིགས་བྱུང་ནས་མི་ལོ་འབུམ་གསུམ་ཕྱིན་པར་བཤད་ལ།  དེ་ཡང་དུས་ཀྱི་གཞན་དབང་དུ་ཤོར་བས་ཅི་ནས་ཀྱང་བདེན་པའི་ངེས་པ་མ་མཆིས།   གང་ལྟར་དུས་ཀྱི་བསྐལ་བ་རིང་མོ་དེའི་ནང་དུ་ས་གནས་རང་ས་ནས་རང་སྟོབས་ཀྱིས་དར་བའི་གནའ་བོའི་ཤེས་ཡོན་རྒྱལ་ཁབ་ནི་བཞི་སྟེ།  གནའ་བོའི་པ་པུ་ལོན་དང་།  གནའ་བོའི་ཨེ་ཇེབ།  གནའ་བའི་རྒྱ་གར་དང་གནའ་བོའི་ཀྲུང་གོ་བཅས་སོ།  གནའ་བོའི་ཀེ་རུ་སིའི་ཤེས་རིག་ནི་དར་ཡུན་རིང་ཞིང་སྔ་ལ་དར་ཤུགས་ཀྱང་ཤིན་ཏུ་ཆེ་བས་ཤེས་རིག་རྒྱལ་ཁབ་བཞི་ལ་བསྡུར་ཏུ་བཏུབ་ཀྱང་ས་གནས་རང་ས་ནས་དར་བ་མ་ཡིན་པར་གནའ་བོའི་ཨེ་ཇེབ་དང་པ་པུ་ལོན་རྒྱལ་ཁབ་གཉིས་ཀྱི་ཤེས་རིག་མཉམ་འདྲེས་བྱས་པ་ལས་བྱུང་བ་ཞིག་ཡིན་པས་གནའ་བོའི་ཤེས་རིག་རྒྱལ་ཁབ་གྲས་སུ་མ་བགྲངས་ཞིང་།  རོ་མ་དང་ཡོ་རོབ་གླིང་ཆེན་སྤྱིའི་ཤེས་རིག་ནི་ཀེ་རི་སིའི་ཤེས་རིག་གི་བརྒྱུད་འཛིན་དང་དར་སྤེལ་བཏང་བ་ཙམ་ལས་འགོ་ཁུངས་གཞན་ཞིག་མེད་པར་བཤད།  དེ་བས་ཀེ་རི་སི་ནི་ནུབ་གླིང་ཤེས་རིག་གི་མ་ཁུངས་སུ་བལྟས་ཆོག་པ་འདྲ།   ཤར་གླིང་གི་ཤེས་རིག་ནི་གཙོ་བོར་ཀྲུང་གོ་དང་རྒྱ་གར་གཉིས་ཏེ།   དེ་གཉིས་ཀྱིས་གཙོ་བྱས་ཏེ་ཤར་གླིང་གི་ཤེས་རིག་སྤྱི་གྲུབ་ཡོད་པ་རེད།  དེ་མིན་ཤར་ཡུལ་ཀྱི་ཡུལ་གྲུ་སོ་སོ་ན་རིགས་གཞན་གྱིས་མ་ཚོར་བའི་མཚར་སྡུག་གི་ཤེས་རིག་ཡོད་ངེས་ཀྱང་དེ་དག་ནི་ཡུལ་གྲུ་གཞན་དང་འགྲོ་འོང་གི་འབྲེལ་བ་མ་བྱས་པས་སྐྱེས་པ་རང་གིས་མ་ཤེས་ལ་འཇིག་པའང་གཞན་གྱིས་མ་ཚོར།  འདི་དག་ནི་འཛམ་གླིང་སྤྱིའི་ཤེས་ཡོན་ནོར་རྫས་ལ་མཚོན་ནས་བཤད་ན་གྱོང་གུད་ཅིག་དང་བློ་འགྱོད་ཅིག་ཅི་ལ་མིན།  དཔེར་ན་རང་ཅག་བོད་ཀྱི་བོན་ཆོས་ལྟ་བུ།  གལ་ཏེ་དམངས་ཁྲོད་ནས་ད་ལྟའི་དབར་དཀའ་ངལ་གྱིས་རྒྱུད་འཛིན་བྱས་པ་མིན་ན་གནའ་ནས་ནུབ་ཚར་ཏེ་གཞན་གྱིས་བོན་ཞེས་པའི་མིང་ཙམ་ཡང་གོ་ཐོས་སུ་འགྱུར་པའི་སྐལ་བའང་ལྡན་རེ་སྐན།  འདི་ནི་ང་ཚོ་ཤར་གླིང་གི་རིག་གནས་ཞེས་པ་དེ་རེད།  ད་ལྟའི་ཀུན་གྱི་ཁ་རུ་བགྲང་བའི་ཤར་ནུབ་རིག་གནས་ཅེས་པར་གནའ་བོའི་དུས་སུ་སའི་གོ་ལར་ཁྱོན་བསྡོམས་གླིང་ཆེན་བདུན་ཡོད་པ་ལས་གླིང་ལྔ་མ་གཏོགས་མེ་གླིང་ལྷོ་བྱང་གཉིས་རྨང་ནས་ཁོངས་སུ་ཚུད་མེད་དེ་གླིང་འདི་གཉིས་ན་གནའ་བོའི་དུས་སུ་ཤེས་རིག་དར་ཡོད་པའི་དྲི་བག་ཙམ་ཡང་དྲོ་རྒྱུ་མི་འདུག  འདི་ལ་ཁག་ཅི་འདུག་སྟེ།  གནའ་བོའི་དུས་སུ་འགྲུམ་འགྲིལ་གྱི་རྐྱེན་གྱིས་མེ་གླིང་བྱ་བའི་གླིང་ཞིག་ཡོད་པ་མིང་ཙམ་ཡང་ཀུན་ལ་གོ་ཐོས་མེད།  འཛམ་གླིང་གི་རྒྱལ་བོ་ཆེན་པོ་ཆོས་རྒྱལ་མྱ་ངན་མེད་ཀྱིས་གླིང་ཡོངས་ལ་ཆོས་ཀྱི་ཕོ་ཉ་བཀྱེས་དུས་བློ་ཡུལ་དུ་མ་ཤར་ལ།  མ་ཆུ་ཏོན་གྱི་རྒྱལ་བོ་ཨ་ལི་སན་དར་གྱིས་ཕྱོགས་ཡོངས་དབང་དུ་བསྡུ་དུས་ཀྱང་མ་ཚོར།  ཐ་ན་བ་དན་མདུང་རིང་བསྣམས་པའི་སོག་རྒྱལ་ཇིང་གུར་གྱིས་ས་ཆེན་རྨིག་རྫི་གཏོང་དུས་ཀྱང་རྒྱ་མཚོ་ཆེན་པོས་བཅད་པའི་ཕ་མཐའ་ན་ཡངས་པའི་འཇིག་རྟེན་གཞན་ཞིག་ཡོད་པ་ཀླད་པའི་རྒྱུད་ལ་ག་ལ་ཤར།  མེ་གླིང་ནི་སྤྱི་ལོ་དུས་རབས་༡༥པར་ཆུང་དུས་ནས་མཚོ་འགྲུལ་ལ་དགའ་བའི་མགོ་སེར་ཀུ་ལོན་པུའུ་གྱིས་རྒྱ་མཚོ་ཆེན་པོ་འཇིགས་སྐྲག་གིས་བརྒལ་ཏེ་གསར་དུ་རྙེད་པ་ཞིག་རེད།  དེའི་ཡར་སྔོན་དུ་འཇིག་རྟེན་ནི་གླིང་ལྔ་ཙམ་དུ་བལྟས་ཡོད་པས་མེ་གླིང་ཡོངས་རྫོགས་ཤེས་རིག་གིས་བརྟས་ཤིང་དཔལ་ཡོན་གྱིས་རྒྱྒགས་ནའང་སྤྱི་ལོ་སྔོན་གྱི་གནའ་བའི་མི་དེ་དག་གིས་སྐབས་དེར་བློ་ཡུལ་ལས་འདས་པའི་ཡུལ་གཞན་ཞིག་ན་ཤེས་རིག་དར་ཡོད་པ་ཅི་ལྟར་ཤེས་ཨང་།   དེ་བས་མོརྱ་མི་རིགས་ལྟ་བུའི་ཤེས་རིག་གིས་བརྟས་པའི་དཔལ་ཡོན་ཅན་བྱུང་ཡང་གླིང་ལྔ་ཙམ་གྱིས་འཐུས་པའི་མིའི་རིགས་ང་ཚོ་ལ་མཚོན་ན་དེ་ནི་གསང་བ་དང་ལྐོག་གྱུར་ཅིག་ཏུ་ལོག་རན་རེད།   དེ་བས་ཤར་དུ་པེ་ལེན་མཚོ་འགག་གིས་ལམ་ཆད་ཅིང་ནུབ་དུ་ནུབ་རྒྱམ་ཆེན་མོ་ཡིས་ཡུལ་བསྐལ་བས།  གནའ་བོའི་མེ་གླིང་ལ་ཤེས་རིག་ཡོད་རུང་མེད་རུང་ང་ཚོ་ོལ་མཚོན་ན་དེ་ནི་སྟོང་ཆ་དང་སྟོང་བ་སྟོང་རྐྱང་ཞིག་རེད།  དེ་ལྟར་གོ་ལའི་གླིང་བདུན་ལས་མེ་གླིང་ལྷོ་བྱང་གཉིས་བསུབ།  ལྷག་མའི་གླིང་ལྔ་ལས་ཕྱི་ལ་འགྲོ་འོང་མ་བྱས་པ་དག་གི་ཤེས་རིག་དབྱིས་ན།  ཤུལ་དུ་ལུས་པ་ནི་གནའ་བོའི་ངོ་མཚར་གྲགས་ཆེན་གྱི་ཤེས་རིག་རྒྱལ་ཁབ་བཞི་རེད།  
    གནའ་བོའི་ཤེས་རིག་རྒྱལ་ཁབ་བཞི་ལས་ད་ལྟ་པ་པུ་ལོན་གྱི་ཤེས་རིག་རྩ་ནས་འཇིག་སྟེ་དབྱི་རག་གི་མཁར་གོག་དང་གྱང་ཆག་དག་ལས་མ་ལྷག་ཅིང་།  ཨེ་ཇེབ་ཀྱི་ཤེས་རིག་ཀྱང་མ་སྟོངས་ཙམ་དུ་ཡོད།  གསོན་ཤུགས་རྒྱས་ཤིང་ལང་ཚོ་ངོམ་གྱིན་པ་ནི་གནའ་བོའི་ཀེ་རི་སིའི་ཤེས་རིག་རེད།   ད་ལྟའི་ནུབ་གླིང་གི་ཤེས་རིག་ནི་ཀེ་རི་སིའི་ཤེས་རིག་ཏུ་བལྟས་ཆོག  གནའ་བོའི་ཀྲུང་གོའི་ཤེས་རིག་ནི་ད་དུང་ཡང་མ་ཉམས་པར་ཕལ་ཆེ་བ་ཞིག་སོར་བཞག་བྱས་ཡོད་དེ་དེ་དག་ནི་བུན་ཡུན་བུན༼གནའ་བོའི་རྒྱ་ཡིག༽དུ་བྲིས་པའི་ད་ལྟའི་རྒྱའི་དཔེ་ཆ་དག་གོ  ཡིན་ཡང་སོར་བཞག་བྱས་པའི་ཤེས་རིག་གི་འབྲས་བུ་འདི་དག་ནི་ཕྱིའི་རྣམ་པ་ཙམ་དུ་ཟད་དེ།  མ་རྐང་དང་རྨང་རྡོར་གྱུར་བའི་རྒྱའི་གནའ་བོའི་ཤེས་རིག་ངོ་མ་བོ་ཉམས་སོང་བ་འདྲ།   གནའ་བོའི་ཀྲུང་གོའི་ཤེས་རིག་གི་མ་རྐང་དང་རྨང་རྡོ་ནི་ཀུན་སྤྱོད་ལ་ཐུག་ཡོད་པ་འདྲ་སྟེ།  ཀྲུང་གོའི་གནའ་བོའི་མཁས་མཛངས་ལྡན་པའི་དམ་པ་དེ་དག་ཀུན་གྱི་བསམ་བློའི་སྙིང་བོ་དེ་ཀུན་སྤྱོད་དང་དཀྱུས་གཅིག་ཏུ་འབྲེལ་འདུག  ཡིན་ཡང་ད་ལྟའི་ཀྲུང་གོའི་རྒྱ་མི་དག་གི་ཀུན་སྤྱོད་ནི་ཁོང་ཚོའི་མེས་པོ་དམ་པ་དག་གི་ཀུན་སྤྱོད་ལྟ་ཞོག  ཐ་ན་རང་དོན་དང་རང་ཉིད་གཙུག་ཏུ་བཀུར་བའི་ཕྱི་གླིང་བ་དག་གི་ཀུན་སྤྱོད་བྱང་ཚད་དང་ཡང་བསྡུར་དུ་མེད་པས།  ངས་ཀྲུང་གོའི་གནའ་བོའི་ཤེས་རིག་ལ་སྦྲུལ་གྱི་ཕྱི་ཤུན་ཙམ་ལུས་པ་ལས་ནང་སྙིང་གསོན་ཤིག་ཤིག་གི་སྦྲུལ་ངོ་མ་འདར་ལེ་བོ་དེ་ཉམས་ཟིན་ཞེས་བཤད་པ་ཡིན།  གནའ་བོའི་རྒྱ་གར་ནི་ཤར་ཡུལ་ཆོས་ལུགས་ཀྱི་ལྟེ་བ།  མཚན་ཉིད་རིག་པའི་ཕ་ས།  བསམ་བློ་སྣ་མང་གི་འབྱུང་གནས།  དཀྱེལ་ཡངས་གཟུར་གནས་ཀྱི་ཞིང་ཁམས་ཤིག་ཡིན་པས།  ཤར་ཡུལ་ཕྱོགས་ཀུན་པོ་སྒུལ་སྐྱོམས་གཏོང་བའི་ཤེད་མོངས་རབ་ཏུ་ཆེ་ཞིང་ངོ་མཚར་བ་ཞིག་ཏུ་འཁུམས་ཀྱང་།  ད་ལྟ་གནས་འདི་འང་གནའ་དུས་ལས་རྦད་དེ་ཉམས་ཆག་ཏུ་ཤོར་ཟིན་འདུག

           བདེ་བ་འཚོལ་ལུགས།
  ས་སྒང་གི་མཐོ་ས་ན་རྒྱལ་བོ་བཞིན་ལྷམ་མེར་བརྗིད་པའི་འགྲོ་བ་མི་འདི་དཔྱོད་ཤེས་དང་ལྡན་པ་ཞིག་ཏུ་གྱུར་བའི་ཚེ།  རང་ཉིད་ཀྱི་བློ་གྲོས་ལ་ཁ་ལོ་བསྒྱུར་ཏེ་ཡིད་ཡུལ་ཀུན་ལ་རྟོག་དཔྱོད་བགྱི་བའི་མཛད་པ་ཟབ་མོ་འདིའང་ལྷུར་བླངས་ཞིང་དེ་ལ་བརྟེན་ནས་རང་ཉིད་ལ་གདོད་ནས་ལྷན་སྐྱེས་སུ་ཡོད་པའི་བདེ་བ་འདོད་པའི་སེམས་པ་འདིའི་རེ་བ་འདི་སྐུང་ཐབས་བྱས་པ་རེད། དེ་ལྟར་བདེ་བ་འཚོལ་ལུགས་བཤད་པ་ལ། ཐོག་མར་ང་ཚོའི་བདེ་བ་ལ་མཁོ་བ་ནི་ལུས་ཕུང་གསོ་ཆས་ཀྱི་བཟའ་བཏུང་གཉིས་རེད།  ཡང་བདེ་བ་ནི་ཚོར་བ་ཞིག་རེད་ལ།  ཚོར་བ་འདི་ལུས་ཕུང་དང་སེམས་གཉིས་ལ་བཏགས་པས།  ལུས་ཕུང་བདེ་ན་ཚོར་བ་བདེ་བའི་རྐྱེན་གཅིག་རག  ལུས་ཕུང་ནི་ཚོར་བ་བདེ་བ་ཡི་རྨང་གཞི་རིགས་ཤིག་ཡིན་པས།  ལུས་ཕུང་མ་བདེ་ན་ཚོར་བ་བདེ་བ་ཞིག་ཀྱང་ཤིན་ཏུ་ཡོང་དཀའ།  དེ་བས་ང་ཚོས་བདེ་བ་འདོད་ན་ལུས་ཕུང་བདེ་རུ་འཇུག་པའང་ཆ་རྐྱེན་རིགས་གཅིག་རེད།  ལུས་ཕུང་ནི་ཟས་མེད་ན་ལྐོགས་ཏེ་གཟིར་འགྲོ་ལ།  བཏུང་མེད་ན་སྐོམ་ཏེ་མནར་འགྲོ།  དེ་ནས་གོས།  དེ་ནས་སྡོད།  སྡོད་ཁང་ནི་གོས་ཆེན་པོ་ཞིག་ཏུ་བལྟས་ཆོག འདི་ནི་གོས་ཀྱི་རྒྱ་བསྐྱེད་ཙམ་རེད། འདི་དག་ཐམས་ཅད་ཀྱང་ང་ཚོས་ལུས་ཕུང་གི་བདེ་བ་འཚོལ་སྟངས་རེད་ལ།  དེ་ལ་བརྟེན་ནས་ང་ཚོའི་བདེ་བ་ཞེས་པར་ཆ་རྐྱེན་རིགས་གཉིས་སུ་ཕྱེ་བའི་རིགས་གཅིག་ཚང་བ་རེད།  རིགས་ཅིག་ཤོས་ཏེ་སེམས་བདེ་མི་བདེ་ནི་གཙོ་བོ་རང་ཉིད་ལ་རག་ལས་ཤིང་།  ཕལ་ཆེ་བ་ལུས་ཀྱི་བདེ་བ་བསྐྱེད་སྟངས་དེ་རང་ཉིད་ལ་འཕྲོད་མི་འཕྲོད་དང་རང་ཉིད་ཀྱིས་སེམས་ཀྱི་བདེ་བ་བསྒྲུབ་པའི་ཕྱིའི་ཐབས་ཤིག་རྙེད་མི་རྙེད་ལ་ཐུག་ཡོད་པ་འདྲ།  གལ་ཏེ་རྙེད་པ་ཡིན་ན་རང་ཉིད་ཀྱིས་དེ་ལ་སྤྱད་པས་སེམས་ཀྱི་བདེ་བའང་ངང་གིས་ཐོབ་ཡོང་བ་རེད།  ལུས་ཀྱི་བདེ་བ་དང་སེམས་ཀྱི་བདེ་བ་གཉིས་ཀས་ང་ཚོའི་བཤད་པའི་ཚོར་བ་བདེ་བ་དེ་གྲུབ་ཅིང་། དེ་གཉིས་ལས་སེམས་ཀྱི་བདེ་བ་ནི་ཆེས་གལ་དང་ཤུགས་ཆེ་བར་འདོད།  གཉིས་ཀ་འཛོམས་ན་བདེ་བ་མཐར་ཐུག་དང་གཉིས་ཀ་མ་འཛོམས་ན་སྡུག་བསྔལ་མཐའ་ཟད།  གཅིག་ལས་ཅིག་ཤོས་མི་ཚང་བ་ཡིན་ན་ལུས་སྡུག་སེམས་བདེ་དང་ལུས་བདེ་སེམས་སྡུག་གཉིས་ཡོད། བྱིངས་ཀྱིས་སྔ་མ་དེ་ཕྱི་མ་ལས་བདེ་བར་ཁས་ལེན་ངེས་སོ།
  ང་ཚོས་བདེ་བ་འཚོལ་སྟངས་ལ་ནང་སེམས་ཀྱི་སྟེང་ནས་འཚོལ་བ་དང་ཕྱི་ལུས་ཀྱི་སྟེང་ནས་འཚོལ་བ་གཉིས་སུ་དགར་ཚེ།  ནང་སེམས་ཀྱི་སྟེང་ནས་འཚོལ་མཁན་དག་གིས་བདེ་བའི་གཙོ་བོ་དེ་སེམས་ཀྱི་བདེ་བར་འཇོག་གིན་པ་དང་ཕྱི་ལུས་ཀྱི་སྟེང་ནས་བདེ་བ་འཚོལ་མཁན་ལ་གྱིས་བདེ་བའི་གཙོ་བོ་དེ་ཕྱི་ལུས་ཀྱི་བདེ་བ་དེར་བྱེད་ཀྱིན་པ་ཤེས་ཐུབ།  དེ་ལས་དང་པོ་ནི་ཤར་ཕྱོགས་པ་དག་གི་བདེ་བ་འཚོལ་སྟངས་དང་གཉིས་པ་ནི་ནུབ་ཕྱོགས་པ་དག་གི་བདེ་བ་འཚོལ་སྟངས་རེད།  
དེ་ལས་དང་པོ་ཅུང་ཟད་སྤྲོ་ན།  ཤར་ཕྱོགས་པ་དག་གིས་བདེ་བའི་འབྱུང་ཁུངས་གཙོ་བོ་ནི་སེམས་ཡིན་པར་འདོད་ཅིང་སེམས་ཀྱི་བདེ་བའི་བརྩོན་ལེན་ལ་བརྟེན་ནས་མཐར་ཐུག་ཐར་བ་ཞེས་བདེ་བ་ཀུན་གྱི་ཡང་རྩེ་ལ་སོན་པར་འདོད།  དེ་དུས་བདེ་བ་འབའ་ཞིག་ལས་སྡུག་བསྔལ་མིང་ཙམ་ཡང་ལྷགས་པ་མེད་ཅིང་།  ཡང་བདེ་བའི་ཁམས་དེར་སོན་པར་ངེས་པར་དུ་དཀའ་བ་ཆེན་པོས་སེམས་སྔོག་འདོན་ལ་ཧུར་བརྩོན་བྱེད་དགོས་པས།  སེམས་སྔོག་འདོན་ལ་བརྩོན་གྱིན་པའི་སེམས་ཏེ་ལན་ཅིག་ཕྱིར་འདོད་ཡོན་གྱི་ཕྱོགས་སུ་གཡེང་ནའང་སེམས་སྔོག་འདོན་གྱི་ལས་མཚམས་རེ་ཞིག་བཞག་པ་དང་གཉིས་སུ་མེད་པས།  ཟས་སྲོག་འཚོ་དང་གོས་ལྷགས་སྐྱོབ་ཙམ་ལས་འགོངས་པའི་ཕྱི་རོལ་གྱི་ཡོད་ཚད་ནི་རང་ཉིད་ཀྱི་མཐར་ཐུག་གི་བདེ་བ་འཐོབ་པའི་གེགས་སུ་སོང་གཤིས་དེ་ལ་བརྩོན་པ་ཕར་ཞོག  དེ་ལ་སེམས་ཙམ་ཆགས་པའང་མི་རུང་བར་བཤད།  དེ་བས་ཁོང་ཚོས་དུས་རྣམ་ཀུན་ཏུ་སེམས་ཀྱི་བདེ་བ་བླར་ལེན་ཅིང་ལུས་ཀྱི་བདེ་བ་ཞབས་ནས་འདྲེན།  ཐ་ན་ཕྱི་རོལ་གཅེར་བུ་བ་ལྟ་བུའི་རང་ཉིད་ཀྱི་ལུས་ཕུང་ལ་མནར་གཅོད་ཆེན་པོ་དང་དཀའ་ཐུབ་ཀྱིས་སྲོག་གཏོང་བ་ལྟ་བུའི་ལུས་བདེ་ཀུན་ཏུ་ཁྱད་གསོད་ཀྱི་བྱ་སྤྱོད་མཐར་ཐུག་པའང་བྱུང་མྱོང་།  ཤར་ཕྱོགས་ཀྱི་ཡུལ་གྲུ་ཕལ་ཆེ་བ་ལ་རྒྱ་གར་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས།  རྒྱ་གར་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆེ་བའི་ཡུལ་དག་ཏུ་ཕྱི་དོན་དང་ཕྱིའི་ཚན་རིག་གཉེར་བའི་ལས་གཞི་ཉག་ཕྲ་ཞིང་ནང་གི་ཚན་རིག་དང་སེམས་ཀྱི་བདེ་ཐབས་གཉེར་བའི་རིག་ཤེས་ཀུན་ནས་གྲོལ།  འདི་ནི་རྒྱ་གར་མི་རིགས་ཀྱིས་བདེ་བ་ལ་འཛིན་པའི་ལྟ་སྟངས་ལས་བྱུང་བ་ཞིག་རེད།  ཀྲུང་གོ་ནི་ཤར་ནུབ་རིག་གནས་ཀྱི་བར་བརྒལ་ལྟ་བུར་གྱུར་འདུག་སྟེ།  ལུས་སེམས་གཉིས་ཀའི་བདེ་བའི་ཆ་ནས་ཅུང་ཟད་བརྩོན་པ་བསྐྱེད་ཡོད་པ་རེད།  ཀྲུང་གོ་ན་ལུའོ་ཙི་ལྟ་བུའི་ཅི་ཡང་མི་བྱ་བར་དབེན་ལྗོངས་ནས་བདེ་བར་སྡོད་པའི་སེམས་བདེ་གཉེར་བའི་ཤར་ཕྱོགས་རིག་གནས་ཀྱི་ཚབ་མཚོན་ཡོད་ལ།  ཧན་ཧྥེ་ཙི་དང་སུན་པིན་ལྟ་བུའི་ཕྱི་ལུས་ཀྱི་བདེ་ཐབས་གཉེར་བའི་ནུབ་གླིང་རིག་གནས་ཀྱི་ཚབ་མཚོན་ཀྱང་ཡོད།  དེ་མིན་ཁུང་ཙི་དང་མོ་ཙི་ལྟ་བུའི་ལུས་སེམས་གཉིས་ཀའི་བདེ་ཐབས་ལ་འབད་པའི་ཀྲུང་གོ་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱང་ཡོད་པ་རེད།  དེ་བས་ཀྲུང་གོ་ནི་ཤར་ནུབ་རིག་གནས་བསྡུས་པའི་དབུ་མའི་ལམ་དང་ཤར་ནུབ་རིག་གནས་གཉིས་ཀྱི་བར་བརྒལ་ཞིག་ཏུ་བལྟས་ཆོག  དེང་གི་ཤེས་དཔལ་རྒྱལ་ཁབ་འཇར་པན་ནི་གཙོ་ཆེ་བ་ཀྲུང་གོའི་རིག་གནས་ཀྱི་ཤུགས་རྐྱེན་ལས་རེད་ལ།  རྗེས་སུ་ནུབ་གླིང་རིག་གནས་ཀྱི་ཤུགས་རྐྱེན་ཀྱང་ཆེན་པོ་ཐེབས་པ་རེད།  དེ་བས་འཇར་པན་ལྟ་བུ་ནི་བར་བརྒལ་དུས་སྐབས་སུ་གནས་པ་ལ་ནུབ་ཕྱོགས་སུ་ཅུང་ཟད་ཡོན་འདུག་ཅེས་བཤད་ཆོག   
  ད་ནི་གཉིས་པ་ཅུང་ཟད་བཤད་པར་བྱ་སྟེ།  ང་ཚོས་ཤེས་གསལ་ལྟར་ཕྱིའི་ཚན་རིག་གི་འའབྱུང་གནས་གཙོ་བོ་ནི་གནའ་བོའི་ཀེ་རི་སི་དང་དེང་གི་ཡོ་རོབ་རྒྱལ་ཁབ་དག་རེད།  དེ་དག་ཀྱང་གཙོ་བོ་ཁོང་ཚོས་ལུས་ཀྱི་བདེ་བ་དེ་བདེ་བའི་གཙོ་བོར་མཐོང་བས་རྐྱེན་གྱིས་རེད། ཁོ་ཚོས་རྣམ་པ་ཀུན་ཏུ་ལུས་སེམས་ཀྱི་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ་ལུས་ཀྱི་བདེ་བ་བསྐྱེད་པའི་ཐབས་ལ་འབད།  གོས་ནི་ལྷ་གོས་ལྟར་འཇམ་ཞིང་འབོལ་ལ་ལྡེམ་ཞིང་དཔྱངས་པ་དག་དགོས་ལ། ཟས་ནི་རོ་བཅུད་ཀྱིས་བརྟས་ཤིང་བྲོ་བ་ཡིས་ཕྱུག་པ་དག་དགོས།  སྡོད་ཁང་ནི་ལྷ་དབང་བོའི་རྣམ་པར་རྒྱལ་བའི་ཁང་བཟང་ཀྱང་སྐྱེངས་པར་བྱེད་པ་དག་དགོས་ལ།  འགྲུམ་འགྲིལ་ཀྱང་ལུས་སེམས་དཀྱིལ་དཀྲུང་གིས་བསྡད་ན་ཉི་ཟེར་གྱི་རྟ་ལ་ཞོན་པ་ལྟར་གནམ་ལ་འཕུར་ཞིང་ས་ལ་འཛུལ་བ་དག་དགོས།  སེམས་ཀྱིས་དེ་དག་ལ་སྨོན་པའི་འདོད་པ་ཚད་མེད་དག་མངོན་དུ་འགྱུར་ཆེད་མི་ལོ་མང་བོའི་རིང་དུ་དཀའ་བ་སྤྱད་སྤྤྱད་མཐར་དེ་དག་ཀྱང་མངོན་དུ་གྱུར་བ་རེད།  འདི་ནི་ནུབ་ཕྱོགས་ལ་ཚན་རིག་དར་ཞིང་ཤར་ཕྱོགས་ལ་མ་དར་བའི་རྒྱུ་མཚན་རེད།  ནུབ་ཕྱོགས་པ་ཚོས་དེ་ལྟར་ཕྱི་ཡུལ་ལ་རྟོག་དཔྱོད་ཞིབ་འཇུག་བྱས་པ་ལས་ནང་གི་བསམ་པ་ལ་སྔོག་འདོན་བྱེད་པར་བརྩོན་མ་མྱོང་བ་འདྲ་སྟེ།  ཁོང་ཚོས་ཕལ་ཆེར་རྣམ་པ་ཀུན་ཏུ་ས་དཔྱད་རྡོ་དཔྱད་ལས་བློ་དཔྱད་ཡིད་དཔྱད་བྱེད་ཀྱིན་མེད།  རང་གི་ལུས་ཀྱི་བདེ་ཐབས་དེ་དེ་ལྟར་ཕྱི་ཁོར་ཡུག་གི་སྟེང་དུ་སྤར་ནས་དོན་དུ་གཉེར་དུས་རྙོག་རྫོབ་ཆེ་བའི་མི་དང་མིའི་དབར་གྱི་འབྲེལ་བ་དང་འགལ་བ་སྣ་ཚོགས་པ་ཞིག་འབྱུང་བར་འགྱུར་ཏེ།  རང་གི་བདེ་ཐབས་སུ་འདོད་པའི་ཕྱིའི་ཆོས་དེ་མི་གཞན་ཞིག་གི་བདེ་ཐབས་སུའང་གྱུར་ཡོད་པ་ཡིན་ན།  ཁོ་གཉིས་ཀྱིས་དེ་གཅིག་པུའི་ཆེད་དུ་འཐབ་རྩོད་དང་བཙན་ཤུགས།  གཡོ་སྒྱུ་སོགས་ལས་ངན་པ་དང་དྲག་རྩུབ་ཀྱི་བྱ་བ་སྣ་ཚོགས་སྤྱད་དེ་རང་གི་འདོད་པ་དེ་འགྲུབ་པར་བྱེད།  རང་གི་འདོད་པའི་རྒྱ་བསྐྱེད་དང་མཉམ་དུ་གཞན་གྱི་འདོད་པའང་དེ་ལྟར་རྒྱ་བསྐྱེད་པ་ཡིན་ན་འདོད་པའི་ཆོས་ཕན་ཚུན་རྐྱ་འཐབ་པ་ལ་བརྟེན་ནས་འགལ་འདུའི་ལས་གང་མང་མང་ཞིག་ངེས་པར་དུ་འབྱུང་སྲིད།  འགལ་འདུའི་ལས་ལས་གདོང་གཏུག་དང་འཐབ་འཛིང་།  དམག་འཁྲུག་དང་དམར་གསོད་སོགས་རང་གི་དེ་སྔའི་བདེ་བ་འདོད་པའི་འདོད་པ་དང་ལྡོག་པའི་ལས་གང་མང་མང་བྱུང་ཞིང་།  དེ་ནི་ང་ཚོའི་བདེ་བ་འདོད་པའི་རྩ་བའི་སེམས་ཀྱི་རང་བཞིན་དང་འགལ་བས་ངེས་པར་དུ་དེ་ཉིད་བསྡུམས་པའི་བར་འདུམ་ཚོགས་པ་དང་བར་འདུམ་མིེ་སྣའམ་ཤན་འབྱེད་པ་ཞིག་ངེས་པར་དུ་དགོས།  དེ་ནི་རྒྱལ་ཁབ་རེད།  སྲིད་གཞུང་རེད།  དྲག་པོའི་དཔུང་སྟོབས་འཁྱེར་ཏེ་སྤྱི་དང་བྱིངས་ཀྱི་ཁེ་ཕན་བསྒྲུབ་མཁན་རེད།  འདི་ནི་ལུས་ཀྱི་བདེ་བ་གཉེར་བ་ལས་བྱུང་བ་ཞིག་རེད།  གཅེར་བུ་བ་ལྟ་བུ་ལ་མཚོན་ནས་བཤད་ནའང་།  རང་ཉིད་ཀྱིས་རང་ཉིད་ཀྱི་ལུས་ཕུང་ལ་རབ་ཏུ་གཙེས་པ་ཙམ་ལས་ཁོང་ཚོས་མི་གཞན་གང་ལའང་གནོད་ཅུང་ཟད་ཙམ་ཡང་བསྐྱལ་བར་མི་བྱེད་པས།  ཁོང་ཚོ་ལ་ཆེད་དུ་རྒྱལ་ཁབ་དང་།  དམག་གི་སྒྲིག་གཞི།  ཁྲིམས་ཀྱི་ཚད་ཤིང་།  སྲིད་གཞུང་གི་བར་འདུམ་སོགས་མི་དགོས་པ་རེད།  རྒྱུ་མཚན་ཁོང་ཚོའི་མི་དང་མིའི་དབར་གྱི་འབྲེལ་བ་འཐབ་འཛིང་དང་འཕྲོག་རྩོད་མ་ཡིན་པར།  བཏང་སྙོམས་དང་མཐུན་འགྲིག་ཡིན་པས་རེད།  དེ་བས་ཁོང་ཚོ་ལ་དེ་ལྟའི་འགལ་བ་འདུམ་བྱེད་ཀྱི་ལག་ཆ་མང་བོ་མི་དགོས་བ་རེད།  ཡིན་ཡང་ནུབ་གླིང་ནི་དེ་འདྲ་མ་ཡིན་པར།  ལུས་པོ་བདེ་ཐབས་ཀྱི་ཕྱིའི་ཟས་གོས་སྡོད་གསུམ་དང་དངོས་པོ་སོགས་རྩོད་པའི་གོ་རིམ་ཁྲོད་ནས་འཐབ་རྩོད་འཁྲུག་ལོང་མང་བོ་བསྟུད་མར་བྱུང་ཞིང་དེ་དང་བསྟུན་ནས་ཆབ་སྲིད་ཀྱི་ལམ་ལུགས་ཀྱང་མེད་པ་ནས་ཡོད་པ།  ཆ་མི་ཚང་བ་ནས་ཆ་ཇེ་ཚང་གི་ཕྱོགས་སུ་ཕྱིན་ཏེ་མཐར་ཐུག་དེང་གི་དམངས་གཙོའི་སྲིད་སྐྱོང་སྟངས་འདི་འདྲ་བ་དག་བྱུང་བ་རེད།  འདི་དག་ནི་ཤར་ཕྱོགས་ཀྱི་སྲིད་སྐྱོང་སྟངས་དག་ནུབ་ཕྱོགས་ལས་རྗེས་སུ་ལུས་ཤིང་ཆ་མི་ཚང་བའི་རྒྱུ་མཚན་ཡིན་པར་འདོད།  དེ་མིན་འཇིག་རྟེན་འདིར་གཏན་བདེ་ཡོངས་ཐབས་ཀྱི་ཕྱོགས་ནས་ཀྱང་ཤར་ནུབ་ཕྱོགས་གཉིས་ལ་ཁྱད་ཅུང་ཟད་ཆེ་སྟེ།  ཤར་ཕྱོགས་པ་དག་གིས་གཙོ་བོ་སེམས་ལ་དམིགས་གཏད་དེ་གཏན་བདེ་ཡོངས་ཐབས་བཙལ་ཡོད་ལ།  ནུབ་ཕྱོགས་པ་དག་གིས་ཕྱིའི་ཡུལ་གྱི་ངོས་ནས་གཏན་བདེ་ཡོངས་ཐབས་བཙལ་འདུག   
  དེ་ནི་འདི་ལྟ་སྟེ།  ཤར་ཕྱོགས་པ་དག་གིས་བདེ་བ་མི་ཡོང་བའི་རྩ་བའི་རྒྱུ་མཚན་ནི་ངའམ་བདག་ཡིན་པར་འདོད་དེ།  ནམ་ཞིག་མི་ཀུན་གྱིས་བདག་བཅོམ་པ་ཡིན་ན་འཇིག་རྟེན་ཐམས་ཅད་བདེ་སིམ་སེར་སོང་ནས་གཏན་བདེ་འཐོབ་པ་རེད་ལ།  མི་གཅིག་གིས་བདག་བཅོམ་པ་ཡིན་ན་མི་དེ་ལ་གཏན་བདེ་འཐོབ་སོང་བ་རེད།  འཇིག་རྟེན་འཁྲུག་པ་ཀུན་གྱི་རྩ་བ་དང་མི་བདེ་བ་ཡོངས་ཀྱི་འབྱུང་གཞི་ནི་བདག་ཡིན་པར་འདོད་དེ་བདག་བཅོམ་པ་ལ་བརྩོན་འདུག   ནུབ་ཕྱོགས་པ་དག་གིས་འཁྲུག་པ་ཀུན་བསྡུམས་ཏེ་མེད་པར་མཛད་པའི་ལག་ཆ་ནི་ཁྲིམས་ཡིན་པར་འདོད་དེ་ཕྱིའི་ཁྲིམས་ཆ་ཚང་དང་ནུས་ལྡན་དུ་བཟོས་ཤིང་ཁྲིམས་ཀྱི་འདུ་ཤེས་སྤྱི་དམངས་ཀུན་གྱི་རྒྱུད་ལ་བསྐྱེད་པ་ལ་བརྟེན་ནས་ཁྲིམས་ཀྱིས་རྒྱལ་ཁམས་བདེ་ལ་འགོད་པའི་ཕྱོགས་སུ་ཤུགས་འདོན།  ཀྲུང་གོའི་ལོ་ཙིི་ཡིས་ཅི་ཡང་མི་བྱ་བ་སྟེ་ཅི་ཡང་མི་བྱེད་པས་འཁྲུག་ཟིང་ཀུན་ཞི་འཇགས་སུ་འགྲོ་བར་འདོད་ལ།  ཁུང་ཙི་ཡིས་གཉེན་ལྔ་སོགས་སྔར་ཡོད་བདེ་བའི་དུས་ཀྱི་འབྲེལ་བ་དེ་དག་སླར་གསོ་བྱེད་པ་ལ་བརྟེན་ནས་རྒྱལ་ཁམས་བདེ་རུ་འགྲོ་བར་འདོད།  མོ་ཙི་ཡིས་ཕན་ཚུན་ལ་དགའ་བ་ཡིས་རྒྱལ་ཁམས་བདེ་རུ་འགྲོ་བར་འདོད།  ཧན་ཧྥེ་ཙི་སོགས་ཀྱིས་དྲག་རྩུབ་ཀྱི་ཁྲིམས་ལ་བརྟེན་དགོས་པར་འདོད།  དེ་བཞིན་དུ་འཁྲུག་ཟིང་གི་རྩ་བ་དེ་མོ་ཙི་ཡིས་མི་དགའ་བ།  ཁུང་ཙི་ཡིས་འབྲེལ་བ་འཆོལ་བ།  ལོ་ཙི་ཡིས་བྱར་བཅས་སོགས་ཡིན་པར་འདོད་འདུག  དེ་དག་ཀུན་ཀྱང་ཀུན་སྤྱོད་དུ་བསྡུ་ཆོག་པ་འདྲ།  
   དེ་དག་ལས་ཟབ་ཁྱད་ནི་རིམ་པ་བཞིན་བདག་མེད།  ཀུན་སྤྱོད།  ཁྲིམས་སོགས་རེད།  ཡང་བདག་མེད་དང་ཀུན་སྤྱོད་གཉིས་ནི་ནང་སེམས་བཅོས་ཐབས་དང།   ཁྲིམས་ནི་ཕྱི་ལུས་བཅོས་ཐབས་རེད།  འདི་ནི་ཤར་ནུབ་ཀྱི་བདེ་བ་སྒྲུབ་པའི་ཐབས་མི་འདྲ་བའམ་བདེ་བ་འཚོལ་ལུགས་མི་འདྲ་བ་དག་རེད།
  གང་ལྟར་ཤར་ནུབ་རིག་གནས་འདི་གཉིས་ཀླད་པ་གཡས་གཡོན་གཉིས་དང་འདྲ་སྟེ།  གལ་ཏེ་ནམ་ཞིག་ཀླད་ཟམ་བརྒྱུད་ནས་ཤེས་རིག་གཉིས་ཟུང་འབྲེལ་བྱེད་ཐུབ་ཚེ།  དེ་དུས་ང་ཚོའི་འགྲོ་བ་མིའི་ཤེས་རིག་འདི་ཁམས་མཐོན་པོ་གཞན་ཞིག་ཏུ་ཐོན་ངེས་ཨང་།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།