གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤ་དང་རུས་པའི་ལྷད་མེད་ཀྱི་བརྩེ་དུང་།

2013-06-12 14:25:00 རྡོ་ལྗང་སྨྱུག ཀློག་གྲངས། མཆན ཡོད།

  དཔལ་དོན་གྲུབ་རྒྱལ་མཆོག་གི་ཤེས་རབ་ཀྱི་རྩལ་ལས་ཐོན་པ་ལྷའི་བཟོ་བོ་བི་ཤྭ་ཀརྨས་བྲིས་པའི་རི་མོ་ལྟ་བུའི་བརྩམས་སྒྲུང་དག་གིས་ཀློག་པ་པོ་སུ་ཞིག་གི་ཡིད་ཀྱི་དུངས་བ་ཅིག་ཅར་དུ་འཕྲོག་མི་ཐུབ་པ་མེད་ཅེས་སྨྲས་ཀྱང་ཀུན་མཐུན་གྱིས་ཁས་ལེན་ཞིག་ཡིན་དཀའ་་་་ནའང་། ཁོ་བོ་ནི་སྐུ་ཞབས་མཆོག་གི་ཤ་དང་རུས་པའི་བརྩེ་དུང་ཅེས་པའི་བརྩམས་སྒྲུང་ འདི་བཀླགས་ཐེངས་རེར་ལ་སེམས་ཁོང་གི་བརྩེ་བའི་ཞིང་ས་གཤིན་པོ་ལ་རློན་པའི་ཆུ་དང་དྲོད་ཁོལ་གྱི་འོད་སྣང་ཞིག་ངང་གིས་སྦྱིན་ཡོང་། གཏམ་རྒྱུད་འདིས་ནང་དུ་དོན་གྱི་བྱུང་ རིམ་ཡོད་ཚད་ལུ་གུ་རྒྱུད་དུ་ཅེས་པའི་དཔེ་ལྟར་གཅིག་རིམ་གཅིག་འཕྲོར་གསལ་བོར་སྣང་བ་དང་།མི་སྣ་སོ་སོའི་ནང་སེམས་ཀྱི་བཀོད་པ་དེ་ཧ་ཅང་གསོན་ཉམས་ལྡན་པས་ཀློག་མཁན་སུ་ཞིག་གི་ནང་གི་སེམས་པ་ཉ་མོ་ལྟ་བུ་ལ་ཤ་དང་རུས་པའི་བརྩེ་དུང་གི་གཙང་ཆབ་ཅིག་མི་མཁོ་བ་མེད་སྙམ། རྩོམ་པ་པོས་ཨ་ཁུ་ལྷ་བཟོ་བའི་མི་ཚེའི་ཀྱག་ཀྱོག་གི་ལམ་ཕྲན་ཁྲོད་ ཀྱི་བརྩེ་བའི་མ་ཡིས་དྲིན་མྱོང་ཡུན་ཆད་དེ་གཏན་དུ་བྲལ་བ་དང་། བྱམས་ལྡན་ཕ་ཡིས་ ཆུང་དུས་ནས་གཅེས་ཕྲུག་གཉོམ་ལག་བརྐྱངས་བའི་འགན་རང་ཉིད་གཅིག་པུས་ཁུར་བ་་་་དང་། གཅེས་ཕྲུག་ནར་སོན་དུས་ཕ་དང་གསང་སྟབས་ཀྱིས་ཕྱི་རྒྱལ་ཁམས་ཉུལ་བ། མཐར་རང་ཡུལ་ལ་ལོག་དུས་འཇིག་རྟེན་འདིའི་སྟེང་གི་ཆེས་བརྩེ་བ་དང་ཆེས་བྱམས་པའི་ཡབ་དྲིན་ཆེན་པོ་གཅིག་པུ་ལགས་ཀྱི་སྐུ་ལུས་ཟླ་བའི་དཀྱིལ་འཁོར་ནུབ་རིར་བཞུད་སོང་བའི་གཏམ་རྒྱུད་ལས་ཨ་ཁུ་ལྷ་བཟོ་བ་ཁོང་ཉིད་ཇི་སྲིད་ནས་ཇི་སྲིད་དུ་སྐྱེད་བཞིན་པའི་འགྱོད་སེམས་ཤུགས་དྲག་པོ་འདིའི་རྒྱུ་རུ་གྱུར་བའི་དྲིན་ཆེན་ཡབ་ཡུམ་གཉིས་ལ་བཅངས་བའི་བརྩེ་དུང་དང་། ཕས་བུ་ལ་བཅངས་བའི་བརྩེ་དུང་། བུས་ཀྱང་བྱམས་བརྩེའི་བདག་ཉིད་ཅན་གྱི་ཕ་མར་བཅངས་བའི་མ་བཅོས་ལྷུན་གྱིས་གྲུབ་པའི་བརྩེ་དུང་དག་མངོན་པར་མཚོན་ཡོད།
          དང་པོ། ཡབ་དང་ཡུམ་གྱི་ལྷད་མེད་པའི་བརྩེ་དུང་།
   “ངའི་ཨ་ཕ་ལྟར་ཁྲེལ་ཡོད་པའི་མི་ཞིག་བཙལ་ནའང་རྙེད་དཀའ་མོ་ཡིན། ཨ་མ་འདས་ དུས་ཕོ་ལོ་སུམ་ཅུར་ཡང་ལོན་མེད་ཀྱང་ཨ་མ་འདས་རྗེས་ནས་བཟུང་བུ་མོ་གཅིག་གི་ངོ་ལའང་བལྟས་མྱོང་མེད་ཟེར།”“ གལ་སྲིད་ངའི་ཨ་མ་དྲིན་ཆེན་དེ་ད་ལྟ་བཞུགས་ཡོད་པ་ཡིན་ན། ཁོང་ཁྱོ་ཤུག་གཉིས་ལས་སྐྱིད་པའི་བཟའ་ ས་བྱོལ་བྱས་པ།ཁྱིམ་གཞིས་དྲོན་མོ་ཞིག་གི་བརྟེན་ས་འཁེན་ས་མེད་པ་ཞིག་ནས་གསར་འཚང་ཞིག་འཇིག་རྟེན་འདི་ན་མེད་ཅེས་ངས་ཁག་ཐག་བྱེད་ཐུབ”ཅེས་ཨ་ཁུ་ལྷ་བཟོ་བས་སྤོབས་པ་དང་ཡིད་ཆེས་ཀྱིས་གདེང་འཇོག་གམ་སྡོམ་ཚིག་འདི་འདྲ་ཞིག་བཞག་པ་འདི་ནི་ཁོང་གི་ཡབ་ཡུམ་གཉིས་ཀྱིས་ལྷད་མེད་པའི་བརྩེ་དུང་ལས་བྱུང་བའི་ངེས་ཤེས་ཅིག་ཡིན། ཁོང་གི་ཡབ་ཡུམ་གཉིས་ཀྱི་ལྷད་མེད་པའི་བརྩེ་དུང་དེ་བློ་ངོར་ནམ་ཡང་མི་ནུབ་པའི་སྤོབས་པ་དང་འགྱུར་མེད་ཀྱི་བརྩེ་བའི་རྒྱན་ཆས་ཡོངས་སུ་་་སྤྲས་ནས་རང་ཉིད་རིགས་ཀྱི་བརྩེ་དུང་ལ་རྒྱབ་འགལ་དང་དཔའ་ཞུམ་མེད་པ་ཐོག་མའི་རང་དབང་མིན་པ་དང་རུས་དབང་ཐང་སོགས་ཀྱི་རྒྱུ་རྐྱེན་དབང་ཤེད་བཙན་པོ་དག་ལ་་་་་་་གསང་སྟབས་ཀྱིས་ཡར་འཁྱམས་མར་འཁྱམས་ཀྱི་བྲོ་ཛུགས་བྱེད་ཐུབ་པར་བྱུང་བ་འདི་དངོས་ནས་ཐོབ་དཀའ་ལ་སྡུག་ཐེག་པ་ཅིག་དང་ཞུམ་མེད་ཀྱི་བློ་སྤོབས་ཤིག་དགོས་པ་སྨོས་མེད་རེད། རེད་དེ། ལྷད་མེད་པའི་བརྩེ་དུང་འདི་ལྟ་བུ་ཞིག་ནི་མ་གཞི་ནས་ཁོང་གཉིས་ཀྱི་མི་ཚེའི་རེ་སྙེག་ཅིག་དང་འགྱུར་མེད་ཀྱི་དམ་བཅའ་ཞིག འཚོ་བའི་ཕུགས་བསམ་ཞིག་ཡིན་པས་མི་རང་གི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་ལྷད་མེད་ཅིག་མངོན་ཐུབ། ཨ་ཁུ་ལྷ་བཟོའི་ཕ་མ་གཉིས་ཀྱིས་སྡུག་དང་དཀའ་ལས་ཅི་འདྲའི་ཁེག་པོ་ཞིག་མྱངས་དང་མྱོང་དགོས་ཀྱི་དངོས་ཡོད་ལ་གདོང་གཏད་པ་ལས་ཞུམ་པའི་ལས་ལ་མ་ཞུགས་པར་མཐར་གཞིས་ཁྱིམ་དྲོན་མོ་ཞིག་ཆགས་ཏེ་སྙིང་གི་གཅེས་ཕྲུག་ཅིག་བཙས་པ་གཡུ་ལ་ཕྲ་བཏབ་པ་དང་འདྲ།འཚོ་བའམ་འཁོར་བ་དོང་འདྲ་བའི་སྡུག་བསྔལ་ལ་སུས་ཀྱང་འཁང་ར་མ་བྱས་པར་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་བྱས་ཏེ་ལོ་ཟླའི་འཁོར་ལོར་ཕན་ཚུན་གྱི་བརྩེ་བ་དང་དགོད་སྒྲས་དུས་འདའ་བར་བྱས་སོང་།ཡིན་ནའང་ཚེ་མི་རྟག་རླུང་ཁའི་མར་མེ་ཟེར་བའི་དཔེ་བཞིན་དུ་མི་ཡུལ་གྱི་སྐྱེས་འཆིས་སྡུག་བསྔལ་ལས་ཐར་བ་གཅིག་ཀྱང་མེད་ལ་ཐར་ཡང་མི་སྲིད་པར་ཨ་མའི་རྣམ་ཤེས་ཀྱི་ཉ་མོ་འཆི་བདག་གི་ལྕགས་ཀྱུས་ཡུལ་འདི་ནས་གཏན་དུ་དྲུད་སོང་རུང་། འོན་ཀྱང་ཨ་ཕའི་ནང་སེམས་ཀྱི་བརྩེ་དུང་གི་མཚོ་མོ་ཁེར་རྐྱང་གི་སྡུག་བསྔལ་གྱིས་སྐེམས་མ་མྱོང་ལ་འཁོར་བའི་ཕུན་ཚོགས་ཀྱིས་འགྱུར་བ་བྱུང་མྱོང་མེད།དེ་ཡང་ཁོང་གིས་བྲིས་བའི་ལྷ་མོ་གདོང་ལ་སེམས་སྐྱོ་བའི་རྣམ་འགྱུར་དང་སུ་ཞིག་ལ་ཞེན་ཆགས་པའི་མིག་མདངས་ཤར་བ་དེ་ལ་བརྟེན་ནས་དྲན་གདུང་གི་སེམས་པ་མནར་ཐེངས་རེར་ཐང་ག་དེ་ཡིད་ལ་སྒོམ་པ་དང་སྙིང་གར་སྦྱར་ནས་མིག་མཐར་མཆི་མ་འཁོར་བ་དང་།སྔོན་སོང་གི་བརྩེ་དུང་ལ་ནང་སེམས་ནས་ཕྱིར་རྟོག་གི་འཕྲུལ་སྣང་བྱུང་བ་ལས་དེར་བལྟས་ནས་ཧ་ལས་བའི་གནས་ཚུལ་ཡོད་པ།ཨ་མས་ཞལ་ཆེམས་ལག་ལེན་མ་བསྟར་བ་སོགས་ལས་མ་གཞི་ནས་ཨ་ཕ་ཁོང་གི་འགྱུར་བ་མེད་པའི་སེམས་པ་མི་སྣ་གཅིག་ལ་འཁོར་ཏེ་ནང་སེམས་ཀྱི་སྡུག་བསྔལ་ཏེ་འདོད་པའམ་ཉོན་མོངས།ཁེར་རྐྱང་སོགས་རབ་ཏུ་ཞི་བར་བཅུག་པ་ཤེས་ཐུབ།འདི་ལས་རླབས་ཆེ་བའི་བརྩེ་དུང་གཅིག་གི་རེ་སྙེག་ལ་ནང་སེམས་ཀྱི་འགྱུར་བ་མེད་པའི་དམ་བཅའ་ཞིག་མེད་ན་མི་བརྟན་པ་ཤེས་ཐུབ་བོ།།
         གཉིས་པ། བུ་ལ་བཅངས་བའི་ལྷད་མེད་པའི་བརྩེ་དུང་།
  ཕ་སེམས་བུ་ཐོགས་དང་བུ་སེམས་རྡོ་ཐོགས་ཞེས་མགོ་བརྩམས་པ་ལས་ཨ་ཁུ་ལྷ་བཟོ་བ་ཁོང་ཉིད་ཀྱིས་ཨ་ཕའི་བརྩེ་དུང་ལ་མཐོང་ཆེན་རྩིས་མཐོང་དེ་འདྲ་མ་བྱས་པར་འགྱོད་་་་་་གདུང་གི་ངོས་ན་ཡོད་པ་རྟོགས་ཐུབ། འོན་ཀྱང་དེ་ནི་བསམ་བཞིན་ཞིག་མ་ཡིན་པའི་རྒྱུ་ མཚན་ཞིག་ཡོད་དེ། ཨ་ཁུ་ལྷ་བཟོ་བ་ཁོང་ཉིད་ཆུང་དུས་དམིགས་ཡུལ་མེད་པའི་ངང་ནས་ གསང་སྟབས་ཀྱིས་ཕྱི་རུ་འཁྱམས་པ་དང་། ཕྱིར་ཡུལ་ལ་ལོག་དུས་རང་གི་ཨ་ཕ་ཚེ་ལས་ འདས་བས་རང་ཉིད་ཀྱིས་ཡབ་ཀྱི་བྱམས་བརྩེ་དང་བཀའ་དྲིན་རྗེས་སུ་དྲན་པའི་སྣང་ངོར་་ དྲིན་ལན་འཇལ་མྱོང་མེད་པར་འགྱོད་སེམས་དྲག་པོ་དང་བཅས་ཏེ་རང་ཉིད་ལ་སྡོམ་ཚིག་ཅིག་བཀོད་པ་ཅིག་ལགས་ཏེ།འདིས་རྒྱབ་ཕྱོགས་ན་ང་ཚོར་བསྟན་པ་ནི་ཨ་ཁུ་ལྷ་བཟོ་རང་ཉིད་ཀྱིས་བཙལ་འོང་བའི་རྒྱུ་ནོམ་པ་རྩ་ཆེན་ཅི་འདྲ་ཡོད་ཀྱང་ཨ་ཕའི་ལྷད་མེད་ཀྱི་བརྩེ་དུང་དེ་ལྟ་བུ་ཞིག་འཇིག་རྟེན་ལས་རྙེད་དཀའ་བའི་གནས་ལུགས་ཤིག་བརྗོད་ཡོད། ཁོང་གི་ཨ་ཕ་ནི་དངོས་གནས་ངེས་བ་དོན་གྱི་རླབས་ཆེན་གྱི་ཡབ་ཆེན་ཅིག་ཡིན་པ་ཀློག་པ་པོ་སུས་ཀྱང་ཤེས་ཐུབ་ལ།ངས་འདིར་བརྗོད་འདོད་པ་ནི་ཨ་མར་བཅངས་བའི་ལྷད་མེད་ཀྱི་བརྩེ་དུང་ཁོ་ན་བཤད་པ་མིན།རྒྱུ་མཚན་ནི་བུ་ཕྲུག་ཅིག་གི་སློབ་གསོའི་ལས་དང་པོ་ཁྱིམ་གྱི་སློབ་གསོ་ནས་མགོ་རྩོམ་པ་དང་། དགེ་རྒན་གྱི་ཐོག་མ་ཕ་མས་བསྒྲུབ་པ་ཅེས་པ་ལྟར། ཨ་ཕས་བུ་ཕྲུག་གཉོར་སྐྱོང་གི་ལས་འགན་ཡོངས་རྫོགས་རང་ཉིད་གཅིག་པུས་གཅིག་ལྕོགས་ཀྱིས་ཁུར་ནས་བྱམས་སྐྱོང་ལེགས་པར་མཛད།ལྷ་བཟོ་ཁོང་ཉིད་ནར་སོན་པའི་ལོ་ཟླའི་གོ་རིམ་ཁྲོད་དུ་ཡབ་རང་གི་ཉམས་མྱོང་དང་མན་ངག་ཡོད་ཚད་གཅེས་བའི་བུ་ཕྲུག་ལ་བུམ་པ་གང་བྱོའི་ཚུལ་དུ་གནངས་ནས་ཐང་གའི་སྒྱུ་རྩལ་གནས་འགའ་ཞིག་གི་འབྲི་ཐབས་ཡབ་ཀྱིས་བྲིས་བ་ལས་ལེགས་ཚུལ་གྱི་བསྟོད་པའི་མཐེ་བོང་བསྒྲེངས་བ་སོགས་སྐུལ་ལྕག་དང་ནན་ཏན་བགྱིས། འདི་དག་ནི་ཨ་མའི་ཞལ་ནས་ང་སོང་རྗེས་སུ་བུ་འདི་སྡུག་དུ་མ་འཇུག་དང་།རབ་ཏུ་བྱུང་ན་རི་མོ་ཞིག་བསླབས་ནས་ལྷ་བཟོ་བ་ཞིག་བྱས་ན་བཟང་།གལ་སྲིད་དེ་འདྲ་མ་བྱུང་ཚེ་ཡང་ཆུང་མ་ཡག་པོ་ཞིག་བླངས་ནས་རྒྱལ་ཁམས་ཀུན་མཐུན་གྱི་འཚོ་བ་ཞིག་སྐྱེལ་དུ་འཇུག་རྒྱུ་གལ་ཆེ་ཅེས་པའི་ཁ་ཆེམས་འཛིན་པའི་རྒྱུ་དང་ཡབ་ཁོང་གི་བློ་དཀར་སེམས་ཀྱི་སྣང་ངོར་རང་གི་འཇིག་རྟེན་འདི་རུ་སྲོག་ལས་གཅེས་པའི་བུ་ཕྲུག་ལ་བཅངས་བའི་བརྩེ་དུང་གི་རྒྱུའི་བསྐྱེད་འབྲས་ཁོ་ན་ལགས།ཨ་ཁུ་ལྷ་བཟོ་བའི་ཕ་ཁོང་གི་མི་གཤིས་འདི་ལྟ་བུ་ཞིག་ཆགས་ཐུབ་པ་འདི་མི་ཞིག་གི་ནང་སེམས་ཀྱི་རྟོག་ངོར་རང་གི་མི་ཚེའི་རེ་སྙེག་གི་མངོན་ཚུལ་དང་། འཇིག་རྟེན་ལ་ལྟ་ཕྱོགས།རིན་ཐང་གི་འདུ་ཤེས་འཛིན་སྟངས་སོགས་ལས་ལྷད་མེད་ཀྱི་ཤ་དང་རུས་པའི་བརྩེ་དུང་འདིས་ཡོད་ཚད་ལ་འགན་ལེན་མཐའ་འཁྱོལ་བྱས་པ་དང་ལྷད་མེད་པ་འདི་ལ་འགྱུར་བ་ཏོག་ཙམ་ཡང་བྱུང་མྱོང་མེད་པའི་མི་ཡུལ་ཀྱི་མཛེས་སྡུག་གི་མཆོག་དང་།ལྷད་མེད་པ་འདི་འདྲ་ཞིག་མངོན་འགྱུར་བྱུང་ཐུབ་ན་ནི་དངོས་གནས་འཇིག་རྟེན་འདི་རུ་རྟག་བརྟན་འགྱུར་མེད་ཀྱི་གླེང་གཞི་ཞིག་ཏུ་ངེས་ཆོག་གོ།
          གསུམ་པ། ལྷད་མེད་པའི་བརྩེ་དུང་གི་བསླབ་བྱ།
  རིག་གནས་དང་མི་གཤིས་གཉིས་ཀྱི་བར་ལ་བསྐྱེད་བྱ་སྐྱེད་བྱེད་དང་རྒྱུ་དང་འབྲས་བུའི་ནང་སེམས་ཀྱི་བདག་ཉིད་ཅན་དུ་གྲུབ་པ་བདེན་མོད།རིག་གནས་དར་བའི་དུས་སྐབས་ འདི་ལ་མིའི་འདོད་པས་མི་རེའི་རིན་ཐང་གི་ལྟ་ཚུལ་དང་། མི་ཚེའི་བདེ་སྐྱིད་ཀྱི་འཚོལ་སྙེག གོང་ཐང་གཅོད་ཕྱོགས་སོགས་ལ་ཉ་ཉོག་གི་ལྷད་ཞུགས་ཏེ། བུ་ཕྲུག་གིས་ཕ་མ་གཉོར་སྐྱོང་མི་བྱེད་པ། ཕ་མ་བཟའ་ཐོར་གྱི་གནས་ཚུལ་མང་བ། སྐྱེ་བོ་གང་མང་ཞིག་བརྩེ་དུང་གིས་སྡུག་བསྔལ་གྱི་རྒྱ་མཚོ་འཕངས་ཏེ་རང་དམེ་བྱེད་པ། བཟའ་ཐོར་ལས་བུ་ཕྲུག་གི་གཉོར་སྐྱོང་དང་སེམས་ཁམས་ལ་དོ་སྣང་སྤུ་ཙམ་ཡང་མི་བྱེད་པ་སོགས་ཀྱི་སྣང་ཚུལ་བྱུང་བ་འདི་ནི་ནམ་ལངས་ལངས་དང་ཉི་མ་ཤར་ཤར་ཡིན། ང་ཚོའི་འཚོ་བའི་ཁྲོད་དུ་ཕྱིའི་དངོས་བོའམ་རྒྱུ་ནོམ་པ་ཡིས་མིའི་འདོད་བློ་ལ་ཟ་དང་ཟུར་ནས་དབང་བསྒྱུར་ནས་མི་དང་མིའི་བར་གྱི་གོང་ཐང་གཅོད་ཕྱོགས་དང་། མི་ཚེའི་ལྟ་ཚུལ། འཇིག་རྟེན་ལྟ་ཚུལ་བཅས་ལས་རྙོག་འཛིང་ཅན་དང་འཆམ་མཐུན་མིན་པ། འདྲ་མཉམ་མིན་པ། རྩིས་མཐོང་མེད་པར་འགྱུར་འགྲོ་བ་འདིས་འགྲོ་བ་མིའི་ལྷད་མེད་པའི་བརྩེ་དུང་ལ་ཆགས་གྲུམ་ཤོར་བར་རགས་ལས། རྒྱུ་མཚན་སུས་ཀྱང་བརྩེ་དུང་ལ་འགན་ཁུར་མཐིལ་ཕྱིན་པ་དང་དཔྱོད་ཤེས་ཀྱིས་འཇུག་ན་རྒྱལ་ཁབ་བམ་སྤྱི་ཚོགས། མི་རིགས། མི་བུ་རང་ཉིད་སོགས་ཀུན་མཐུན་ཅིག་དང་དོན་སྙིང་ཅན་དུ་འགྱུར་བར་རྒྱུ་འབྲས་གཏན་ཚིགས་ཀྱི་རང་བཞིན་ལྡན་ནོ། རང་རེ་གངས་ཅན་པའི་སྐྱ་ཟད་སྔོ་སྡུག་གི་གནས་བབ་འདི་ཡང་བོད་པ་ཚོས་མི་དང་མིའི་བར་གྱི་བརྩེ་དུང་དང་། མི་བུ་དང་རིགས་བར་གྱི་བརྩེ་དུང་། མི་རིགས་དང་རིག་གནས་བར་གྱི་བརྩེ་དུང་། ཕ་ཡུལ་ལ་བཅངས་བའི་བརྩེ་དུང་སོགས་ཕྱོགས་སོ་སོ་ནས་ལྷད་མེད་པ་རེ་ཆགས་སུ་འཇུག་ཅི་ཐུབ་བྱེད་པར་ཤུགས་སྣོན་གང་ལེགས་གཏོང་དགོས།ད་ལྟའི་གནས་བབ་ལྟར་ཡིད་ཆེས་དབེན་པ། བློས་གཏད་ཁག་པོ། གཡོ་སྒྱུའི་ཕྱུག་པ། དབྱེན་ཕྲས་བཀང་བ། ནོར་ལ་ཧམ་པ། དུངས་ཞེན་ཟད་པའི་སྤྱི་ཚོགས་ཁོར་ཡུག་འདི་ལ་དཔྱོད་ལྡན་པ་དག་གིས་གཟུར་བོའི་ལམ་བསྟན་ཏེ་མིའི་རྒྱུད་ལ་རིན་ཐང་གི་ལྟ་ཚུལ་ཡག་པོ་ཞིག་ཆགས་རྒྱུ་ལ་འབད་པའམ་ཐུགས་གཞིགས་ཟབ་མོ་རེ་གནང་རྒྱུ་ནི་ཉ་དང་ཉུང་མ་་་་་་་བསྲེས་བ་ལྟ་བུའི་བོད་པའི་མི་གཤིས་འདི་ཡུལ་དུས་གང་ལ་བསྟུན་ཀྱང་ང་ཚོར་ཁ་ཚ་དགོས་གཏུགས་ཅིག་ཡིན་སྙམ་གྱིན་ཡོད།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།