གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོན་ཆ་མེར་བསྲེགས་པའི་ཐད་བཏོན་པའི་ལྟ་ཚུལ།

2013-05-08 15:36:00 གླག༼བྲག་དཀར༽ ཀློག་གྲངས། མཆན ཡོད།

  ༡.ཉེ་ལམ།བོད་ཀྱི་ས་ཆ་རྫ་ཆུ་ཁ་སོགས་སུ།མདའ་གྲི་མདུང་གསུམ་གཞོགས་གཅིག་ཏུ་སྤུངས་མཐར།མེ་ལ་སྦར་ཏེ་ཐལ་བར་བརྗེ་སོང་བའི་གསར་འགྱུར་འདུག།མེ་ཕུང་གི་མཐའ་རུ་རུབ་པའི་མི་ཚོགས་དེས།ཅི་ཞིག་ལེགས་པར་རྣམ་པར་འགྲུབ་སོང་བའི་སྤྲོ་དགའི་རྣམ་འགྱུར་མཚོན་པའི།འདྲ་པར་དང་བརྙན་རིས་རེའང་དྲ་བའི་ཧྲེག་བར་གང་རུང་ན་རྒྱུ།དེར་མང་པོས་རླབས་ཆེན་གྱི་བྱ་བཞག་འདི་ཡིན་རབས་བརྗོད།ལ་ཤོས་ཀྱིས་ཁམས་ཡུལ་དུ་དེ་འདྲ་མིན་ན་མི་ཡོང་ཡང་ཟེར།རེ་གཉིས་ཀྱིས་རིག་གསར་གྱི་ལས་སུ་བྱ་བ་འདི་རེད་ཅེས་སུའང་དམོད།ངོས་ནི་སྐབས་སུ་གང་ཡང་སྨྲ་བར་མ་སྤོབས་པས།རེ་ཞིག་ལ་བསམ་བློ་བཏང་སྟེ་ལུས།།
  ༢.འདས་པའི་ལོ་རྒྱུས་སུ།ང་ཚོའི་ལས་བྱ་མང་ཆེ་ཤོས་ཤིག་ནི།གནས་ལུགས་ཞིབ་བསྡུར་དང་།གྲོས་མོལ་ཞི་བས་ཐག་བཅད་པ་མ་ཡིན་པར།མདའ་གྲི་མདུང་གསུམ་གྱིས་ཐག་ཆད་ཡོད་ས་མང་ཤོས་ཡིན་འདུག་པ་འདྲ།གྲུབ་མཐའི་བར་གྱི་འགལ་བའང་མདའ་གྲི་མདུང་གསུམ་གྱིས་མེད་ཐབས་བྱས་ཤིང་།མི་སྡེ་དང་མི་སྡེའི་བར་གྱི་ས་རྩོད་ཆུ་འཁོན་ཀྱང་མདའ་གྲི་མདུང་གསུམ་གྱིས་ཞི་ཁུལ་བྱས།ཐ་ན་ཆུང་བ་དུད་ཁྱིམ་དང་དུད་ཁྱིམ་བར་གྱི་འཁོན་ཁའང་ཐ་མར་མདའ་གྲི་མདུང་གསུམ་གྱིས་ཐག་གཅོད་གནངས་ཡོད་ས་མང་།མདོར་བསྡུས་ན།མདའ་གྲི་མདུང་གསུམ་ནི་ང་ཚོས་འགལ་འདུ་ཐག་གཅོད་བྱེད་པའི་བྱ་ཐབས་རྒྱུགས་ཆེ་ཤོས་དེ་ཡིན་པས།རྒྱལ་བོ་ཐ་མའི་གཅེས་སྲོག་མདའ་ཡིས་ཕྲོགས་རབས།རྒྱལ་ཚའི་བྲང་ཁོག་མདུང་གིས་ཕིགས་རབས།དའི་ཆིང་པ་ཐུར་གྲི་རུབ་ཀྱིས་བསྒྱེལ་ཚུལ་སོགས་ཀྱང་གང་བྱུང་གི་དེབ་ཅིག་ཕར་བསློགས་མ་ཚར་གོང་ཚུར་བསློག་ན་མཐོང་དུས་ཡོད།དོན་དུ།ཡིད་ལ་མི་ཞིམ་པ་ནི་མདའ་གྲི་མདུང་གསུམ་གྱིས་དོན་དག་ཐག་གིས་གཅོད་པ་འདི་མ་ཡིན་ཏེ།དབྱིན་ཇི་སོགས་ཕྱི་རོལ་བརྙོས་བཅོས་པ་ཐོན་དུས་སུ།འུ་ཚོའི་མདའ་གྲི་མདུང་གསུམ་དེས་གོ་གང་ཡང་མ་ཆོད་པ་དེ་རེད་དེ།གོ་བདེ་རུ་བཤད་ན།ནང་ཁུལ་གྱི་འགལ་བ་གྲོས་མོལ་ཞི་བས་ཐག་གཅོད་རྒྱུ་དག་མདའ་གྲི་མདུང་གིས་ཐག་བཅད་ཀྱང་།ཕྱི་དང་ནང་གི་འགལ་རྩོད་མདའ་གྲི་མདུང་གིས་ཐག་གཅོད་རྒྱུ་དག་ཞི་བ་གྲོས་མོལ་༼སིམ་ལའི་ཆིངས་ཡིག་སོགས༽གྱིས་ཐག་གཅོད་དགོས་བྱུང་བའི།མི་ཆོས་གནས་ལུགས་ཀྱི་འགྲོ་ལུགས་གོ་ལོག་ཏུ་ལྡོག་པ་འདི་རྣམས།བཤད་བཏང་ན་ཚང་མ་མིག་ཆུ་རེད་ཅེས་པའི་ལྟག་རྒྱབ་ཀྱི་གོ་རྒྱུ་དེ་མིན་འགྲོ།
  ༣.ལོ་རྒྱུས་ཀྱི་ཆུ་སྣ་དེ་རིང་གི་རབ་ཁ་འདིར་འབྱོར་དུས།རང་ཅག་གིས་མདའ་གྲི་མདུང་གསུམ་གྱིས་ང་ཅག་ལ་དོན་དམ་དུ་ཅི་ཞིག་ཁྱེར་ཡོང་ཡོད་པར་ཁོག་རྩིས་བརྒྱབ་ཅིང་།མཁོ་ངེས་པ་ནི་མཐུན་སྒྲིལ་ཡིན་པའི་ངེས་ཤེས་གསར་པ་ཞིག་ཁ་ཅིག་གིས་བཤད་དེ་སྐོར་ཅིག་གི་རྒྱུད་དུ་མགོ་ཚོས་པར་གྱུར།དོན་དུ་ནི།སྔ་མའི་དུས་སུའང་མདང་གྲི་མདུམ་གསུམ་ལ་ཤ་མཁོན་གླན་ཡོད་ས་མང་དུ་སྣང་སྟེ།བྱུར་ཉེས་མ་ལུས་འདི་ཡིས་ཁྱེར་ཡོང་བར་གོ་ནས།སོ་སོའི་ལག་གི་མཚོན་ཆ་བསྡུ་རུབ་བྱས་ཏེ།ལབ་ཙེ་སོགས་ཀྱི་ནང་ཁོག་ཏུ་བཏུམ་ནས།ཕྱིན་ཆད་ནང་དམེ་སོགས་ཀྱང་མི་བྱ་བའི་དམ་བཅས་རབས་དང་།དེ་ཐོན་སྐྱེད་བྱེད་མཁན་ནི་འདི་རེད་ཅེས་མགར་བ་སོགས་རིགས་རུས་ཐ་མལ་དུ་བརྩིས་ཏེ།གཏིང་ཐག་གཅད་ཨེ་ཐུབ་ལ་འབད་ཡོད་འདུག་པ་སོགས་མང་པོ་ཞིག་འདུག་གོ།དེ་ལྟ་བུའི་ན།མདའ་གྲི་མདུང་གསུམ་མེ་ལ་བསྲེགས་པ་འདིའང་།གདོན་མི་ཟ་བར་མཐུན་སྒྲིལ་ལ་དུང་ཀ་ལྷད་མེད་ཡོད་པའི་མི་སྣ་སྐོར་ཅིག་གི་བྱེད་ཚུལ་ཡིན་པ་གོ་ཐུབ་མོད།མདའ་གྲི་མདུང་གསུམ་བཀོད་སྤྱོད་བྱེད་མཁན་ནི་སོ་སོ་བའི་མི་ཡིན་པ་ལས།མི་ལ་བྱ་ཐབས་གཞན་མ་ཡོད་པར།མཚོན་ཆ་ལ་ཡ་ལན་བསློགས་སྟངས་འདིས།ནམ་ཞིག་ཁོ་པ་ཅག་གིས་རྡོ་དང་ཇ་ཤིང་གིས་གནད་དོན་ཐག་གཅོད་མི་བྱེད་ཅེས་ངོས་ནི་ནམ་ཡང་གནའ་ཆེན་སྐྱེལ་མི་སྤོབས་སོ།།
  ༤.སྣང་ཚུལ་འདིའི་སྐུད་སྣེ་གཞན་ཞིག་བཟུང་སྟེ་ལབ་ན།མདའ་གྲི་མདུང་གསུམ་མེ་ལ་བསྲེགས་པའི་ཕྱི་ཉིན་ནས་བཟུང་།ས་ཆ་དེའི་དུད་ཁྱིམ་སུ་གཅིག་ལའང་།ཐ་ན་ཤ་དང་གོ་རེ་འདྲ་བྱེད་ཀྱི་གྲི་ཆུང་ཞིག་ཀྱང་ལྷག་མེད་པ་ཡིན་ནམ་ཞེས་དྲི་ཚེ།དེ་ནི་དཔེ་མི་སྲིད་པ་ཞིག་རེད་དེ།ཡང་ན།དེ་རིང་མེད་ཀྱང་།སང་ཉིན་ཁྲོམ་ནས་གཅིག་ཉོས་ཡོང་ཆོག་སྟེ།གང་ལྟར་དེ་རྣམས།དུས་རྒྱུན་འཚོ་བའི་ནང་མེད་མི་རུང་བ་ཆགས་ཡོད་པས་རེད།དེ་ཡིན་ཚེ།དེ་རྣམས་སྔར་བཞིན་འགལ་བ་གང་ཡིན་ཐག་གཅོད་བྱེད་དུ་འགྱུར་རུང་བ་ཡིན་པས་ན།དོན་དུ་མདའ་གྲི་མདུང་གསུམ་མེ་ལ་བསྲེགས་པ་འདི་བྱེད་ཚུལ་ཡིད་འགུལ་བ་ཞིག་ཡིན་ཀྱང་།དངོས་དོན་གང་ཡང་ཐག་གཅོད་བྱེད་མི་ཐུབ་པའི་ཕྱི་ཚུལ་ཙམ་ཞིག་རེད་ཅེས་ངོས་ནི་གྲོགས་པོ་སུ་ལ་ཁ་གདངས་ཏེ་སྨྲ་བ་བཞིན་ནོ།།
  ༤.ངོས་ཀྱིས་པར་ལས་མཐོང་བ་ཡིན་ན།གྲི་ཆེ་ཤོས་དང་མདུང་རིང་ཤོས་རྣམས་དུ་རྡུལ་དང་ལྷན་ཅིག་འབར་གྱི་འདུག་པས།འདི་རྣམས་གནའ་རྫས་རྟོགས་དཔྱོད་པ་ཞིག་གིས་མཐོང་ཚེ།ཉིན་ཁ་ཤོས་ལ་གཉིད་ཆགས་འགྲོ་བར་གོར་མ་ཆག་ཨེ་སྙམ་དུས་ཡོད།གང་ལྟར།ཡབ་མེས་ཀྱི་ཤུལ་བཞག་མང་ཤོས་ཤིག་ནི།ཁོ་པ་ཅག་གི་ངལ་རྩོལ་གྱི་འབྲས་བུ་ཤ་སྟག་ཡིན་པས་ན།རང་ཅག་རྗེས་རབས་པར་དབང་ཤུགས་ཇི་འདྲ་ཞིག་ཆེ་རུང་།དེ་བསྲེགས་རྒྱུའི་འཁུར་ཐང་ཡོད་མེད་བཤད་ཁག་སྟེ།མི་རབས་རྗེས་མ་དག་གི་ཁ་མཆི་མི་ཕོག་པའི་ངེས་པའང་མེད་པས་ན།སྔོན་གྱི་དོན་དེ་ཞི་བདེའི་བསྒྲགས་གཏམ་མམ་མཐུན་སྒྲིལ་གྱི་ཅུང་བརྡ་ཙམ་གྱི་གོ་ཆོད་འགྲོ་ན་ཐང་མ་ཟད།ད་དུང་གོ་མི་ཆོད་པའི་བྱེད་ཚུལ་དེ་མུ་མཐུད་ལག་ཏུ་བསྟར་ཡོང་ཚེ།རང་ཅག་ལ་གྱོང་ཆེ་བ་ལས་ཁེ་མེད་པའི་བསམ་ཚུལ་ཞིག་རྒྱུན་དུ་ཐོན་ཡོང་གིན་འདུག་གོ།
  ༥མཇུག་ཏུ་དྲི་བ་ཞིག་འོང་བ་ནི།ངེས་པར་དུ་བསྲེགས་དགོས་སམ།དེའི་ཕན་གྱི་ཐབས་ཤིག་དངོས་གནས་མེད་དམ་ཞེས་ངོས་ཀྱིས་རང་གིས་རང་ལ་དྲི་ཞོར་ལྷག་བསམ་ཅན་དེ་དག་གི་ལྷག་བསམ་ལ་ནི་ག་ཞར་དུ་ཡི་རངས་དང་བསྟོད་པ་བྱེད་ཀྱིན་ཡོད་དོ།།
                                                       ཞེས་ཁྲིན་ཏུའི་ཇ་ཁང་ཞིག་ཏུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།