གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་མ།

2013-05-05 12:40:00 དགའ་ཕ་ལམ། ཀློག་གྲངས། མཆན ཡོད།

  ཕ་མ་ནི་འཇིག་རྟེན་འདིར་ཁྱོད་ཀྱིས་ཨུ་ཚུགས་མཐར་སྐྱེལ་སྒོས་བཙལ་བའི་རང་དབང་གི་རྙེད་པ་ཆུང་ཆུང་དེ་མིན་ལ།འཁོར་བ་འདི་ལ་མེད་རྨུགས་ཆད་གསུམ་གྱིས་སློང་བའི་ཡོད་པོ་ཚོན་པོ་དག་གི་སྐྱོར་མ་ཆེ་ཆེའང་དེ་བས་མིན།ཕ་མ་ནི་ཁྱོད་ཀྱིས་མི་ཚོགས་མང་བོའི་གཞུང་ནས་ང་ལ་འདི་དགོས་ཞེས་གདམས་པའི་རང་མོས་ཀྱི་བགོ་སྐལ་ཞིག་ཀྱང་ག་ལ་ཡིན།དེས་ན་ཕ་མ་ནི་ཅི་ཞིག་ཡིན་ཞེ་ན།དེ་ནི་ལས་དབང་གིས་ཁྱོད་ལ་བརྒྱབ་པའི་ལྟོས་མེད་ཀྱི་བགོ་བཤའ་འབའ་ཞིག་དང་།སྔོན་བསགས་བསོད་ནམས་བྱེ་བའི་མཐུ་ལས་རྙེད་པའི་ལན་ཆགས་ཀྱི་འཐོབ་བྱ་རྡོག་རྡོག་དེ་ཡིན།ཡང་ན་ང་དང་ཁྱོད།ཁོ་བཅས་ང་ཚོ་ཐུན་མོང་ལ་སྔོན་ཆད་ཡོད་མྱོང་ཞིང་ད་ལྟ་ཡོད་བཞིན་པ།མ་འོངས་པར་ཡང་ཡོད་འགྱུར་གྱི་མཛེས་སྡུག་གི་འབྱོར་ཕྱུག་དང་བླ་མེད་དངོས་གྲུབ་ཀྱི་སྦྱོར་བ་དེའང་ཅི་ལ་མིན།
  ཆུང་ངུའི་དུས་སུ།ང་ཚོ་ཀྱ་ཙེ་གོམ་ཙེའི་ངང་ནས་ཡར་ལ་སློང་ཞིང་གོམ་པ་གང་རེ་གང་རེས་མདུན་དུ་ཁྲིད་མཁན་གྱི་ལག་རོགས་ནི་ཕ་མ་ཡིན་ཞིང་།མགོ་ཨ་ཨི་ནས་བརྩམས་ཏེ་ཆགས་ཐོགས་མེད་པའི་སྐད་ཆའི་སྒྱུ་རྩལ་གྱི་མཐའ་ལ་སྐྱེལ་མཁན་ཡང་ཕ་མ་ཡིན།ནར་སོན་དུས།ང་ཚོར་རླབས་ཆེན་ཕུགས་བསམ་གྱི་སྣ་དྲངས་ཏེ་མུ་མེད་རྒྱལ་ཁམས་ལ་འཁྱེར་དུ་འཇུག་མཁན་ནི་ཕ་མ་ཡིན་ལ།སྙིང་སྟོབས་དང་སྤོབས་པའི་དར་ཆ་སྒུལ་བའི་རླུང་གི་རམ་འདེགས་ཀྱང་ཕ་མ་ཡིན།
ལོ་ན་རྒས་དུས།ང་ཚོའི་འདར་སིག་སིག་གི་ལུས་པོའི་ཐོ་ཡོར་འདེགས་པའི་ལག་གི་འཁར་རྟེན་ནི་ཕ་མ་ཡིན་ལ།མི་ཚེ་གཅིག་གི་སྲོད་ཀའི་གྲིབ་མ་བསྲུང་བའི་ལ་ཁའི་ལུག་རྫིའང་ཕ་མ་ཡིན།
ཕ་མ།མདོར་ན་དུས་གསུམ་ཀུན་ཏུ་གནས་ལུགས་ཀྱི་བདེན་པ་སྩོལ་བའི་མིའི་རིགས་ཀྱི་དགེ་རྒན་ཐོག་མ་ཨང་།
  ཕ་མ།    སྐབས་ལ་ལར།  དཔྱིད་གཉིད་སྟུག་པོའི་མཛད་པ་བཅོམ་པའི་དྲུག་འགྱུར་གྱི་བཞོ་དབྱངས་ངག་ལ་གྱེར་བའི་མགོ་དཀྲིས་དམར་བོའི་འོག་གི་ཨ་ཅག་འབྲོག་མོ་དེ་ཁྱེད་ཡིན་ཞིང་། དབྱར་ཟླ་དྲུག་པའི་གཞུང་གི་ལང་ཚོ་དང་མཚར་སྡུག་ཁུར་ཏེ་རྟའི་གོང་ན་དཔའ་སྤོབས་ཀྱིས་འཕྱོ་ཞིང་རང་སྣང་གིས་འགྱིང་བའི་སྟག་ཤར་གཞོན་པ་དེའང་ཁྱེད་ཡིན།
ཡང་སྐབས་ལ་ལར། གྲང་ངར་གྱི་ལྷགས་པ་འགམས་པའི་དགུན་རྩག་དྲོན་མོའི་ཁུད་ན་ཁ་མུར་ཞོར་དུ་ལག་ཟུང་ཕྲེང་ཐག་བགྲེང་བའི་ལུག་རྫི་རྒད་པོ་དེ་ཁྱེད་ཡིན་ཞིང་།ལོ་འབྲས་ཁུར་གྱིས་དུད་པའི་གསེར་མདོག་གི་རྣང་ཞིང་ཁྲོད་ན་གདོང་ལ་འཛུམ་པ་འཁྱིལ་བའི་ཞིང་ཚིགས་གྲུ་བཞིའི་ཁ་ཡི་བདག་མོ་དེའང་ཁྱེད་ཡིན།
  གནས་འདི་ན།སླར་ཡང་སད་དགོས་པའི་རྣམ་ཤེས་ཁྲི་ཕྲག་གིས་འཚང་ཁ་ཤིག་ཤིག་ངང་ཁྱེད་ཀྱི་ལོག་ཕེབས་ཀྱི་ལོ་ཟླར་སྒུག་ནས་བསྡད་ཅིང་།རེ་བཞག་གིས་འཕངས་པའི་སྤུན་ཟླ་གྲངས་མེད་ཀྱི་མནོ་བསམ་བླང་བློང་གིས་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་ཁྱེད་ཀྱི་ཞལ་གསུང་དྲོན་མོའི་དངོས་གྲུབ་ཀྱི་བདུད་རྩི་དེ་རེ་ཞིག་འཐུང་ན་འདོད་ཡོད།གསོན་ཉམས་ཀྱིས་བརྟས་པའི་ཉམ་ཐག་གི་ཚེ་སྲོག་ཆུང་ཆུང་དེ་ཚོས་རེག་བྱ་འཇམ་པོའི་ཁྱེད་ཀྱི་ཕྱག་ཟུང་གི་བྱམས་བརྩེའི་བྱིལ་བྱིལ་དེའང་ཐེངས་ཤིག་མྱོང་འདོད་ཆེའང་།
  འདི་ལ་ངོ་ཆེན་དབང་ཆེན་དག་གི་སྐྱོར་མ་མི་དགོས་ལ།ཡོད་པོ་ཚོན་པོ་ཞིག་གི་དངན་པའང་མི་དགོས།ད་དུང་མཐར་ཕྱིན་དཔང་ཡིག་དང་རྒྱུགས་འབྲས་ཐོབ་སྐར་གྱི་ངོམས་སོའང་དེ་བས་མི་དགོས་མོད།འོན་ཀྱང་ང་ཚོ་སོང་སོང་བའི་མཐའ་མར་ཕ་མའི་ལས་རིགས་འདི་ལས་བརྒལ་མེད་ལ།བཙལ་བཙལ་བའི་ཡང་སྙིང་ཕ་མའི་ལུས་རྟེན་འདི་ལས་ཅི་ཡང་རྙེད་མེད་པས།འདི་ལ་ང་ཚོས་རང་གཞན་དང་གྲལ་རིམ་གྱི་དབྱེ་བ་མེད་པར་ཟོག་རྫུ་དང་གནོང་ཆ་མ་ལུས་སླད་མར་དོར་ནས་རང་གི་གང་དྲན་བྱུང་རྒྱལ་དུ་སྨྲ་ཆོག་ལ།ཡུལ་དུས་ཀྱི་ཚད་བཀག་མེད་པར་གླེང་བཤེར་དང་འཁང་ཚིག་ཐམས་ཅད་ལྷག་མེད་དུ་བསྐྱུར་ནས་རང་གི་ཡིད་ལ་ཅི་ཤར་འདོད་འདོད་དུ་བརྗོད་ཆོག
  མདོར་ན།ང་ཚོས་ཡིད་ལ་གང་ཤར།སེམས་ལ་ཅི་དྲན།རྣམ་རྟོག་གང་ཟ།དོགས་པ་གང་སློང་།ཡོད་ཚད་ནས་ཡོད་ཚད་དྲི་མེད་ཀྱི་ཁ་བཏགས་དཀར་བོ་ཡུགས་གཅིག་གི་ཚབ་ཏུ་ཕ་མར་འཐེན་ཆོག་ལ།ཞིམ་མངར་གྱི་འོ་ཇ་ཚ་མོ་ཕོར་བ་གང་གི་དོད་དུ་ཕ་མར་དྲངས་ན་ལོས་ཆོག
  ཕ་མ།ཁྱོད་ཀྱིས་ད་དུང་མི་རབས་ནས་མི་རབས་བར།ཚེ་རབས་ནས་ཚེ་རབས་བར།གཏན་ནས་གཏན་དུ།ཆུ་ཟོན་གྱི་འཁོར་ལོ་ལྟར་སེམས་ཅན་ཐམས་ཅད་ལ་མི་འཇིགས་སྲོག་གི་སྐྱབས་སྦྱིན་དང་དབུགས་དབྱུང་སྩོལ་དགོས་པས།ང་ཚོས་ཚེ་སྲོག་གི་གོམ་པ་དང་བོ་ཁྱོད་ལས་སྤོ་དགོས་ཤིང་།ང་ཚོས་མི་ཚེ་ཡི་དབུགས་རྒྱུན་མཐའ་མའང་ཁྱོད་ལས་གཅོད་དགོས་ན།ཕ་མ་ནི་ཡར་བརྩིས་ན་འགོ་ཁུངས་རྙེད་དུ་མེད་ལ་མར་དེད་ན་ཕ་མཐའ་ཟིན་དུ་མེད་པའི་མཇུག་མི་སྒྲིལ་བའི་ལས་རིགས་ཤིག་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།