གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་གྱི་འགྱུར་ལྡོག

2013-04-18 11:26:00 གཡུང་འབུམ་ཚེ་རིང་། ཀློག་གྲངས། མཆན ཡོད།

   སྐྱ་རེངས་བུ་མོས་ལྷམ་ཐུག་གི་མདུད་པ་སྒྲོག་ཞོར་དྭངས་གཙང་ལྷད་ཀྱིས་མ་གོས་པའི་ཞུམ་མེད་ཆར་གྱི་ཐིགས་པ་ལྷག་བསམ་དག་པོས་འགྲོ་དྲུག་སེམས་ཀྱི་ཐིག་ལེའི་དཔལ་ལ་གཅལ་དུ་བཀྲམ་དུས།  ཡིད་འོང་དགའ་མའི་དིང་ཁ་ནས་འོད་ཀོར་རྣམ་
པར་བཀྲ་བ་ཞིག་ཕ་ཡུལ་གསེར་གཞུང་རིང་མོའི་འཛུམ་ཞལ་ནོར་གྱིས་གཏམ་པ་གངས་ལྗོངས་གཡང་གི་ར་བའི་སྐྱེད་ཚལ་དུ་དྲོད་ལམ་ལམ་དང་འོད་འཚེར་འཚེར་དུ་འཐིམས་སོང་། དུས་དེ་ནི་དུས་མཚམས་ཤིག་གི་དུས་མཚམས་དང་དུས་ཚོད་ཅིག་
གི་དུས་བར་ཡིན་པས།  མང་པོ་ཞིག་རྨི་ལམ་གྱི་ཞིང་ཁམས་སུ་སྤྲོ་བའི་གླུ་དང་སྐྱིད་པའི་གར།  མཚར་པོ་སྒྱུ་མའི་འཕྲུལ་ལ་རོལ་བཞིན་འདུག   ཡིན་ཡང་ངེད་མིང་སྲིང་ལྔ་དང་བཅས་པ་གྲང་ལྟོགས་ཀྱིས་ཁངས་དབུས་ན་འདར་སིག་སིག་བྱེད་པའི་དུས་
དེར་ཨ་མྱེས་གསེར་གྱི་བུམ་པ་བསྣམས་ཤིང་ཨ་ནེས་གཡུ་ཡི་གཞོང་ཞིག་ཐོགས་ཏེ་ཕེབས་ཡོང་ནས་ངེད་ཚོར་ཟས་དང་དྲོད་ཁོལ་གནང་གིན་ཡུན་གྱིས་གསེར་འོད་ལམ་ལམ་འཕྲོ་བའི་རྒྱ་ཕིབས་ཅན་གྱི་ཁང་མིག་ཅི་ལ་གཟིམ་སོང་།  
   ཨ་མྱེས་ཟེར་ཞིང་གཉིད་ལས་སད་དུས་ཤར་ཕྱོགས་རི་བོའི་རྩེ་ནས་ཞོགས་པའི་ཉི་མ་གཞོན་ནུ་དམུལ་དམུལ་འཛུམ་གྱིན་གསེར་མདོག་གི་རྩྭ་ཐང་ལ་གཡུ་མདོག་གི་མནའ་བཟས་སྤྲས་ཏེ་མཁའ་རུ་འཕགས་འོང་།   ཡིན་ཡང་ཨ་མྱེ་དང་ཨ་ནེ་སྔར་
ནས་བདེ་བ་ཅན་གྱི་ཡུལ་ལ་གཤེགས་པས།  དྲིན་ལན་ཙམ་ཡང་འཇལ་ཐབས་མ་བྱུང་བའི་རྐྱེན་གྱིས་མལ་ལས་ཙོག་པོར་བསྡད་དེ་གླུ་ཐུང་ཐུང་འདི་ཙམ་ཞིག་ངག་ནས་དབང་མེད་དུ་ཤོར་སོང་།  
ཨེ་མ་ཧོ།       ཚེ་ནི་འདུས་བྱས་མི་རྟག་པ། །
དྲིན་ནི་དྲི་བཞིན་རོ་རུ་གྱུར ། །
སྐུ་ནི་རྒུད་པའི་འཁར་བ་བཞིན། །
གསུང་ནི་ཆུ་ཐིགས་རྡོག་ཏུ་དྲིལ། །
ཐུགས་ནི་བདེ་བའི་ཞིང་ལ་ཕེབས ། །
སྙིང་བོའི་དོན་རྣམས་གཏམ་དུ་བཞག །
དཀོན་མཆོག་གསུམ་པོའི་ཞབས་ལ་གུས། །
དེ་ཡི་ས་ལ་འགོད་པར་ཤོག །  
ཐུགས་རྗེ་སྤྱན་གྱིས་གཟིགས་པར་མཛོད ། །
ཕྱི་ནས་ཕྱི་རུ་དགེ་བར་ཤོག །
ཅེས་མིག་ཆུ་གདོང་ནས་གཡས་གཡོན་ལ་འབྱིད་ཞོར་ནངས་ཇ་འཐུང་དུ་སོང་བ་ཡིན།
     ནངས་ཇ་འཐུང་རྗེས་དཔེ་ཆ་ཞིག་བཟུང་སྟེ་སྒོར་བུད་དུས།  ཨ་ཁ་ཁ།   ཇི་འདྲའི་མཛེས་ཤིང་སྡུག་པ་ལའང།  སྤྲོ་ཞིང་སྤྲོ་བ་ལའང་།  འགྱུར་འདུག  ཡོད་ཚད་འགྱུར་འདུག   མིག་རྡེབ་དབང་ཙམ་ལ་ཚང་མ་འགྱུར་འདུག  རྩྭ་ཐང་འདི་འགྱུར་འདུག   ཕ་ས་འདི་ཡང་འགྱུར་འདུག   མདུན་ཕྱོགས་ཀྱི་གཡུ་གདན་འདིང་བའི་ཐང་ཆེན་པོ་དེ་ན་སྔོ་ལྗང་ལྗང་གི་རྩྭ་ལོས་ཉྭ་ཡང་དཀྱིལ་ལེ་སྙམ་པ་ཞིག་དང་།  རྒྱབ་གྱི་མུ་རུ་འབྲེལ་བའི་རྫ་རྒྱུད་ཀྱི་ངོས་ན་ཁ་དོག་རྣམ་པར་བཀྲ་བ་སྣ་བརྒྱའི་མེ་ཏོག་ཚོགས་ཀྱིས་མཐོ་རིས་གནས་ལ་འགྲན་པ་ལྟ་བུའི་བཟོ་ལྟ་ཞིག་འཆང་འདུག་ལ། ཐོས་འཛིན་བུ་གའི་ལམ་ནས་ཤག་ཤག་ཆུ་ཡི་བཞུར་སྒྲ་ཧ་ཅང་སྙན་པ་ཞིག་གྲགས་འོང་བས།  ངའི་མིག་ཟུང་ཀེམ་ཀེམ་དུ་གཡོ་ཞིང་དབུགས་ཧད་ཧད་དུ་འབྱིན་དུས་ཀླད་པའི་གཙུག་ནས་ཚ་ཟེར་ཅན་པ་དྲོད་ཀྱི་ཁུ་ལོ་མར་མར་འབབ་པ་མ་ཟད།  རྐང་བའི་མཐིལ་ནས་ཀྱང་དྲོ་ལྷམ་མེ་བ་ཞིག་བྱུང་།  ཡ་ཆུང་ཁོག་ལ་ཁ་ཏོག་ལྔ་ལྡན་གྱི་འཇའ་ཚོན་ཞིག་དང་མ་ཆུང་ཁོག་ནས་འོད་བསིལ་བསིལ་དུ་འཚེར་བ་ཉ་གང་ཟླ་བའི་ཞལ་ལས་ཁྲུས་ཆུ་སིབ་སིབ་དུ་སྦྱིན་པས་དེ་སྔོན་དར་འཁྱག་གིས་བསྡམས་པའི་སྡུག་བསྔལ་དག་ཀྱང་ཞུ་ལ་ཁད་ཅིག་བྱུང་།  
   སེམས་པར་མེ་ཏོག་བཞད་ཅིང་གདོང་བ་འཛུམ་པས་ཕྱུག་ནས་གཡང་དཀར་སྤང་ལ་བརྒྱབ་སྟེ་ཕྱིར་མིག་ཅིག་འཕང་དུས།   ཡང་འགྱུར་འདུག   གྱོ་བཟོའི་ཤིང་ཁང་གསར་བ་མི་ཕྱུགས་ཀྱི་མལ་ས་དྲོན་པོ་དང་།  འཕྲུལ་འཁོར་ཆེ་རགས་ཆུང་གསུམ་གྱི་སྒྲ་སྣ་ཚོགས།  གཞན་ད་དུང་གོས་གསར་གྱོན་གྱི་གཞོན་ནུ་ཕོ་མོ་བརྩེ་བའི་གར་དང་འཛུམ་ཞལ་སྒེག་པའི་ཉམས་གྱིས་སྤྱི་ཚོགས་འདིའི་ཡོད་ཚད་དང་མི་རིགས་ཤིག་གི་ཡོད་ཚད་ལ་ཁ་ལོ་བསྒྱུར་ནས་འགྱུར་ཡོད་པ་འདྲ།
     ཕྱིར་རང་ཁྱིམ་ལ་ལོག་དུས་ཡུལ་ཕ་མ་དང་ཕུ་ནུ་མིང་སྲིང་།  ཚ་བོ་ཚ་མོ་ཚང་མས་ཟས་གང་ཞིམ་གྱི་སྡེར་ཀ་དང་གོས་གང་ཡག་གི་ལྭ་བ་གྱོན་ནས་གངས་ལྗོངས་གསེར་ཟམ་ལེ་ཚན་ལ་ཉན་གྱི་ཡོད་ཅིང་།   ཅུང་ཙམ་གྱིས་ང་ཚོས་མཉམ་དུ་བཀྲ་ཤིས་གསེར་ཟམ་ལེ་ཚན་ལ་བལྟས་པ་ཡིན།
                                                               

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།