གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིད་ཀྱི་སྟོན་པ་ལྷ་སྲས་དར་མ།

2013-04-09 01:26:00 ཤར་གངས་ཕྲུག ཀློག་གྲངས། མཆན ཡོད།

     བརྒྱ་བྱིན་དང་ཚངས་པ་རྣམས་ལ་ཕྱག་འཚལ་ལོ། འདིར་ལྷ་སྲས་དར་མ་རིན་པོ་ཆེའི་མཛད་རྣམ་ཅུང་ཙམ་གླེང་ན།དང་པོ་ལྷ་སྲས་དར་མ་རིན་པོ་ཆེའི་ལོ་རྒྱུས། གཉིས་པ་ཆོས་བསྣུབས་དགོས་པའི་རྒྱུ་མཚན།གསུམ་པ་བདུད་ཀྱི་སྤྲུལ་བ་མ་ཡིན་པ་དགག་པའོ།། 
   དང་པོ།    བོད་བཙན་པོའི་ཁྲི་རབས་ཞེ་གསུམ་པ་ལྷ་སྲས་དར་མ་རིན་པོ་ཆེ་ནི།ཡབ་ཁྲི་ལྡེ་སྲོང་བཙན་དང་།ཡུམ་འབྲོ་བཟའ་ལྷ་རྒྱལ་མང་མོ་རྗེ་གཉིས་ཀྱི་སྲས་སུ།སྤྱི་ལོ༨༡༥ལོར་ཡུལ་འོན་ལྗང་རྡོ་རུ་ནས་སྐུ་འཁྲུངས་ཤིང་།མཚན་ལ་འུ་དུམ་བཙན་པོའམ་འུའི་དུན་བརྟན་དང་ལྷ་སྲས་དར་མ་རུ་གསོལ།གླང་དར་མ་ཟེར་བའི་མིང་འདི་ཉིད་དུས་རབས་བཅུ་གཅིག་པའི་སྔོན་དུ་བྱུང་བའི་ཡིག་ཆ་དང་ཡིག་རྙིང་རྣམས་སུ་མཐོང་རྒྱུ་མི་འདུག བཙན་པོ་འདི་ཉིད་གཅེན་དར་མས་འབྲི་ལྷ་ཁང་དང་དེའི་བཙུན་མོ་བཙན་མོ་འཕན་གྱིས་ཡུར་སྡུང་དཔག་བསམ་ལྗོན་ཤིང་དང་ཕུག་མོ་ཆེ་ལྷ་ཁང་བཞེངས།ཆབ་སྲིད་ལོ་གཅིག་དང་ཟླ་བ་ཕྱེད་བཟུང་ནས་རལ་བ་ཅན་གྱི་ཆོས་ལུགས་ཀྱི་སྲིད་དབང་དོར་ཏེ།ཆོས་སྲིད་ཡང་དག་ཞིག་སྐྱ་རེངས་བཞིན་ཤར་ལ་སྐབས།ལྷ་རྡོར་རལ་བ་ཅན་གྱིས་དམངས་ལ་སྦྲགས་ཡོད་པའི་ཆོས་ལུགས་ཀྱི་སྲིད་དབང་ལ་དགའ་བའི་ཤུགས་རྐྱེན་གྱིས་སྤྱི་ལོ་༨༤༢ལོར་ལྷ་ས་གཙུག་ལག་ཁང་གི་མདུན་ངོས་སུ་བཀྲོངས་བར་བྱས་སོ།།དེ་ནས་བོད་བཙན་པོའི་ཆབ་སྲིད་རྩ་འཐོར་དུ་སོང་སྟེ།སྤུ་རྒྱལ་བཙན་པོའི་གདུང་རྒྱུད་གཅིག་གིས།བོད་སྤྱི་ལ་དབང་བསྐྱུར་བའི་བཙན་པོའི་རྒྱལ་ཁབ་དེ་འཇུག་བསྒྲིལ།ལྷ་རྡོར་ཁོང་ཉིད་ཀྱིས་ཉེས་ཅན་ཡིན་པ་ཤེས་ནས་རྒྱལ་ས་ནས་བྲོས་ཏེ།མདོ་སྨད་རྨ་ཀླུང་ཆུ་བོ་ནོར་བུ་དགའ་འཁྱིལ་དུ་འབབ་པའི་འགྲམ་རྒྱུད་ཀྱི་གད་ཕུག་ཞིག་གི་ནང་དུ་མི་ཚེ་བསྐྱལ།
   གཉིས་པ། ཆོས་བསྣུབས་དགོས་བའི་རྒྱུ་མཚན། ལྷ་སྲས་དར་མའི་སྔོན་གྱི་ཁྲི་རབས་ཞེ་གཉིས་པ།ཁྲི་རལ་བ་ཅན་ནི།དབང་ཐང་ཆེ་ཞིང་།ཆབ་སྲིད་ཀྱི་དབུ་འཕང་མངོན་པར་མཐོ་བ།ཆོས་ལུགས་ལ་དགའ་བར་ཐལ་བ་ཞིག་ཡིན།ཆོས་རྒྱལ་ཆོས་ལུགས་ལ་ཧ་ཅང་བརྩི་མཐོང་ཆེན་པོ་གནང་སྟེ།སྲིད་ཀྱི་བློན་ཆེན་ཡང་།མྱང་བན་ཏིང་འཛིན་བཟང་པོ་དང་བན་དེ་བྲན་ག་དཔལ་ཡོན་ལྟ་བུ་རབ་བྱུང་བས་བསྐྱངས།དེ་ནས་བཟུང་ནང་བའི་རབ་བྱུང་བས་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་ལུགས་སྐྱོང་བའི་ཚུལ་ཐོག་མར་དེ་བྱུང་།བཙན་པོས་མདུན་ས་ཆུང་བ་རབ་ཏུ་བྱུང་བ་ལ་ཕུལ་ནས།ཆབ་སྲིད་ཆོས་དང་མཐུན།དབང་དགེ་འདུན་ལ་བསྐུར་དེ་ཕུལ་བས།བོད་ཡོངས་ལ་རྗེའི་དཔྱ་བསྡུས་ནས།གྲྭ་བ་མི་རེར་ཁྱིམ་ཚང་བདུན་རེ་སྐལ་བར་སྦྱིན།ཁྱིམ་ཚང་དེ་དག་གིས་གྲྭ་བ་ཚོའི་ཁ་ཟས།ལྟོ་གོས།གནས་མལ་ཚང་མར་འགན་ཡོངས་རྫོགས་ཁུར་དགོས་བར་མ་ཟད།སྐབས་དེའི་རབ་བྱུང་བའམ་གྲྭ་བ་དེ་དག་གིས་སྤྱི་ཚོགས་དང་རྒྱལ་དམངས་ལ་འགན་ཁུར་དང་ཕན་བདེ་ཡང་མི་བསྒྲུབ་པར།ལྡོག་སྟེ་ཁོང་ཚོར་རྒྱལ་དམངས་དང་སྤྱི་ཚོགས་ཀྱི་ཚད་ལས་འདས་པའི་འགན་ཁུར་དང་གུས་བརྩི་བྱེད་དགོས་པ།རྒྱལ་ཁྲིམས་ཐོག་གྲྭ་བར་མིག་ལོག་ལྟ་མཁན་བྱུང་ན་མིག་བྲུས།ཚིག་ངག་སྨྲ་མཁན་བྱུང་ན་ལྕེ་བཅད་པའི་སྲིད་དང་ཆོས་སུ་མི་འགྲོ་བའི་བྱ་སྤྱོད་དེ་དག་གི་དབང་གིས་ཆོས་མིན་བྱ་བའི་ཆོས་དེ་བསྣུབས་དགོས་རྒྱུ་མཚན་ནོ།། གོང་གི་མི་ཆོས་དང་མི་མཐུན་པའི་ཁྲིམས་ལུགས་དེ་དག་མ་དོར་བར་དེང་སྐབས་ཡོད་པའི་དབང་དུ་དེང་ན་ང་དང་ང་འདྲ་བའི་མྱི་བུ་ཕལ་ཆེར་བ་ཞིག་ལ་མིག་དང་ལྕེ་ཡོད་པར་དཀའ་འོ།།
  གསུམ་པ། བདུད་ཀྱི་སྤྲུལ་བ་མ་ཡིན་པའི་ལུང་། ལྷ་སྲས་དར་མ་རིན་པོ་ཆེ་ནི།རྒྱལ་རབས་གསར་བའི་མེ་ལོང་དང་ཆོས་འབྱུང་།ལོ་རྒྱུས་རྣམས་སུ་བདུད་ཀྱི་སྤྲུལ་བ་ཡིན་ཟེར་ནས་ཐ་གཅིག་དུ་བཤད་ཡོད་པ་དེ་དག་སྨྱོན་པའི་རྟགས་སོ།།ཏུན་ཧོང་ཡིག་རྙིང་ནང་དུ་འུ་དུམ་བཙན་པོའི་བསྔོ་ཡིག་ཅེས་བའི་ཤོག་དྲིལ་ནང་གསལ་དོན།འུ་དུམ་བཙན་པོའི་ཞལ་སྔ་ནས་ཀྱང་།གཙུག་ལག་ཁང་དང་མཆོད་རྟེན་གསར་དུ་བརྩིགས་ཤིང་།རྙིང་བཅོས་བ་ཡང་ལྷ་དང་མིའི་མཆོད་པའི་རྟེན།གནམ་ཉི་མ་དང་ཟླ་བ་ཡོད་པའི་བར་དུ།དམ་པའི་ཆོས་མི་འཇིག་ཅིང་གནས་པར་གྱུར་ལ།འགྲོ་བ་མང་པོའི་བསོད་ནམས་ཀྱི་གཞིར་གྱུར་ཅིག ཅེས་སོགས་བྱུང་བའི་ཚིག་ལས་ཀྱང་བདུད་ཀྱི་སྤྲུལ་བ་མ་ཡིན་པ་ཤེས།བདུད་ཀྱི་སྤྲུལ་བ་ཞིག་ཡིན་པའི་དབང་དུ་སྟེང་ན་དམ་པའི་ཆོས་ག་ལ་གུས།ཆོས་དང་སྲིད་ལ་དབྱེ་ཞིབ་བྱེད་མ་ཐུབ་པའི་མི་བུ་འགའ་ཞིག  རལ་བ་ཅན་གྱི་ཆོས་མིང་གི་དབང་གིས་ཅི་ལྟར་བྱེད་ཆོག་པ་ལ་དགའ་སྤྲོ་སྐྱེས་ཏེ་མ་འོངས་བའི་འབྲས་བུ་ལ་དབྱེ་ཞིབ་མ་བྱེད་པར་མི་དགའ་བའི་རྐྱེན་གྱིས་བདུད་ཀྱི་སྤྲུལ་བ་རེད་ཟེར་ནས་བཤད་པ་ཚུལ་གསུམ་གྲུབ་པའི་རྟགས་ཡང་དག་ཏུ་གྲུབ་བོ།།
          ༢༠༡༣/༢/༥ཉིན་ལྷ་རྡོར་གྱི་གད་ཕུག་ཡོད་སའི་གཅན་ཚ་ཡུལ་ནས་བྲིས་པའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།