གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡབ་ཆེན་གྱི་རྗེས་མ་ཆོད་པའི་སྐད་ཆ་འགའ།

2013-02-12 10:54:00 རུས་དུང་། ཀློག་གྲངས། མཆན ཡོད།

   ___འདི་ནི་སེམས་ཀྱི་ཁོང་ན་གནས་པའི་གཏམ་ཞིག་ཡིན་ཕྱིན། རྫིག་ཉམས་དང་རྩོམ་གྱི་མཛེས་པ་ཟེར་བ་སོགས་རིང་དུ་སྤངས་ཏེ་ཕལ་བའི་སྐད་ཆའི་ལམ་དུ་བྲིས་པ་ཞིག་གོ
 
  ད་ལྟ་ཡབ་ཆེན་ཁྱེད་སྣང་བ་སྣ་ཚོགས་ཀྱིས་བསླུ་བའི་འཇིག་རྟེན་འདི་དང་གྱེས་ནས་ཟླ་བ་གསུམ་དང་ཉིན་ཉི་ཤུ་ལྷག་འགོར་ཡོད། ཚ་མོ་གཡང་འཛིན་ཉིན་རེ་ནས་ཉིན་རེར་ནར་སོན་གྱིན་འདུག་ལ། ཉིན་རེ་ནས་ཉིན་རེར་སྙིང་རྗེ་བོ་ཞིག་ཀྱང་འདུག ཚ་བོ་ཆོས་དབྱིངས་ལྷུན་འགྲུབ་དང་བསྟན་འཛིན་མཁྱེན་རབ་གཉིས་ཀྱང་སྔ་དུས་བཞིན་བདེ་ཐང་ཡིན་པར་མ་ཟད་ཁྱིམ་མི་ཆ་ཚང་ན་ཚ་ཅུང་ཟད་ཙམ་ཡང་མེད་པར་སོ་སོས་རང་རང་སར་ཁྱེད་ཀྱི་དོན་དུ་སྐྱབས་འཇུག་ཞུ་བ་དང་མཆོད་མེ་སྒྲོན་པ་སོགས་བྱེད་མུས་སུ་མཆིས།ཡིན་ཡང་།
  ང་ནི་ཉི་མ་རེ་རེ་ནང་ལ་ཡབ་ཆེན་ཁྱེད་ཀྱི་ཞལ་ངོ་དབང་མེད་དུ་དྲན་ནས་མིག་ཟུང་གི་མཆི་མར་ཡང་མཛད་མཐའ་ཞིག་མི་འདུག ཟླ་བ་གསུམ་སོང་གི་རིང་ལ་ཁྱེད་རང་འཇིག་རྟེན་དཀར་ནག་གང་ཞིག་ཏུ་གནས་བཅས་ནས་ཡོད་མེད་ཡང་མི་ཚོར་ཞིང་།
སྐབས་དང་སྐབས་སུ་མི་རྣམས་སྤྲོ་སྣང་དང་དགའ་བ་ཆེན་པོས་བརྟས་ཏེ་འུར་འུར་ཟིང་ཟིང་བྱེད་དུས་ངས་ཏག་ཏག་ཡབ་ཆེན་ཁྱེད་ཁོ་ན་དྲན་སོང་།འཇིག་རྟེན་ཕྱི་མ་ཟེར་བ་དེ་ནི་དངོས་གནས་གང་འདྲ་ཞིག་ཡིན་ནམ། ངན་སོང་ཟེར་བ་ནི་གང་འདྲ་ཞིག་ཡིན་ནམ། དེར་སྐྱེས་པའི་སྡུག་བསྔལ་ནི་ཅི་འདྲ་ཞིག་ཡིན་ནམ། ཁྱེད་ཀྱིས་གཅེས་པའི་བུ་ཕྲུག་དང་ཨ་མ་རྣམས་ཀྱི་མིང་ནས་བོས་ཏེ་སྨྲེ་ངག་ཤོར་བཞིན་ཡོད་དམ། འདི་ལྟར་དྲི་བ་སྣ་ཚོགས་ཀྱིས་ང་ནམ་རྒྱུན་དུས་ཡུན་རིང་ཙམ་ལ་སྡུག་བསྔལ་དང་སེམས་ཚེགས་ཀྱི་གཏིང་དུ་ལྷུང་འགྲོ ང་ནི་ཆོས་པ་ཞིག་དང་མཁས་པ་ཞིག་ནི་རྩ་བ་ནས་མིན་མོད། ཉིན་ནས་ཉིན་དང་ཟླ་སྣེ་ལོ་ལ་མཐུད་དེ་ལེགས་བཤད་མང་པོར་འདྲིས་ཅི་ཐུབ་བྱས་པ་ཞིག་ཡིན་རྐྱེན། རྩ་བའི་ཆ་ནས་བདག་ལ་རང་གི་ཕ་མ་དང་མིང་སྲིང་གི་སྐོར་ལ་སེམས་ཚེགས་བྱེད་ས་འདི་དག་ཡོད་འདུག གཅིག་ནི་ཕ་མ་སུ་ཞིག་ཡིན་ཡང་འཆི་ཁར་མནར་གཅོད་ཀྱི་སྡུག་བསྔལ་དུས་ཡུན་རིང་བོར་མི་མྱོང་བ་དང་། གཉིས་ནི་ལུས་སེམས་ཁ་བྲལ་བྱུང་རྗེས་ཡོད་མེད་གང་ལྟར་ཡང་ངན་སོང་གི་གནས་སུ་མི་འགྲོ་རྒྱུ་དེ་རང་རེད། ཡིན་ཡང་། རང་གི་ལས་ཀྱི་རྣམ་སྨིན་ནི་རང་ཉིད་ཁོ་ན་ལས་གཞན་གཉེན་ཉེ་སུས་ཀྱང་བསྒྱུར་ཐབས་མེད་གཤིས། ང་ནི་རྨོངས་ཏེ་དོན་ལ་ཡབ་ཆེན་ཁྱེད་ཀྱིས་ཚེ་རབས་སྔ་མ་ནས་ལས་བཟང་ངན་གང་ཞིག་བསགས་ཡོད་མེད་ཡང་མི་ཚོར་བས་འུ་ཐུག་ཐབས་ཟད་ཀྱིས་བྱ་ཐབས་གང་ཡང་མེད་པར་སྐབས་ཐོག་འདིར་ཡབ་ཆེན་ཁྱེད་ཀྱི་གནས་བབས་ཅི་འདྲ་ཞིག་ཡིན་ནམ་བསམ་སོང་། དངོས་གནས་བཤད་ན། མི་ཞིག་འཇིག་རྟེན་དང་གྱེས་པ་ནས་ཡོད་ཚད་འཇུག་རྫོགས་པ་མིན་སྟབས་ཁྱེད་ཕྱོགས་སུ་ཤོར་བའི་སེམས་ཁྲལ་ཡང་དེ་ཙམ་གྱིས་ག་ལ་རྫོགས། ང་ལ་མཚོན་ན་ཡང་། ཕ་མ་སྤུན་མཆེད་སུ་ཞིག་ཡིན་ཡང་མཐའ་འཇུག་ཕན་ཚུན་གྱེས་དགོས་པ་ནི་གཞན་དབང་ཅན་གྱི་སེམས་ཅན་ཡོད་དོ་ཅོག་གི་ངང་ཚུལ་ཡིན་ཕྱིན། ཁྱེད་བདག་དང་ཁ་གྱེས་པ་ལ་ནི་བདག་ཁྱོན་ནས་ཕངས་སེམས་མེད་ཅིང་ལྷག་པར་ཁྱེད་ཀྱིས་ཉིན་ཧྲིལ་བོ་གཅིག་གི་མནར་གཅོད་ཡང་མྱོང་མ་དགོས་པར་གློ་བུར་གཤེགས་སོང་པ་ནི་བདག་སྙིང་ནས་དགའ་བའི་གནས་ཚུལ་ཞིག་ཡིན། གང་ལྟར་ཐ་མ་གྱེས་དགོས་སྟབས་དུས་ཡུན་ཅི་ཙམ་རིང་ཡང་སྡུག་བསྔལ་ཡོད་མེད་གཅིག་མཚུངས་ཡིན་ངེས། ལྷག་པར་ཁྱེད་ཀྱི་མི་ཚེ་ནི་ཆང་དང་མཉམ་བསྲེས་བྱས་ནས་བསྐྱལ་བ་ཞིག་ཡིན་སྟབས་སྔོན་དུས་ནས་ངས་ཁྱེད་རང་ཆང་གིས་བཟི་སྟེ་འཁྱར་འཁྱོར་ངང་འགྲོ་དུས་བདག་གི་ཨ་ཕ་འདིས་འཆི་ཁར་སྡུག་བསྔལ་ག་ཚོད་ཅིག་མྱོང་དགོས་སམ་སྙམ་ནས་ཡིད་ཞུམ་ཞིང་བསླུ་མེད་མཆོག་གསུམ་ལའང་དེའི་སྐོར་མང་དུ་སྐྱབས་འཇུག་ཞུས་མྱོང་། དེའི་ཕྱིར། ཁྱེད་གློ་བུར་དུ་གཤེགས་ཀྱང་བདག་ལ་སེམས་ཀྱི་ཟུར་དུ་དགའ་སྣང་ཞིག་ཡོད་པ་ནི་དེའི་དབང་གིས་ལགས། ཡིན་ནའང་། ཨ་ཕ་ལགས། ཁྱེད་ཀྱིས་ཚོར་རམ། ངས་ད་ལོའི་ནང་ཁྱེད་དང་ཨ་མ་གཉིས་ལ་ཆེད་དུ་རེ་བ་ཞིག་ཞུས་ཡོད་པ་མིན་ནམ། ཁྱེད་དང་ཨ་མ་གཉིས་ནས་གཅེས་ཕྲུག་ཚོར་སེམས་ཐོག་ཏེ་མི་ཚེ་ཧྲིལ་བོ་གཅིག་འདུར་རྒྱུག་གིས་ཟད་ལ་ཉེ་ཞིང་། ལྷག་པར་ལོ་ན་དྲུག་ཅུར་སོན་ཡང་ཕྱུགས་རྗེས་དེད་ནས་ལ་མགོ་མཐོན་པོར་ལུས་ཕུང་གིས་ནུས་མིན་ཅི་བྱུང་ཡང་ཤུགས་ཀྱིས་གྱེན་ཐུར་ལ་བཞུད་པའི་གྲངས་ཀ་ནི་ཚད་ཀྱིས་ལོངས་སམ། བུ་ལ་ཞེ་ཐོགས་ནས་འབད་པའི་དོན་འདི་དག་ཞེ་ལ་བཅགས་སྟེ། ངའི་མི་ཚེ་ནང་རིམ་བཞིན་ཨ་མ་དང་ཁྱེད་གཉིས་ལ་གཏིང་ནས་སྙིང་རྗེ་བ་ཞིག་བྱུང་ཞིང་། ལུང་ཁུག་འདིར་མི་ཚེ་དེ་ལྟར་ཟད་འགྲོ་བར་ཡིད་ཤིན་ཏུ་ཕངས་ཏེ་སྔ་མོ་ནས་ཁྱེད་དང་ཨ་མར་དངོས་སུ་ད་ལོའི་ནང་ཕྱི་རོལ་གྱི་ཡུལ་སྐོར་ལ་སྤྲོ་འཆམ་བྱེད་པར་འགྲོ་ཞེས་བཤད་ཡོད། ཁྱེད་ཀྱིས་ཀྱང་དགའ་བ་ཆེན་པོས་བདག་ལ་འཐད་པའི་ལན་བྱིན་སོང་། ཡིན་ཡང་། བདག་ལ་ཟླ་བ་གཅིག་གི་དུས་ཚོད་ཡང་མ་བྱིན་པ་དང་མཚུངས་པར་ཁྱེད་དེ་ལྟར་བཞུད་ཚར། དེ་བས་སེམས་ཀྱི་ཟུར་གཅིག་ནས་འདི་ནི་བདག་ཚེ་གང་བོར་འགྱོད་པའི་དོན་ཞིག་ཀྱང་རེད། ད་ནི་ངས་ཁྱེད་ལ་ཅི་ཞིག་བྱེད་ཐུབ་བམ། སྤྱིར་ཡིན་ཚེ། ང་ཚོ་གནས་སྐོར་སྤྲོ་འཆམ་ལ་ཐེངས་ཤིག་འགྲོ་ཐུབ་པའི་དབང་དུ་བཏང་ན།  མཐའ་འཇུག་ངས་ཁྱེད་དང་ཨ་མ་གཉིས་ལ་སྔོན་ཆད་མ་ཤེས་པར་ཕོགས་ཐུག་གང་ཇི་སྙེད་ཅིག་བྱས་ཡོད་པ་དང་། ཚིག་ལན་བསློགས་པ་ཡོད་ཚད་མ་ལུས་པར་གཏིང་ནས་བཟོད་པར་གསོལ་ཞེས་ཞུ་བ་དང་། ལྷན་དུ་ང་ཚོ་ད་ནི་རིང་བོ་མི་ལོན་པར་གྱེས་དགོས་པ་སོགས་ས་སོ་སོའི་ངོས་ནས་གྲ་སྒྲིག་གང་ལེགས་གནང་དགོས་པའི་སེམས་གཏམ་རིལ་རིལ་ཞིག་བཤད་རྩིས་ཡོད། དོན་འདི་ལེགས་འགྲུབ་བྱུང་ཚེ། ཁྱེད་ང་དང་གྱེས་པར་བདག་ལ་དངོས་གནས་ཕངས་སེམས་ཅི་ཡང་མེད་ཡ་ཨ་ཕ་ལགས། གང་ལྟར། ཡོད་ཚད་འདས་ཟིན་ཟེར་བ་ལྟར་ཡིན་པས་ངས་བཤད་ཀྱང་སྙིང་བོ་ཅི་ཞིག་འདུག་ཨང་། ཡིན་ཡང་། ཕངས་སེམས་འདི་དང་ད་ནི་ང་ཚོས་ཅི་ཡང་མི་དཔོག་པའི་འཇིག་རྟེན་དེར་ཁྱེད་གནས་ཚུལ་གང་འདྲ་ཞིག་ཏུ་ཕྱིན་ཡོད་སྙམ་པའི་སྡུག་བསྔལ་འདི་ནི་བསམ་གྱིན་བསམ་གྱིན་བཟོད་ཐབས་བྲལ་བ་ཞིག་ཡིན་པས་ངས་རང་གི་སྐད་ཆ་ཡོད་ཚད་ཡིག་ཐོག་ལ་ཕབ་འདོད་པ་ཡིན། དེ་བྱས་ན་བདག་ལའང་ཕན་ཐོགས་ཅུང་ཟད་འདུག  ཡིན་ཡང་། ངས་སྡུག་བསྔལ་འདི་དག་མིང་སྲིང་དང་ཨ་མ་སོགས་སུ་ལའང་བཤད་མེད་པར་མ་ཟད། ཁོ་ཚོ་དང་འཕྲད་དུས་སྡུག་བསྔལ་ཅི་ཡང་མེད་པའི་ངང་ཚུལ་བཟུང་ནས་འཛུམ་ཤིག་ཤིག་གིས་བསྡད་པ་ཡིན། གཅིག་བྱས་ན། ད་ལོ་ཡབ་ཆེན་ཁྱེད་ཞེ་ལ་ཐོགས་བཞིན་དུ་ཨ་མ་ཁྲིད་སྐབས་ཀྱང་ཁོ་མོའི་སེམས་པ་ཤིན་ཏུ་སྡུག་ནས་ཁ་རོག་གེར་མིག་ཆུ་མང་པོ་ཤོར་གྱིན་འདུག་ལ།  གལ་སྲིད་ཁྱེད་ཀྱི་ཨ་ཕ་ཁོང་ཡོད་ཚེ་ཁ་སང་དེ་རིང་བར་འུ་ཚོ་གནས་མཇལ་གང་མང་ལ་སོང་ནས་ཇི་འདྲའི་སྐྱིད་པ་ལའང་ཟེར་ནས་སྨྲས་ཚེ། ང་ནི་ཨ་མ་ལས་ཀྱང་ལྷག་པའི་སྡུག་བསྔལ་གྱིས་མནར་འགྲོ་མོད། ཁོ་མོའི་ངང་ཚུལ་དེ་དག་མཐོང་ནས་ངས་བཙན་གྱིས་སྐད་ཆ་ཡར་མར་བཤད་ནས་སེམས་གསོ་གཏོང་ཅི་ཐུབ་བྱས་པ་ལས་མིག་ཆུ་ཕུད་རོགས་བྱས་ཚེ་དེ་ནི་ཁོ་མོར་སྡུག་བསྔལ་སྣོན་མ་ཞིག་བྱིན་པ་མིན་ནམ།དེ་བས་ངས་ནམ་ཡང་དོན་དེའི་སྐོར་ནས་ཡོད་ཚད་ལ་སེམས་ཁྲལ་མེད་པའི་བཟོ་ལྟ་བསྟན་པ་ཡིན། ཡང་གཅིག་བཤད་ན། ང་ནི་མི་ཚེ་ཁེར་རྐྱང་དུ་ཟད་དགོས་པའི་མི་དེ་ཡང་ཡིན་ཕྱིན། རང་གི་སྡུག་བསྔལ་ནམ་ཡང་མི་ལ་ཞུ་འདོད་མེད་ཅིང་། མི་ལ་ཞུས་པའི་དབང་དུ་བཏང་ཡང་ཁོ་ཚོས་ཤེས་སམ། ས་མི་སྲིད། ང་ལ་ཇི་ལྟར་བརྩེ་བ་ལྡན་ཡང་ཁོ་ཚོས་བདག་གི་མི་ཚེའི་མ་འོངས་པའི་སྐོར་ལ་བསམ་བློ་ཁྱོན་ནས་གཏོང་མི་སྲིད། དེའི་ཕྱིར། སྡུག་བསྔལ་གང་ཡིན་ཡང་། ང་ཁོ་ཚོར་ཞུ་འདོད་མི་འདུག མཛའ་བརྩེའི་ཆ་ནས་བཤད་ན་ཡོད་དོ་ཅོག་བདག་ལ་སྙིང་ནས་བརྩེ་བ་ཡོད་མཁན་རྐྱང་རྐྱང་ཡིན་མོད། ཡིན་ཡང་འདི་ནི་མ་འོངས་པ་ལ་གཞིགས་པའི་སྐད་ཆ་ཞིག་ཡིན་ཕྱིན་ཁོ་ཚོར་ལྷན་སྐྱེས་ཀྱིས་བློ་གྲོས་གཅིག་ཆད་ཡོད། གལ་ཏེ། ཨ་ཕ་ཁྱེད་ད་དུང་བཞུགས་ཡོད་ཚེ། བདག་མ་འོངས་པར་ཉམས་ཉེས་གང་འདྲ་ཞིག་ཏུ་ཕྱིན་ཡང་ཁྱེད་ནས་ལེ་བདའ་དང་ཚིག་རྩུབ་སོགས་གང་ཡང་མེད་པར་མ་ཟད། མི་ཞིག་གི་རྩ་བའི་རྒྱུ་རྐྱེན་དང་སྡུག་བསྔལ་ལ་བསམ་ནས་བདག་ལ་ཐད་ཀར་ལྷག་བསམ་གཙང་མས་རོགས་རམ་གནང་བ་ཐག་ཆོད་ཡིན། དེ་ནི་ཁྱེད་བདག་གི་ཨ་ཕ་ཡིན་པའི་ངོས་ནས་བཤད་པ་མིན་པར་ཁྱེད་ལ་དངོས་གནས་ཀུ་ཡངས་བཟོད་སྒོམ་གྱི་བསམ་བློ་ཁྱད་མཚར་ཞིག་དང་བབས་ཆགས་ཀྱི་མིའི་མཛེས་པ་ཞིག་ལྷན་སྐྱེས་སུ་ཡོད་པར་ཁྱེད་ལ་རྒྱུས་ཆེ་བའི་མི་ཀུན་གྱིས་ཤེས་སྲིད། མི་གཤིས་ཀྱི་མཛེས་པ་དང་གནོད་པ་ཅི་ཙམ་བཏང་ཡང་འཁོན་ལན་སློག་པ་ལས་ལྡོག་སྟེ་འཛུམ་དམུལ་དམུལ་བྱེད་པའི་རིན་ཆེན་འདི་ནི་ངས་ཅི་ཙམ་འབད་པ་བཏང་ཡང་ད་དུང་ལག་ཏུ་ལེན་མི་ཕོད་པའི་ཚོད་ན་འདུག འདིའི་སྐོར་བསམ་དུས། ངས་ཁྱེད་རང་མཐོ་རིས་ཀྱི་ལམ་དུ་ཞུགས་ནས་བཞུད་སོང་ནའང་སྙམ་པ་ཚོད་ཚོད་ལ་ཤར་འོངས། དེ་ལྟར་བདག་ནི་ཁྱེད་ལ་རྣམ་པ་ཀུན་ཏུ་སེམས་ཤོར་ཞིང་ད་ནས་བསགས་པའི་ཡ་རབས་ཀྱི་ལས་ཀ་གང་ཞིག་ཡིན་ཡང་ཨ་ཕ་ཁྱེད་ཀྱི་དོན་དུ་བསྔོས་པ་ཡིན། ངས་མི་ཚེ་འདི་མ་རྫོགས་ཀྱི་བར་དུ་ནུས་པ་གང་ཡོད་ཀྱིས་ཡབ་ཆེན་ཁྱེད་ལ་སྒོ་ཀུན་ནས་དྲིན་ལན་མཇལ་ཅི་ཐུབ་བྱེད་པར་ཡིད་ཆེས་མཛོད་ལ་གལ་སྲིད་ལས་ཀྱི་རྣམ་པར་སྨིན་པས་སྡུག་བསྔལ་ཅི་ཞིག་མྱོང་དགོས་ཡང་རང་གི་འགན་འཁྲི་རང་ནས་ཁུར་དགོས་པ་རང་ཡིན་པས་སེམས་སྐྱོ་དོན་ཆེར་མེད་ལ། རིང་བོ་མི་ལོན་པར་ལས་ཀྱི་མཐའ་ཟད་པར་ངེས་པས་ཁྱེད་གཅིག་པུ་ཙམ་དུ་མ་ཟད་ཀུན་ཀྱང་ཡང་དག་པའི་བདེ་བ་ཞིག་ལ་ལོངས་སྤྱོད་པའི་སྐབས་དེ་ཡང་ཅི་ལ་མེད།  ད་ནི་ཨ་མ་ཁོང་གི་མི་ཚེ་ཡང་ཅིས་ཀྱང་རྫོགས་པར་ངེས་པའི་དུས་ཚོད་ལ་སླེབས་འདུག་ཅིང་། ཁོ་མོ་ད་དུང་སྔར་ལྟར་ཁྱིམ་ཚང་འདི་ལ་ཞེ་ཆགས་ནས་ལུས་པོས་ཕངས་མེད་དུ་དཀའ་བ་སྤྱོད་བཞིན་ཡོད་ཅིང་། ཉིན་གང་བོར་འདུར་རྒྱུགས་བྱས་པའི་ཤུལ་དུ་འཇིག་རྟེན་ཕྱི་མའི་དོན་སྒྲུབ་པའི་དུས་ཚོད་ནི་ཤིན་ཏུ་ཉག་ཕྲ་བར་འདུག་ལ། ད་དུང་བུ་ཕྲུག་ཚོས་ཚིག་ལན་སློག་པ་དང་སྐད་ཆ་སྙིང་ནས་མི་ཐེག་པ་མང་པོའང་བཤད་ཀྱིན་ཡོད་པར་བསམ་ན་ཁོ་མོ་ནི་ཨ་ཕ་ཁྱེད་ལས་ཀྱང་ཉམ་ཆུང་ཞིང་། བདག་ལྷག་པར་འདང་རྒྱག་གི་ནང་དུ་ཤོར་འགྲོ་བ་ཞིག་རེད། ཁོ་མོའི་དོན་དུ་བདག་ལ་བློར་མི་ཤོངས་པའི་སེམས་ཁྲལ་མང་པོ་ཞིག་འདུག  ཡིན་ཡང་། ཡབ་ཆེན་ཁྱེད་སེམས་པ་ཆེར་མ་སྐྱོ་དང་། ངས་ཅི་ཐུབ་ཐུབ་ཀྱིས་ཁོ་མོར་ཚེ་འཇུག་གི་ལས་ཀ་ངོ་སྤྲོད་ཀྱིན་ཡོད་པར་མ་ཟད། ཉིན་མཚན་ཀུན་ཏུ་ཁོ་མོར་དངོས་སུ་ཕན་པའི་ལས་ཤིག་ཇི་ལྟར་བྱེད་དགོས་སྐོར་ལ་བསམ་བློ་བཏང་ཡོད། མ་འོངས་པའི་བདག་གི་མི་ཚེ་ནི་གནས་བབས་གང་འདྲ་ཞིག་ཏུ་འགྱུར་མིན་ཡང་ཁ་ཚོན་གཅོད་དཀའ་མོད། གང་ལྟར། ངས་རང་ཉིད་འཇིག་རྟེན་འདིར་ཡོད་ཕྱིན་ཁྱེད་རྣམ་གཉིས་ལ་སྙིང་གི་ཁོང་ནས་ནུས་པ་འདོན་པར་བདག་ལ་ཡིད་ཆེས་མཛོད་ཅིག
 
                   ཞེས་གང་གི་དྲིན་གྱིས་བསྐྱངས་པའི་ཡབ་ཆེན་གྱི་གཅེས་ཕྲུག་ཆུང་བ་སངས་རྒྱས་རྒྱ་མཚོར་འབོད་པས།
                                   ༢༠༡༢ . ༡༢.༢༣  ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།