གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱ་སྒོང་གཉིས་དང་ཨ་མ་གཉིས།

2013-01-25 11:39:00 རྐང་ཐང་བ། ཀློག་གྲངས། མཆན ཡོད།

  ད་ནི་ནུབ་འཚལ་རོལ་སོང་། དགའ་མས་ཉིན་གུང་བཟས་མ་ཚར་བའི་བྱ་སྒོང་གཉི་ཀ་ཅོག་ཙེར་བཞག་འདུག  བྱ་སྒོང་དེ་གཉི་ཀར་བལྟས་ཀྱིན་བལྟས་ཀྱིན།  འདི་ལྟ་བུའི་སྣང་ཚུལ་ཞིག་སྔོན་ཆད་བྱུང་མྱོང་བའམ་རྨི་ལམ་དུ་རྨིས་མྱོང་བ་ལྟ་བུའི་བག་ཆགས་རབ་རིབ་ཅིག་སྐྱེས་བྱུང་།
  ཨོ་རེད་དེ། 2009ལོར་མཐོ་འབྲིང་ནས་བཟུང་མིང་དུ་ཨ་མ་ཞེས་ཐོགས་ཡོད་པའི་སློབ་གྲོགས་མ་ཞིག་གི་ཁྱིམ་དུ་འཛུལ་བ་ཡིན། སློབ་གྲོགས་ཨ་མས་དེ་རིང་གི་འདི་ལྟར་ཅོག་ཙེ་རུ་བྱ་སྒོང་གཉིས་བཞག་སྟེ་ང་ལ་མགྲོན་བསུ་བྱས་པ་རེད། ངས་བྱ་སྒོང་དེ་གཉིས་ལ་བལྟས་ཀྱིན་བལྟས་ཀྱིན་སློབ་ཆུང་གི་ལོ་རིམ་དང་པོའི་སྐབས་སུ་རྩིས་རིག་ལ་བྱ་སྒོང་གཉིས་བླངས་པ་དྲན་བྱུང་སྟེ། དགེ་རྒན་གྱིས་ང་ལ་བྱ་སྒོང་གཉིས་ཐོབ་འདུག  ཕྱི་དྲོ་ཡོང་ཁར་བྱ་སྒོང་ལེན་སྤྱད་ཀྱི་སྣོད་ཅིག་འཁྱེར་ཤོག་ཟེར།  ངས་ཨ་མའི་ལྕི་བ་བཏུ་བྱེད་ཀྱི་སླེ་བོ་འཁུར་ནས་ཕྱི་དྲོར་བྱ་སྒོང་ལེན་དུ་སོང་བ་ཡིན།
མཚམས་འདིར་ཐོན་དུས་རང་དབང་མེད་པར་ཁོང་དགོད་ཅིག་ཤོར་སོང་། སློབ་གྲོགས་ཨ་མས་བྱ་སྒོང་གཉིས་ཀྱིས་སྣེ་ལེན་བྱས་ན་ཅུང་མ་འགྲིག་པ་ཨེ་ཡིན་ནམ་འདོད་དེ། གླེན་དགོད་བརྒྱབས་ཏེ་ཅི་བྱེད། ཟ་རིན་མེད་པར་འདོད་པ་ཡིན་ནམ་ཞེས་ཆུ་ཁོལ་ཞིག་ལྡུག་ཞོར་དུ་དེ་ལྟར་དྲིས།
  “མ་རེད   མ་རེད   ང་བྱ་སྒོང་ལ་ཤིན་ཏུ་དགའ” 
  ངས་བྱ་སྒོང་ཁེར་མ་ཞིག་ལག་ཏུ་བླངས་ཏེ་ཤུན་ལྤགས་བཤུ་མགོ་བརྩམས། སྟབས་མ་ལེགས་པ་ཞིག་ལ་ཤུན་ལྤགས་བཤུ་ཚར་ལ་ཉེ་སྐབས། བྱ་སྒོང་གི་འཇམ་ཤུགས་ཀྱིས་མཛུབ་བར་ནས་འཆོར་ཏེ་ཐང་དུ་གྲི་གུ་བཞིན་ལྡིང་གིན་འབོལ་ཁྲི་དཀར་པོ་དེའི་འོག་ཏུ་ཤོར། ང་ཅུང་ཙམ་རྟབ་རྟབ་པོར་གྱུར་ཏེ་འབོལ་ཁྲིའི་གམ་ནས་པུས་བཙུགས་སུ་བསྡད་དེ། བྱ་སྒོང་ལ་ལག་སྙོབས་བྱེད་སྐབས། ཨ་མས་ང་ལ་ཐུར་མ་རོམ་པོ་ཞིག་གིས་གཅར་རྡུང་བྱས་རྗེས། པུས་བཙུགས་སུ་ངུ་ཤུམ་བྱས་པ་དེ་དྲན་བྱུང་།
ཚོད་ཚོད་དུ་ལག་སྙོབས་འགའ་བྱས་པ་ན།  བྱ་སྒོང་འཇམ་ཤ་ལེར་ལག་ཏུ་རེག་བྱུང་། ཐང་གཅལ་ལ་དཀར་ཡོལ་ལྟར་གཙང་སྤྲ་བྱས་འདུག་པས། སྒོ་ངའི་སྟེང་དུ་ས་རྡུལ་ཙམ་ཡང་འགོས་མི་འདུག  སློབ་གྲོགས་ཨ་མ་དངོས་གནས་གྱ་དག་ཅིག་ཏུ་རེད་སྙམ་ཞོར་ལུས་པོ་ཡར་ལ་དགྱེ། སློབ་གྲོགས་ཨ་མས་ངའི་ཚུལ་དེ་མཐོང་བས། ཕོ་བ་བསྐྱོར་ཞོར་དུ་དགོད་སྒྲ་གེག་གེག་ཏུ་རྒྱག་གིན་འདུག
  ཕྱིར་ཁ་མལ་ནས་ཙོག་ཞོར་སྒོ་ང་སེམས་ཆུང་གིས་སྣོད་དུ་བཞག  ཆུ་འཁོལ་ཧུབ་ཙམ་བཏུང་སྟེ་དབུགས་རིང་ཞིག་བླངས། ད་ནི་བྱ་སྒོང་བཟའ་འདོད་མེད་པར་ཁ་རོག་གེར་ཁེར་རྐྱང་གི་བརྟུལ་ཞུགས་ཤིག་བཟུང་ནས་བསྡད།སྐབས་དེར་རང་ཁྱིམ་ནས་ཁ་བཙོ་བཙོ་ཡིས་ཨ་མས་གཅེས་སྐྱོང་བྱེད་པར་སྒུག་པའི་རྣམ་པ་དེ་དྲན་བྱུང་།
  སློབ་གྲོགས་ཨ་མས་དགོད་མཚམས་བཞག་སྟེ། “རྗེས་ཕྱོགས་སྒོ་ང་ཟ་ན་ཡང་ལྒང་ལི་ལྟར་ཐང་དུ་མ་གཡུགས”ཞེས་བཤད་དེ་ཇ་ཁང་དུ་སྒོ་ང་བཀྲུ་རུ་བུད་སོང་། སྐབས་དེར་ཨ་མས་ང་ལ་རྒྱུགས་ཤོག་སྟེང་གི་བྱ་སྒོང་གཉི་ཀ་སྟོན་བཞིན། རྗེས་ཕྱོགས་སྒོ་ང་བླངས་ནའང་སླེ་བོ་མ་འཁུར་ཞེས་པའི་སྐད་ཆ་དེ་ཡིད་ལ་འཁོར།
  ངས་འདི་ལྟར་ཕྱིར་རྟོག་གི་ཁྲོད་ནས་ངོ་ཚ་དང་ངུ་ཤུམ་སོགས་རོལ་མྱོང་ཐེངས་ཤིག་བྱས་ཏེ་གླ་ན་གླེན་ནེའི་གཤིས་སྤྱོད་ཅིག་མངོན་སོང་བས་ན། དགའ་མས་ཅོག་ཙེ་རུ་ཐལ་ལྕག་གིས་གཞུས་ཏེ་ངས་སྒོ་ང་གཉི་ཀ་ཟས་ཟིན། ཁྱོས་མི་ཟ་ན་སྡུག་གྱོང་རེད་ཅེས་བཤད་པས། ང་རང་དངངས་འདྲོགས་ཤིག་བྱས་སོང་ལ། ང་ལ་བླུགས་པའི་ཇ་ཕོད་པར་གྱུར་བས།དེ་རིང་བྲིས་པའི་བྱ་སྒོང་གཉིས་དང་ཨ་མ་གཉིས་ཞེས་པའི་ལྷུག་རྩོམ་འདི་ཆུས་བང་སྟེ་མེད་བརླགས་སུ་གྱུར་འདུག
                                             2012.12.13ལན་གྲུ་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།