གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲོལ་མར་ཕུལ་བའི་མཐའ་མའི་བརྩེ་འཕྲིན།

2013-01-22 20:45:00 རྔོག་བུ་དཔལ་ཆེན། ཀློག་གྲངས། མཆན ཡོད།

  དུངས་བ་ལྷུག་པོར་བརྗོད་པའི་བརྩེ་འཕྲིན་འདི་ནི་རང་ཉིད་ལ་བརྩེ་བ་འདྲེས་པའི་གསར་མོ་ཞིག་སྟེ། ཁོ་བོས་སྒྲོལ་མ་རུ་འབོད་པའི་སྙིང་ཉེ་མ་དེ་དང་གསོན་བྲལ་བྱས་རྗེས་བྲིས་པའི་སེམས་ཚོར་རྣལ་མ་ཞིག་ཡིན་ལ། བརྩེ་འཕྲིན་འདི་ང་དང་ཁོ་མོའི་འཕྲེང་ཞེན་གྱི་མདུད་རྒྱ་གྲོལ་བའི་རྒྱུར་གྱུར་ཅིག་གུ།
  སྙིང་ཉེ་བའི་སྒྲོལ་མ།      མངོན་སུམ་ལས་ཀྱང་ཡིད་དུ་འོང་བའི་རྨི་ལམ་ཐེངས་ཤིག་གིས་ང་ལ་ཚད་མེད་པའི་ན་ཟུག་བསླངས་སོང། མཚན་མོའི་མུན་པ་ནི་ཡོལ་རས་ནག་པོ་ཞིག་ལྟར་ང་ཡི་མཐོང་ལམ་བསྒྲིབས་ཤིང་།དྲན་པར་གཤོག་པ་ཐོགས་པའི་དུས་ཚིགས་སུ་ངས་ད་གཟོད་ག་ལེར་ག་ལེར་ཁྱོད་རང་མི་དྲན་ཐུ་མེད་རེད་ཨང་།   རེས་གསལ་རེས་མོག་གི་ཟླ་འོད་ཀྱི་ལག་པས་སྒེའུ་ཁུང་བརྟོལ་ནས་ང་ཡི་སྔས་སུ་གསང་འཕྲིན་ཅི་ཞིག་བཞག་སོང་བ་ལྟ་བུའི་དོ་ནུབ།  ངས་ཆང་རག་གི་བཟི་ཁ་དང་ལྷན་དུ་ཁྱོད་རང་ལྷག་ཏུ་དྲན་ཡོང་།     ཕྱིན་དྲན་ཞིག་བྱས་ན།    འུ་གཉིས་ནི་མི་ཚེ་ཟེར་བའི་མཐའ་མེད་པ་འདྲ་ལ་ཡོད་པ་འདྲ་བའི་གཙང་བོ་དེའི་གཞུང་གི་ལམ་ཐུག་གི་མགྲོན་པོ་འདང་ཆེན་ཞིག་མིན་ནམ། མ་འོངས་འཚོ་བ་གཅིག་ལ་སྨོན་ལམ་མཉམ་དུ་བཏབ་ཚུལ་གྱི་འདས་དོན་ཀློང་ནས། སྙིང་གཏམ་དང་མིག་ཆུ་མཉམ་དུ་བཞུར་བའི་ལོ་དང་ཟླ་བར། ང་ནི་ཉིན་མཚན་དབྱེར་མེད་ལ་ཁྱོད་ཀྱི་གམ་ནས་སྐྱེད་ཚལ་དུ་བུང་བ་འཁོར་འཁོར་བྱས་མྱོང་བ་ག་ལ་བསྙེལ་ཨང་།     ངས་ཁྱོད་ལ་འདི་འདྲའི་སྐད་ཆ་འགའ་ལབ་པ་ཁྱོད་ཀྱིས་རྣ་རྒྱབ་ཀྱི་རླུང་ལ་སྤུར་ཡོད་ཀྱང་ཆོག་ལ།  སེམས་ཀྱི་ཤོག་ངོས་སུ་བྲིས་ཡོད་ཀྱང་རུང་།   གང་ལྟར་འདི་ལྟར་བསྙད་མྱོང་སྟེ།  ཉིན་མཚན་དུས་དྲུག་དང་ཡུལ་དུས་གང་དུའང་ཁྱོད་ཀྱིས་ཕུ་རུང་གཡུག་ནས་འགྲོ་སྟངས་འདི་ངས་བརྗེད་མི་ཐུབ་གི་ཞེས་ཕན་ཚུན་ལ་འཐམ་ནས་བསྡད་ཚུལ་དང་།  དེ་ལས་ཀྱང་ཡིད་ལ་དྲན་ན་ཡིད་སེམས་སྨྲེང་བའི་དོན་དག་སྟེ། གཟའ་ཉི་མའི་ཉིན་ཞིག་ལ་འུ་གཉིས་ནམ་རྒྱུན་འགྲོ་སའི་ཁང་བའི་ནང་དུ་སྡོད་དུས།  ཁྱོད་ཀྱིས་མིག་ཆུ་ཕུད་ནས་ང་ནམ་ཡང་ཁྱོད་དང་འབྲལ་ན་མི་འདོད་ཅེས་འུ་གཉིས་ཕན་ཚུན་ལ་འཐམ་ཏེ་སྙིང་གཏམ་དང་མིག་ཆུ་མཉམ་དུ་བཞུར་ནས་ཕྱི་དྲོ་སའང་རུབ་ལ་ཉེ་དུས་ད་གཟོད་རང་རང་སར་གྱེས་པ་ཁྱོད་ཀྱིས་ཡིད་ལ་དྲན་ནམ།
  དེ་རིང་ངས་འདི་ལྟར་འདས་དོན་དག་ཡིད་ཀྱི་མེ་ལོང་ངོས་སུ་གཟུགས་ཅན་བཞིན་དུ་ཤར་དུས། ངོ་མ་མིག་ཆུ་སེམས་ལ་ལྷུང་འགྲོ།  སེམས་པ་དགུན་ཁའི་གྲང་ལྷག་འདི་དང་མཉམ་དུ་འཁྱག་གིས་བསྡམས་འགྲོ། ཡིན་ཡང་འཇིག་རྟེན་ཆོས་ཉིད་ཟེར་བའམ་ལས་དབང་འདི་ལ་བཟློག་ཐབས་ག་ནས་འདུག      ཁྱོད་ཀྱིས་འདི་ལྟར་མངོན་སུམ་དུ་དམྱལ་བར་འཕངས་འགྲོ་བ་གཞི་ནས་ཚོར་མ་བྱུང་།  ཉིན་མོ་དེར།    ཁྱོད་ཀྱིས་ང་ལ་ཁ་པར་དེ་ལྟར་བཏང་རྗེས།  ངས་ཉི་མ་མཛུབ་རྩེར་བགྲང་ནས་རེ་བས་སྒུག་ཅིང་།  བློ་ན་ཆགས་ཐོགས་མེད་པའི་ཨང་གྲངས་
  དེས་ཇི་ལྟར་མནན་ཡང་ཁ་གཏད་འདུག་པའི་སྐབས་སུ་ང་ངོ་མ་སྨྱོས་མེད་པའམ་བཟི་མེད་པ་ཙམ་ལས་ཡང་སྙིང་ཅི་ཡང་མི་འདུག  དེ་ལྟར་གོ་མེད་མཐོང་མེད་དུ་ཡལ་བར་གྱུར་བའི་ཁྱོད་རང་གཏན་དུ་རང་ཉིད་བྲལ་སོང་བ་ལྟ་བུའི་སྐྱོ་གདུང་གི་སྨུག་པ་འཐུག་པོས་ང་ཡི་སེམས་ཀྱི་རི་ལུང་ཐང་གསུམ་མག་མོག་ཏུ་བཏང་སོང་བ་ཁྱོད་ཀྱིས་རྟོགས་ཡོད་མེད་ང་ལ་གསལ་ཆ་མེད་མོད།      ངའི་སྣང་བ་ཞིག་ལ་ཁྱོད་ཀྱི་བློ་སེམས་ནི་སྔར་བཞིན་ང་ལ་འཁོར་ཞིང་རང་གིས་གདུང་བ་ཇི་ལྟར་མྱོང་གིན་པ་ཁྱོད་ཀྱིས་ཀྱང་མྱོང་གིན་ལོས་ཡོད་བསམ་ཡོད།    
  འདི་ལྟར་ཁེར་རྐྱང་དང་སུན་སྣང་།  བྲལ་གདུང་དང་སེམས་ངལ་དག་གིས་ང་ལ་ཚད་མེད་པའི་མནར་གཅོད་དང་བརྙས་བཅོས་བྱས་ཀྱང་།    ངས་ད་དུང་ཁྱོད་ཁོ་ན་སྙིང་གི་ཟབ་སར་སྒོམ་ནས།   ཐག་རིང་ས་རིང་ས་ཞིག་ན་ང་དྲན་གྱིན་ཡོད་ངེས་སྙམ་ནས་ཚོད་ཚོད་ལ་མིག་ཆུའི་ཕྲེང་ཐག་དབང་མེད་དུ་འཐོར་ཡོང་།   ཕྱིར་མིག་དང་འཕྲེང་སེམས་ཀྱི་ཀློང་ནས་ཁྱོད་རང་དེ་ལྟར་བཞུད་ག་ལ་སྲིད་ཨང་།    ང་ཤུལ་དུ་བཞག་ནས་དེ་ལྟར་ཆས་མི་སྲིད།    ངས་འདི་ལྟར་རང་སེམས་ལ་དྲོད་ཁོལ་བསྩལ་ཞིང་།  ཁེར་སྡུག་མྱང་བའི་ཉིན་ཐོ་གྲངས་མེད་ཅིག་བྲིས།    ལན་རེར་དེ་དག་རང་གིས་ཨ་རག་གི་ཚབ་ཏུ་འཐུང་ནས་བཟི་རུ་བཅུག་པའང་ཐེངས་གཅིག་གཉིས་ཙམ་ག་ལ་ཡིན། 
  ལན་རེར་འཇིག་རྟེན་གྱི་ལོངས་སྤྱོད་ཅེས་པ་ངོ་མ་བདེ་སྐྱིད་ཀྱི་དྭངས་མ་ཞིག་ཏུ་འདོད་ཅིང་།  ལན་རེར་སྡུག་བསྔལ་གྱི་རྒྱ་མཚོ་ཞིག་ཡིན་པར་བསམ་པ་ཇི་བཞིན།    བརྩེ་དུངས་ཞེས་པའང་ལན་རེར་བདེ་སྐྱིད་བསྐྲུན་བྱེད་ཀྱི་རུ་མ་ཞིག་ཏུ་བསམ་ནས་སྐྱིད་པའི་གླུ་ལེན་པར་འདོད་ཅིང་།  མཚམས་རེར་བརྩེ་དུངས་ཞེས་པ་སྡུག་བསྔལ་བསྐྱེད་བྱེད་ཀྱི་རྒྱུ་རུ་རློམ་ནས་མིག་ཆུ་གཏོང་བར་འདོད།   གང་ལྟར་ལན་རེར་བདེ་སྐྱིད་ཡིན་པ་འདྲ་ལ་མཚམས་རེར་སྡུག་བསྔལ་ཡིན་པ་འདྲ་བའི་སྐྱུར་སིལ་སིལ་གྱི་བརྩེ་དུངས་ཀྱི་ཨ་རག་འདིས་ང་རང་བཟི་རུ་བཅུག་པ་སུ་ལ་གསང་ཨང་།       
  སྙིང་ཉེ་བའི་སྒྲོལ་མ། ལས་དབང་ཟེར་བའི་རྨི་ལམ་ལྟ་བུའི་མངོན་སུམ་འདིས་འུ་གཉིས་འདི་ལྟར་ཁ་ཁར་བཏང་འགྲོ་བ་ནི་ང་ལ་མཚོན་ན་འདང་རྒྱག་མ་མྱོང་བའི་དོན་དག་ཅིག་ཡིན།   ཁྱོད་ཀྱིས་ཐེངས་གཉིས་ལ་ལམ་བུ་དེ་འདྲ་ཞིག་བདམས་པར་ངས་བསམ་བློ་མང་པོ་བཏང་མོད།   རྒྱུ་རྐྱེན་གཞན་ཞིག་གཏན་ནས་རྙེད་མ་བྱུང་།
  སྐྱེ་བ་འདིར་འུ་གཉིས་ནི་བུང་བ་ཆ་གཉིས་ཡིན་པའི་དབང་དུ་བཏང་ན།    སྐྱེད་ཚལ་གཅིག་ཏུ་འཛོམས་པའི་བསྐལ་བ་མེད་སོང་ལ།  སྔོན་ཆད་ཁྱོད་ཀྱིས་ང་ལ་ཐེངས་མང་བོར་བཤད་མྱོང་བའི་སྐད་ཆ་སྟེ།   འཇིག་རྟེན་འདིར་ང་ལ་ཁྱོད་ལས་གཞན་ཅི་ཡང་མེད་ཆོག་ཅེས་པའི་དམ་བཅའ་རྒྱང་དུ་གཡུགས་ནས།   མ་འོངས་པར་ཁྱོད་དང་ལྷན་དུ་འདུག་མ་ཐུབ་ན་གཞན་ལ་མི་འགྲོག་ཅེས་པའི་ཁ་ཆད་ཆུ་ལ་བསྐུར་ནས་ལམ་འདི་འདྲ་ཞིག་བདམས་འགྲོ་བར་ངས་དངོས་གནས་བསམ་བློ་བཏང་མྱོང་མེད།   འདི་ལྟར་བཤད་པ་ཐམས་ཅད་ངས་བརྩེ་འདང་བསམ་པ་ཡིན།  ཁྲེལ་དང་ཕྱི་ཐག་བསམ་པ་ཡིན།   ངས་སྔོན་ཆད་ཀྱང་ཁྱོད་ལ་བཤད་མྱོང་སྟེ།    ཁྱོད་ཀྱིས་ང་ལ་ཁྲེལ་མེད་མ་བྱས་ན་ངས་ཁྱོད་ལ་ཁྲེལ་མེད་བྱ་མི་སྲིད་ཅེས་བཤད་པ་ཁྱོད་ཀྱིས་བརྗེད་མི་སྲིད།      རང་དང་འདྲ་བའི་བུ་མོ་ད་དུང་ཇི་ལྟར་བཙལ་ཡང་ལབ་མིན་པར་རྙེད་ངེས་མོད།  ངས་ཁྱོད་རང་འདི་ལྟར་བརྗེད་ཐབས་དཀའ་བ་ནི་ཕལ་ཆེར་སྔོན་བསགས་ལས་དབང་ཞིག་ཡིན་པར་ངེས་ཤེས་སྐྱེས་བྱུང་།
  སྐྱེས་མཐར་འཆི་བ་དང་འདས་མཐར་འབྲལ་དགོས་པའི་ཆོས་ཉིད་ཙམ་ལ་གོ་བ་མ་ལོན་པ་མིན་མོད།   གང་ལྟར་ཁྱོད་ནི་བརྗེད་ཐབས་མ་བྱུང་།    ཉིན་མོ་དཔེ་ཆ་དང་ལས་བྱའི་བར་ནས་ཁྱོད་ཁོ་ན་དཔེ་ཆའི་ངོས་ཀྱི་ཡི་གེ་དག་དང་འདྲ་བར་མིག་ལམ་དུ་ཡང་ཡང་མངོན་ཞིང་།    ལས་བྱའི་དཀའ་གནད་ཀྱི་བསམ་གཞིག་གི་དཔྱད་བྱ་ཡང་ཁྱོད་ཁོ་ནར་གྱུར་འགྲོ་བའང་རང་ཉིད་ལས་སུ་ཡིས་ཤེས།   མཚན་མོ་རེ་རེར་རྨི་ལམ་གྱི་གཙང་བོ་བརྒལ་དུས་ཁྱོད་ནི་གཙང་བོའི་གཞུང་གི་གོ་གྲུ་འབྲུག་མགོ་མ་དེ་དག་དང་འདྲ་བར་ཡང་ཡང་འཕྲད་ཀྱིན་འདུག་ལ།   གཙང་ངོགས་ཀྱི་མེ་ཏོག་དག་དང་འདྲ་བར་ཡག་གི་བསམ་ནས་པང་དུ་འཐུས་མོད།  སང་ནངས་མོའི་སྐྱ་རེངས་བཀྱགས་དུས་ལག་སྟོང་མཆན་སྟོང་ཡིན་པའང་རང་ཉིད་ལས་སུ་ཡིས་ཤེས་སྲིད་ཨང་།
སྙིང་ཉེ་བའི་སྒྲོལ་མ།   མཚན་སྨག་གི་གྲུ་ཟུར་ཞིག་ནས་སྙན་ངག་ཐར་ཐོར་རེ་འབྲི་བཞིན་ཁེར་རྐྱང་གིས་སྡོད་དུས། ཁྱོད་ནི་ངའི་སྙན་ངག་གི་དྲོད་ཁོལ་ཡིན་ལ་སྐབས་རེར་ངའི་སྙན་ངག་འཁྱག་ལ་སྦྱོར་བྱེད་ཀྱི་གྲང་ངར་ལྷག་མ་དེ་ཡིན།                  འདས་ཟིན་པ་ཡོད་ཚད་ལ་ལེ་བདའ་དང་འཁང་ར། འགྱོད་སེམས་ཇི་ལྟར་སྐྱེས་ཀྱང་དེ་ནི་ནམ་མཁའི་སྐར་མདའ་ལྟ་བུ་ཡིན་པས་ད་ནི་བྱ་ཐབས་ཅི་ཡང་མེད།     ད་སྐབས་ང་ལ་རེ་སྨོན་གཅིག་ལས་མེད་དེ། གལ་སྲིད་ཁྱོད་རང་སྐྱིད་ས་བདེ་ས་ཞིག་ཏུ་འདུག་ཐུབ་སོང་ན་ངའི་སེམས་འདུན་མཐའ་མ་དེ་རྫོགས་སོང་བ་ཡིན།   སྐྱེ་བ་འདིར་འུ་གཉིས་ལ་ལས་དབང་ཟེར་བ་དེ་ཕལ་ཆེར་ཟད་སོང་བའམ་མེད་སོང་བ་འདྲ།  བརྩེ་བའི་འཕྲིན་པ་མཐའ་མ་འདི་འབྲི་དུས་ང་ཡི་ཚོར་བ་ཉམས་པའམ་སྐྱོ་བས་བཟི་སོང་བ་གང་ཡིན་མི་ཤེས་མོད།  སེམས་ཀྱི་ནམ་མཁའ་རུ་སྐྱོ་གདུང་གི་སྤྲིན་ནག་དཀྲིགས་ཏེ་ཤོག་དཀར་གྱི་ས་གཞི་ལ་སྙིང་གཏམ་གྱི་ཆར་བ་བབས་པ་འདི་ང་ལ་མཚོན་ནསེམས་ཀྱི་ཁུར་བོ་ཞིག་བླངས་བཞག་པ་ལྟ་བུའི་ཚོར་བ་ཞིག་ཀྱང་སྐྱེས་བྱུང་།
  ཡང་འཕྲིན་པ་འདི་འབྲི་དུས་ཁྱོད་ཉིད་ངའི་གམ་དུ་བསྡད་ནས་སྔོན་ཆད་དང་འདྲ་བར་རྣམ་འགྱུར་སྣ་ཚོགས་སྟོན་ཞིང་།   མིག་འདྲིས་སུ་གྱུར་བའི་སྤྱོད་སྟངས་ཀྱིས་ང་ལ་ཀུ་རེ་དང་རྩེད་ཁ་དགོད་ཁ་སློང་གིན་པའི་སྣང་བརྙན་ཞིག་ཀྱང་དབང་མེད་གསལ་ལྷང་གིས་བདག་གི་ཡིད་ཀྱི་མེ་ལོང་ངོས་སུ་ཡང་དང་བསྐྱར་དུ་ཤར་བྱུང་ཨང་།
   སྙིང་ཉེ་བའི་བདག་གི་སྒྲོལ་མ། 
                                                                                      2011.11.23  རྩེ་ཁོག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།