གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་རྒོད་གངས་རིའི་གཤམ་གྱི་ཤུབ་བརྗོད།

2013-01-03 13:02:00 རྡོ་རྗེ་ལྷུན་པོ། ཀློག་གྲངས། མཆན ཡོད།

           གཅིག
  ལྷ་རྒོད་གངས་རིའི་རྩེ་ལ།། སྤྲིན་བཟང་མདའ་རྩེ་མདུང་རྩེ།། ཞལ་གསུང་མེད་པས་མ་གཏོགས།། ཡབ་ཡུམ་གཉིས་ལས་ལྷག་པ།།  ཆུང་དུས་བླངས་མྱོང་བའི་བྱིས་གླུ་ཐོག་མ་ཡིན།  ཨ་མས་བསླབས་པའི་རྩེད་གླུ་ཐོག་མའང་ཡིན།  དེ་དུས་ཀྱི་བྱིས་
སེམས་གཙང་མའི་སྣང་ངོར་ལྷ་རྒོད་གངས་རི་ནི་སྤྲིན་པའི་མཐོངས་ཡངས་བརྟོལ་བའི་ལྷ་རྒོད་གངས་རི་དང་། མདའ་རྩེ་
མདུང་རྩེས་བརྒྱན་པའི་བརྗིད་ཉམས་ཀྱི་ལྷ་རྒོད་གངས་རི་ཡིན། །
           གཉིས།
  ང་ཨ་མའི་སྤང་ཁུགས་སུ་ཉལ་མ་སྙེས་སུ་བྱས་ནས་གླུ་དེ་ཉན་པར་བགྲང་གིས་མི་ཆོད་ལ་རྗེས་སུ་གོམས་ལོབས་སུ་སོང་བས་ང་རང་གཅིག་པུས་ཀྱང་ཤར་མར་ལེན་ཐུབ་བྱིས་གླུ་ཐོག་མ་དེ་ཡིན།  ཡིན་ནའང་དེ་དུས་ཀྱི་ལྷ་རྒོད་གངས་རི་ནི་བརྗིད་ཆེ་
བའི་སེམས་ཀྱི་གངས་རི་ཙམ་ལས་དོན་ལ་གང་དུ་གནས་ཡིན་ཡང་མི་ཤེས། །
           གསུམ།
  ད་ལོ་མཛུབ་མོ་ནག་པོའི་བཀོད་སྒྲིག་ཡིན་ནམ་ལས་ཀྱི་འཛད་འཕྲོ་ཅི་ཡིན་གང་ལྟར་འབྲུག་ལྟར་གྲགས་པའི་ལ་སྟོད་བྱང་གི་གྲོམ་པ་ལྷ་རྩེ་སྟེ་ལྷ་རྒོད་གངས་རིའི་གཤམ་དུ་དགེ་རྒན་ཀྱུས་མ་ཞིག་གི་མིང་བྱང་སྲུང་བར་མངགས། ལྷ་རྒོད་གངས་རི་མཐོང་
བ་དང་ངའི་སེམས་ལ་དགའ་སྐྱོ་སྤེལ་མའི་ཚོར་འདུ་བརྩེགས་མར་སྤུངས་ཤིང་ཆུང་དུས་ཀྱི་བྱིས་གླུ་དེ་ཡང་འགོག་མེད་དུ་དྲན་བྱུང་། །
            བཞི།
   ངས་ཨར་འདམ་དང་རྡོ་དཀར་ལས་བརྩེགས་པའི་མལ་ཁང་དོག་མོའི་སྒེ་ཁུང་ནས་ལྷ་རྒོད་གངས་རིའི་བརྗིད་ཉམས་བཙལ་བ་ཡིན།  མདའ་རྩེ་མདུང་རྩེ་གཟེངས་པའི་ལྷ་རྒོད་གངས་རིའི་གཟི་དཔལ་བཙལ་བ་ཡིན། ངས་མཐོང་བ་ནི་གངས་དཀར་བོའི་
རང་མདངས་བཞུས་ཟིན་པའི་བྲག་རྡོ་སྔོན་པོ་ལས་གཞན་མཐོང་མ་སོང་། ངས་མཐོང་བ་ནི་ན་བུན་འཐིབས་པའི་སྤྲིན་ནག་ལང་ལོང་ལས་གཞན་མཐོང་མ་སོང་། །
             ལྔ།
  ངས་ཨུ་ཚུགས་ཀྱིས་ལྷ་རྒོད་གངས་རིར་ཅེར་ནས་མདའ་རྩེ་མདུང་རྩེའི་བརྗིད་ཉམས་ཇི་ལྟར་བཙལ་ཡང་མཐོང་མ་སོང་། མཐོང་བ་ནི་ལྷ་རྒོད་གངས་འདབས་ནས་མིག་ཆུ་བཞིན་བཞུར་ཡོང་བའི་མངས་མཁར་ཆུ་བོ་དེ་ཡིན། མངས་མཁར་ཆུ་
བོས་ལྷ་རྒོད་གངས་རིའི་གཟི་བརྗིད་ལ་གཉོམ་དུང་དུང་གི་གྱེས་ཕྱག་ཕུལ་རྗེས་སྣུམ་ནག་ལམ་ཆེན་༣༡༨གྱི་ཟམ་འོག་བརྒྱུད་སྐྱོ་ལྷང་ངེར་ཡར་ཀླུང་གཙང་བོའི་ཕྱོགས་སུ་རྒྱུགས་བཞིན་འདུག །
                   
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།