གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་རུ་ཉུལ་བའི་མྱོང་ཚོར།

2012-12-30 15:20:00 གཅན་རྣམ་ཐར། ཀློག་གྲངས། མཆན ཡོད།

  ད་ནངས་སྔ་དྲོ་གཅན་ཚའི་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་མི་འགའ་དང་མཉམ་དུ་རྫོང་འདིའི་འབྲོག་ས་གཅིག་པུའི་ཡུལ་དུ་འགྲོ་བའི་སྐལ་བ་ལྡན་པས།  སེམས་སུ་དགའ་ཚོར་འབུམ་གྱིས་བརྟས་ནས་རླངས་འཁོར་ལ་བསྡད་དེ་འབྲོག་རུ་ཉུལ་བར་སོང་།  དགུན་ཟླའི་བསེར་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ལམ་ཀྱ་ཀྱུ་མང་པོ་དེད་དེ་ཐང་ཡངས་པོའི་འབྲོག་ས་རུ་བསྐྱོད། ས་གཞིའི་ཡོངས་ཀྱིས་ལྷིང་འཇགས་ཤིག་དང་སྐྱོ་སྣང་ཞིག་བསྣམས་ནས་ང་ལ་བསུ་བ་བྱེད་པ་དང་འདྲ།
   ངས་ཀྱང་དགུན་ཟླའི་འབྲོག་རུ་སྐྱ་བོ་འདི་མིག་ལམ་དུ་མཐོང་མ་ཐག་སེམས་སུ་སྐྱོ་སྣང་འབུམ་དང་སྡུག་སྣང་ཁྲི་ཡིས་ཁྱབ་སོང་།  རུ་སྡེ་ཐར་ཐོར་གྱི་འབྲོག་སྡེ་འདི་ན་ཡོད་ཚད་ས་སྟོང་དང་ལྷིང་འཇགས་ཀྱི་རྣམ་པ་ཞིག་རང་ཤུགས་ཀྱི་མངོན་ཡོད་པས། རུ་སྡེ་འདིའི་རྟ་ནོར་ལུག་གསུམ་གང་དུ་བཞུད་སོང་།  རུ་སྡེ་འདིའི་རུ་མི་རྣམས་གང་དུ་བཞུད་སོང་།  རུ་སྡེ་འདིའི་འབྲོག་ཁྱི་རྣམས་གང་དུ་བཞུད་སོང་།
  ས་སྟོང་གི་རྣམ་པ་རང་ཆས་སུ་མནབས་པའི་འབྲོག་རུ་སྐྱ་བོ་འདིས་ལོ་ངོ་ག་ཚོད་ཅིག་ལ་འདི་ལྟར་ལྷིང་འཇགས་དང་གྲང་རླུང་གི་སྡུག་བསྔལ་སེམས་སུ་བཅངས་ནས་སྡུག་སྨྲེ་ག་འདྲ་བཏོན་པ་སུས་ཚོར་ཡོད་དམ།  འབྲོག་རུ་སྐྱ་བོ་འདིས་བརྗེད་པར་དཀའ་བའི་དབྱར་ཟླ་དྲུག་པའི་མེ་ཏོག་སེར་ཆེན་དང་། དབྱར་ཟླ་དྲུག་པའི་ཁུ་བྱུག་སྔོན་མོའི་གསུང་སྙན་སེམས་ནས་དྲན་བཞིན་མིག་ཆུ་ཇི་འདྲ་བཞུར་བའི་གྲངས་ཀ་སུས་ཤེས་སམ།  འབྲོག་རུ་སྐྱ་བོ་འདིས་གནས་འདིའི་རྟ་ནོར་ལུག་གསུམ་དང་།  མཚེར་ཤུལ་གྱི་འབྲོག་ཁྱི་རྣམས་གནས་ངེས་མེད་དུ་འཁྱམས་སོང་བའི་ལོ་རྒྱུས་དང་།  རྟ་ནོར་ལུག་གསུམ་དང་འབྲོག་ཁྱི་བཅས་ཀྱིས་ཞེན་ཆགས་ཀྱི་ཕྱིར་མིག་རྩྭ་ཐང་ལ་སྐྱུར་བའི་གཟུགས་བརྙན་དེ་ཡིད་ལ་གསལ་ལེར་འཆར་ཡོད་དམ།
 དུས་དེང་སང་འབྲོག་རུ་འདི་ན་ཡོད་ཚད་ལོ་རྒྱུས་དང་བཤད་རྒྱུན་གྱི་རྣམ་ཐར་ཞིག་ལས།  དོན་ངོ་མའི་འབྲོག་སྡེ་ཆེན་པོ་ཞིག་གི་མཚེར་ཤུལ་གནའ་ནས་ས་རྡུལ་གྱིས་གཡོགས་འདུག་ལ།  དོན་ངོ་མའི་འབྲོག་ས་ཞིག་གི་རྣམ་པ་དང་ངོ་བོ་རྩ་བ་ནས་ཡལ་འདུག  དོན་ངོ་མའི་འབྲོག་པའི་མི་རྒྱུད་ཀྱི་རང་གཤིས་དང་ཀུན་སྤྱོད་ཡེ་ནས་དོར་འདུག  ས་ལག་མཐིལ་ཙམ་ཞིག་ཀྱང་ལྕགས་དྲ་བསྐོར་ནས་ཡོད་པ་ལས།  དེའི་ནང་དུ་རྩྭ་ཆུ་ལ་རོལ་བའི་ནོར་ལུག་མེད་ལ།  རྒྱང་རིང་གི་རི་ངོས་རེ་ན་ནོར་ལུག་ཐ་ཐོར་རེ་ཡིས་སོས་དལ་བག་ཕེབས་ཀྱི་རྩྭ་ལ་རོལ་བཞིན་ཡོད་པ་ལས། འདི་འདྲའི་ཐང་ཨ་ལོང་མེ་ལོང་འདྲ་བ་ཞིག་གི་སྟེང་དུ་ནོར་ལུག་ཐ་ཐོར་ལས་མེད་པའི་རྒྱུ་མཚན་ཅི་ཡིན་ནམ།   མཐའ་མི་མངོན་པའི་སྤང་ཐང་འདི་འདྲ་མིག་ལམ་དུ་མངོན་པ་ན་ངའི་སེམས་པའང་རྒྱ་ཆེ་རུ་འགྲོ་བའི་སྣང་བ་ཞིག་དབང་མེད་དུ་སྟེར།  ཡིན་ཡང་འདི་ན་འཚོ་བ་རོལ་བའི་མི་ཚོགས་དང་མི་ཚོགས་བརྟེན་སའི་ནོར་ལུག་ཉུང་ཉུང་ལས་མེད་པར་གནས་གང་དུ་བུད་སོང་བ་ཡིན་ནམ།
  རང་ས་གསེར་གྱི་གཞི་མ་འདི་ང་ཚོའི་ཕངས་མེད་དུ་བེད་སྤྱོད་མ་བྱེད་པར་འདི་ལྟར་ཐང་སྟོང་ལུང་སྟོང་དུ་བསྐྱུར་དོན་ཅི།  གནའ་ནས་ད་བར་དུ་ང་ཚོའི་མེས་པོ་རྣམས་ཀྱིས་གསེར་མདོག་གི་ཕ་ས་འདི་ལོངས་སུ་སྤྱད་དེ་མི་ལོ་དུ་མར་འཚོ་བ་རོལ་ནས་བསྡད་པ་མ་ཡིན་ནམ། དུས་དེང་སང་མི་རྣམས་ཀྱིས་གསེར་མདོག་གི་ཕ་ས་འདིར་ཞེན་པ་ལོག་པའི་བསམ་ཚུལ་སྟོན་བཞིན་ཕངས་མེད་དུ་བསྐྱུར་ནས་རྒྱ་གྲོང་ཉུལ་བའི་བསམ་བློ་ཅིའི་ཕྱིར་སྐྱེ་བ་ཡིན་ནམ།  ས་གཙང་ཡུལ་གཙང་།  ཆུ་གཙང་མཁའ་དབུགས་གཙང་བའི་འབྲོག་ས་འདི་འདྲ་ཡིད་ནས་དོར་ཏེ་མི་གཙང་བའི་མཁར་གྲོང་ལ་ཉུལ་བའི་འདོད་བློ་འདི་ཅི་འདྲའི་ནོར་འཁྲུལ་གྱི་ལྟ་བ་ཞིག་རེད་ཨང་།
   འབྲོག་ས་ཆེན་མོ།  དུས་དེ་རིང་ལྷིང་འཇགས་ཀྱི་གདུང་ཡུས་ཁྲོད་ན།  གནའ་བོའི་མི་རིགས་ཤིག་གི་མེས་པོ་དཔུང་རྗེན་དེ་དག་དང་།  མ་ཡུམ་མཛངས་མ་དེ་དག་ཡིད་ནས་དྲན་བཞིན། ཐོབ་ཤོར་གྱི་འགྱོད་གདུང་གི་རྨ་ཁ་ལག་པས་བྱིལ་བྱིལ་གནང་བཞིན་སུ་ཞིག་ལ་ལེ་བདའ་བྱེད་པ་ལྟར།  ས་རྡུལ་དང་རླུང་འཚུབ་འཁྲིགས་པའི་ལྷགས་རླུང་ཟས་སུ་སྒོམ་ནས་ཉིན་རྒྱུན་ལྷིང་འཇགས་ཀྱི་ལྭ་བ་གྱོན་ནས་སྡུག་བསྔལ་གྱི་མིག་ཆུ་ཁོག་ནས་སྦས་ཏེ་འདུག་དགོས་པ་ལས་དབང་རེད།  རླངས་འཁོར་དང་འཕྲུལ་རྟའི་ལྡིར་སྒྲའི་ཁྲོད་ནས་རྒྱང་རིང་གི་རི་ཚོགས་ལ་ཡིད་སྨོན་འཆོར་བཞིན་མི་གཙང་བའི་མཁའ་དབུགས་མང་པོ་མིད་དེ་ལོ་ཟླའི་འཁོར་འགྲོས་ཀྱི་ཁྲོད་ནས་རྒས་དགོས་པའང་ལས་དབང་རེད།
འབྲོག་ས་ཆེན་མོ།  བདེ་མོ་བྱོས།  ངས་ཉིན་གཅིག་གི་བྱ་བ་ཡོངས་སུ་འགྲུབ་ནས་ཁྱེད་ཀྱི་ཕང་བ་ནས་ཕྱིར་མཁར་གྲོང་དུ་འགྲོ་དགོས་བྱུང་བས།  གསེར་མདོག་གི་ཉི་མའང་ཐག་རིང་གི་ནུབ་རིའི་རྩེ་ན་དམར་ལམ་ལམ་དུ་རྩྭ་ཐང་ལ་ཕྱིར་མིག་ལྟ་ཞོར་དང་།  ང་ལ་བདེ་མོ་འཇོག་ཞོར་དུ་ཆུ་ལྷའི་ཕང་བ་རུ་བཞུད་ལ་ཉེ།  ངས་ཀྱང་ཞེན་ཆགས་དང་སྡུག་ཡུས།  སེམས་ཁུར།  བསམ་གཞིགས་མང་པོའི་སེམས་འགྱུ་མང་པོ་ཞིག་ཕྲག་ཏུ་ཁུར་ནས།  ལྗིད་ཏིག་ཏིག་གི་ངང་ནས་ཕྱིར་ཡུལ་དུ་ལོག་པ་ཡིན།  དེ་བས་ཉིན་འདི་འགར་ངའི་མིག་ལམ་ནས་ད་དུང་ཡངས་པའི་རྩྭ་ཐང་དེ་ཡང་ནས་ཡང་དུ་འཆར་གྱིན་འདུག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།