གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུད་མེད་ཅིག་གི་འཇིག་རྟེན་ལྟ་ཚུལ་གླེང་བ།

2012-12-29 11:09:00 བསྟན་འཛིན་ཕན་བདེ། ཀློག་གྲངས། མཆན ཡོད།

  མཁས་བླུན་གང་གི་ཡང་ཁོངས་སུ་མ་གཏོགས་ཤིང་། བོད་བརྒྱུད་ནང་དོན་རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱས་དང་བྱེད་མུས་སུ་ཡོད་པའི་ནུབ་ཕྱོགས་ཡོ་རོབ་གླིང་གི་བུད་མེད་ཅིག་གིས་བཤད་རྒྱུར། དངོས་པོ་རང་ངོས་ནས་གྲུབ་པའི་ལྟ་ཚུལ་དེས་འཇིག་རྟེན་འདིའི་ཐོག་སྒེར་སེམས་རིང་ལུགས་རྒྱ་བསྐྱེད་བཏང་ཡོད་པས། ང་ཚོས་འགྲོ་བ་མིའི་སྤྱི་ཚོགས་ནང་ཐུན་མོང་རང་བཞིན་ཅན་གྱི་ཞི་མཐུན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ན་ངེས་པར་དུ་སྒེར་གཙོ་རིང་ལུགས་པའི་ལྟ་བའི་ལྟེ་སྙིང་སྟེ་དངོས་པོ་རང་ངོས་ནས་གྲུབ་པའི་ལྟ་ཚུལ་ལ་གཞི་འཛིན་ཡོད་མེད་མཐིལ་བརྟོལ་ཐུབ་པ་དགོས་ཅེས་བཤད་བྱུང་། འདི་ཉིད་ཁོ་མོའི་ལྟ་ཚུལ་བཅོས་མ་མ་ཡིན་པ་ཞིག་ཡིན་མིན་བརྗོད་མི་ཐུབ་ཀྱང་མོ་རང་འཇིག་རྟེན་ལྟ་ཚུལ་ཐོག་བསམ་བློ་མང་པོ་གཏོང་མཁན་ཞིག་ཡིན་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་ངའི་མདུན་དུ་སྡོམ་ཚིག་རང་བཞིན་གྱི་སྐད་ཆ་འདི་འདྲ་བཤད་པ་ཐོག་མ་རེད། ཁོ་མོའི་སྐད་ཆ་ཆེན་པོ་དེར་ངས་ལམ་སེང་འདི་ཡིན་གྱི་ལན་འདེབས་བྱེད་མ་ཐུབ་པས་ངས་ཁོ་མོ་སྐད་ཆ་དེ་ལས་གནས་སྐབས་གཡོལ་བཅུག་པ་ཡིན། འོན་ཀྱང་ངས་སྐད་ཆ་དེར་བསམ་བློ་ཡང་ཡང་བཏང་།
  སྐད་ཆ་འདི་ནི་རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་ཡོད་པ་ཞིག་རེད། ཁོ་མོའི་སྐད་ཆ་འདིའི་རྒྱབ་ཏུ་རིགས་པའི་གཞུང་ལུགས་གང་ཞིག་ཡིབ་ཡོད་མེད་ལ་ང་རང་བསམ་བློ་གཏོང་དགོས་བྱུང་། མོ་རང་དེ་སྔོན་ཡེ་ཤུའི་ཆོས་ལུགས་ལ་དད་པ་ཡོད་མཁན་ཞིག་ཡིན་ནའང་མོའི་ལྟ་ཚུལ་འདི་ཉིདའཇིག་རྟེན་བཀོད་པ་པོ་འདོད་མཁན་ཡེ་ཤུའི་ཆོས་གཞུང་ལ་རྒྱབ་རྟེན་བཅོལ་མེད་པ་གསལ་པོ་རེད། ཡིན་ནའང་ལྟ་ཚུལ་འདིའི་རྒྱབ་ཏུ་གནའ་བོའི་གྷི་རི་སི་དང་རོམ་གྱི་རིག་གཞུང་ལྟ་ཚུལ་ཡོད་མེད་ཐོག་ད་དུང་བསམ་ཞིབ་བྱེད་དགོས་པ་འདུག ཁོ་མོའི་ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ་ཐོག་ནས་བཤད་ན་གནའ་བོའི་ཕ་མེས་ཀྱི་རིག་གཞུང་ལ་གོ་རྟོགས་ཡོད་པ་ཞིག་རེད་མིི་འདུག་པས་རིག་གཞུང་དེའི་བག་ཆགས་ཙམ་ལས་རིག་གཞུང་དེའི་ཐོག་ནས་གཏིང་ཚུགས་པའི་བསམ་བློའི་ལྟ་ཚུལ་འཛིན་ཐུབ་མཁན་ཞིག་མིན་པ་ངས་ཚོད་དཔག་ཐུབ་ཀྱི་འདུག ཁོ་མོ་ནི་ཚན་རིག་དང་མཐུན་པའི་བསམ་བློའི་ལྟ་ཚུལ་ཡོད་པའི་ཐོག་དེང་རབས་དཔལ་འབྱོར་རིག་པར་སྦྱངས་པ་ཡོད་པའི་ཤེས་ཡོན་ཅན་སྤྱིར་བཏང་བ་ཞིག་རེད། མོས་ལོ་ཤས་ནང་བོད་བརྒྱུད་ནང་དོན་རིག་པའི་གཞུང་ལུགས་ལ་སྦྱངས་པ་ཐར་སོན་ཅིང་ནུབ་ཕྱོགས་པའི་སྤྱི་ཚོགས་ལ་རྒྱུད་མངའ་ཡོད་པའི་དགེ་རྒན་ཆེན་མོ་བ་ཞིག་སློབ་དཔོན་དུ་བསྟེན་ཏེ་ནང་དོན་རིག་པའི་གཞུང་ལ་སློབ་གཉེར་བྱས་དང་བྱེད་མུས་སུ་ཡོད་པར་མ་ཟད། ད་ལྟ་སློབ་གཉེར་དེས་མོའི་ཡིད་དབང་རབ་ཏུ་འཕྲོག་བཞིན་པའི་གནས་སྐབས་ཤིག་ཀྱང་ཡིན།
  ཁོ་མོ་དང་ལབ་གླེང་བྱས་པའི་བརྒྱུད་རིམ་ནང་ནས་ཤེས་ཐུབ་པ་ཞིག་ནི་ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་ནང་དོན་རིག་པའི་གཞུང་ལུགས་དང་མོ་རང་གི་ཆེད་སྦྱོང་བྱས་པའི་དེང་རབས་དཔལ་འབྱོར་རིག་པའི་གཞུང་ལུགས་གཉིས་ཀྱི་ལྟ་ཚུལ་ལ་གཤིབ་སྡུར་གྱི་བསམ་གཞིགས་བྱེད་ཀྱི་ཡོད་པ་དེ་རེད། སྐབས་ཤིག་མོ་རང་གིས་དེང་སྐབས་ཀྱི་ཁྲོམས་རའི་ནང་བརྡ་ཁྱབ་ལ་དོ་སྣང་ཤུགས་ཆེན་བྱེད་པ་ནི་འགྲོ་བ་མིའི་རིགས་ཀྱི་འདོད་རྔམ་ཤུགས་ཆེར་གཏོང་ཐབས་གཅིག་རེད་ཅེས་བརྗོད་ཀྱི་འདུག མཐོང་ཚོད་ལ་ཁོ་མོ་དེང་རབས་ཀྱི་ཁོར་ཡུག་ལ་སུན་སྣང་ཡོད་པའི་རྣམ་པ་མངོན་གྱི་འདུག དེ་སྔོན་ངའི་གྲོགས་པོ་འགའ་ཤས་ནས་ཁོ་མོར་དཔལ་འབྱོར་རིག་པའི་ཐོག་ཟུར་འཁྲིད་གནང་རྒྱུའི་རེ་སྐུལ་ཞུས་ནའང་ཁོ་མོས་ཁྱེད་ཚོའི་དོ་སྣང་གི་ཁ་ཕྱོགས་ནོར་གྱི་མེད་དམ་སྙམ་གྱི་འདུག་ཅེས་ལན་འདེབས་གནང་ནས་ཟུར་འཁྲིད་བྱ་རྒྱུར་མོས་མཐུན་གནང་མ་སོང་། སྐབས་དེར་ངས་ཁོ་མོར་ཁྱེད་རང་བདག་ཉིད་ཆེན་མོ་མཧཱ་དྷ་མ་གྷན་དྷི་བཞིན་དུ་དེང་རབས་ཀྱི་ཤེས་ཡོན་ལ་སློབ་གཉེར་མཐར་ཕྱིན་རྗེས་དེའི་ཁ་གཏད་དུ་ལངས་ཏེ་སྲོལ་རྒྱུན་གྱི་ཁོར་ཡུག་ཆུང་ཆུང་ཞིག་ནང་ཕེབས་རྩིས་ཡོད་དམ། ཅེས་དྲིས་པར་ཁོ་མོས། ང་ལ་གྷན་དྷི་ལྟ་བུའི་བསམ་བློའི་གོ་རྟོགས་དང་ཆོད་སེམས་ཡོད་ན་ངས་དེ་རང་བྱ་ངེས་ཀྱང་ང་ནི་ད་ལྟ་དེང་རབས་ཀྱི་བྱིས་པ་རང་ཡིན་ཟེར། སྐད་ཆ་འདིའི་ཐོག་ནས་ངས་ཁོ་མོ་བདག་ཉིད་ཆེན་མོ་གྷནདྷིའི་འཇིག་རྟེན་གཟིགས་ཚུལ་ལ་མོས་པ་ཡོད་པ་ཤེས་ཀྱི་འདུག འོན་ཀྱང་ཁོ་མོས་དེ་རིང་འཇིག་རྟེན་ལྟ་ཚུལ་གྱི་སྡོམ་ཚིག་བཀོད་པ་དེའི་རྒྱབ་ཏུ་གྷན་དྷིའི་འཇིག་རྟེན་ལྟ་ཚུལ་གྱིས་རྒྱབ་ལྗོངས་བྱས་ཡོད་པའི་ཚོས་དཔག་བྱེད་ཐུབ་ཀྱི་མི་འདུག
  དེ་ལྟར་ན་ཁོ་མོའི་འཇིག་རྟེན་ལྟ་ཚུལ་གྱི་བསམ་བློའི་སྡོམ་ཚིག་ཆེན་པོ་དེའི་རྒྱབ་ཏུ་རིག་པའི་གཞུང་ལུགས་གང་ཞིག་ཡོད་དམ། ཁོ་མོའི་བསམ་བློ་དེ་ཐོལ་བྱུང་གི་བསམ་བློ་ཙམ་ཞིག་གི་ངོ་བོར་འཇོག་དགོས་སམ། ངས་འདི་ལྟར་དྲི་ཚིག་མང་པོ་ཞིག་དང་ལྷན་དུ་ཁོ་མོའི་ལྟ་ཚུལ་དེའི་རྒྱབ་ལྗོངས་ལ་བསམ་བློ་བཏང་བ་ཡིན། སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས། “དེ་ཡང་འཇིག་རྟེན་ཐོག་གི་བྱ་སྤྱོད་ངན་པ་ཚང་མའི་རྩ་བ་ནི་སྒེར་སེམས་ལ་ཐུག་ཡོད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་ཡང་སྒེར་སེམས་ཁོ་ནར་ཐུགས་ཡོད་ཅིང་། གལ་ཏེ་མི་རྣམས་ཚང་མ་སྒེར་སེམས་མེད་པ་ཞིག་ཏུ་འགྱུར་ཚེ་སྤྱི་ཚོགས་ཐོག་ཕན་ཚུན་གསོད་རེས་བྱེད་པ་དང་། རྐུ་མ་རྐུ་བ། འཕྲོག་བཅོམ་བྱེད་པ། ལོག་གཡེམ་བྱེད་པ་སོགས་ཀྱི་བྱ་ངན་སྤྱོད་ངན་རིགས་ཡོང་མི་སྲིད།” ཅེས་སྡོམ་ཚིག་བཀོད་གནང་ཡོད། མཁས་དབང་དུང་དཀར་རིན་པོ་ཆེ་མཆོག་གི་འཇིག་རྟེན་གཟིགས་ཚུལ་འདི་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡོན་ཚད་མཐོ་བའི་སློབ་ཆེན་དགེ་རྒན་ཆེན་མོ་བ་ཞིག་གི་བསམ་བློ་ཙམ་མ་ཟད་བོད་བརྒྱུད་ནང་དོན་རིག་པའི་གཞུང་ལུགས་ཀྱི་ཚད་མཐོའི་རྒྱབ་ལྗོངས་ཡོད་པའི་འཇིག་རྟེན་གཟིགས་ཚུལ་ཞིག་ཀྱང་རེད། རང་རེའི་སྤྱི་ཚོགས་ནང་བོད་བརྒྱུད་ནང་དོན་རིག་པའི་གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་པ་མང་པོ་ཡོད་ཀྱང་དེ་དག་གི་ཁྲོད་དུ་ནང་དོན་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་དེང་རབས་དང་མཐུན་པའི་འཇིག་རྟེན་ལྟ་ཚུལ་འཛིན་ཐུབ་མཁན་གྱི་མཁས་པ་ཆེས་ཉུས་ཤས་ཤིག་ལས་མེད་ཅིང་། མཁས་དབང་དུང་དཀར་རིན་པོ་ཆེ་མཆོག་ནི་དེའི་གྲས་ཀྱི་གཅིག་ཡིན། སློབ་དཔོན་ཆེན་མོ་དུང་དཀར་རིན་པོ་ཆེའི་འཇིག་རྟེན་གཟིགས་ཚུལ་གྱི་སྡོམ་ཚིག་འདིའི་ཐོག་ནས་སླར་ཡང་ནུབ་གླིང་གི་བུད་མེད་དེའི་ལྟ་ཚུལ་ལ་བསམ་གཞིགས་བྱས་ན་ད་གཟོད་ཁོ་མོའི་བསམ་བློའི་རྒྱབ་ལྗོངས་ནི་བོད་བརྒྱུད་ནང་དོན་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ལ་གཞི་བཅོལ་བར་བཤད་ཆོག
  འོན་ཀྱང་ལོ་ཤས་སྔོན་ནང་པའི་དགེ་སློང་ཞིག་གིས་དེང་རབས་དངོས་ཁམས་རིག་པ་སྨྲ་བའི་ཚན་རིག་པ་ཞིག་ལ་དྲི་བ་འདི་འདྲ་ཞིག་དྲིས་ཡོད། དེང་རབས་ཚན་རིགས་ཀྱི་ལྟ་ཚུལ་དང་བསྟུན་ན། རང་ངོས་ནས་གྲུབ་པའི་དངོས་པོ་རང་རྐྱ་བ་ཞིག་ལ་ཡིད་ཆེས་བྱེད་པས་དངོས་པོ་དེའི་རང་བཞིན་མཐར་ཐུག་རྟོགས་པར་འགོག་རྐྱེན་བྱེད་པ་མ་གཏོགས་གནད་འགག་གཞན་ཅི་ཞིག་ཡོད་དམ། ཞེས་དྲིས་པར་དངོས་ཁམས་ཚན་རིག་པ་དེས། འགྲོ་བ་མིའི་རིགས་ཆིག་སྒྲིལ་མེད་པར་གཏོང་བའི་གྲུབ་མཐའ་སྟེ། མི་རིགས་དབྱེ་འབྱེད་རིང་ལུགས་དང་། དྲག་པོའི་རྒྱལ་གཅེས་རིང་ལུགས། གྲལ་རིམ་འཐབ་རྩོད་ལྟ་བུར་ཞིབ་ལྟ་བྱེད་སྐབས། དེ་དག་གི་འབྱུང་རྐྱེན་གཙོ་བོ་ཞིག་ནི་ཆོས་རྣམས་ཕན་ཚུན་རྟེན་འབྲེལ་གྱི་རང་བཞིན་མ་ཡིན་པར་རང་ངོས་ནས་གྲུབ་པའི་འདོད་ཕྱོགས་འདི་ཡིན་ཞིང་། ལོག་རྟོག་འདི་ལ་བརྟེན་ནས་གོང་གི་དབྱེ་འབྱེད་ལམ་ལུགས་འདི་དག་རང་ངོས་ནས་གྲུབ་ཅིང་རང་རྐྱ་བ་ཞིག་ཡིན་པའི་ཡིད་ཆེས་འབྱུང་གི་ཡོད། ཅེས་ལན་འདེབས་བྱས་ཡོད། ནང་པའི་དགེ་སློང་ཞིག་གིས་དངོས་ཁམས་ཚན་རིག་པ་ཞིག་ལ་དྲིས་པའི་ལན་འདེབས་ལ་བསམ་ན། ལྟ་ཚུལ་འདིའི་རྒྱབ་ཏུ་ནང་དོན་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་ཡོད་པར་འགྲེལ་བརྗོདམཐའ་གཅིག་ཏུ་བྱ་རྒྱུ་དེའང་ཐེ་ཚོམ་དང་བསམ་གཞིག་གི་ནང་ལྷུང་སོང།
 ངས་ཁོ་མོ་དང་ལྷན་དུ་བསམ་བློའི་བགྲོ་གླེང་བྱ་རྒྱུར་ཐག་གཅོད་བྱས། ང་རང་ཁོ་མོའི་འཇིག་རྟེན་ལྟ་ཚུལ་གྱི་བསམ་བློའི་རྒྱབ་ལྗོངས་ལ་བསམ་ཞིབ་བྱས་ནས་བསྡད་པའི་དུས་ཡུན་དེའི་རིང་ཁོ་མོ་དང་ངའི་གྲོགས་པོ་གཞན་ཚོ་བརྗོད་གཞི་དེ་ལས་རྒྱང་རིང་བའི་སྐད་ཆ་སྣ་ཚོགས་ཤིག་ལ་དབྱིངས་ཚུད་ཚར་འདུག ངས་ཁོ་ཚོ་ཐོག་མར་བརྗོད་གཞི་དེ་ལས་གཡོལ་དུ་བཅུག་པ་བཞིན་ད་ལྟ་ཁོ་ཚོ་བརྗོད་གཞི་གཞན་གྱི་ཐོག་ཏུ་སླེབས་པ་ཙམ་དུ་མ་ཟད། ཁོང་ཚོ་སྐད་ཆ་དེར་དབྱིངས་ཞུགས་འདུག ངས་ཇི་ལྟར་བྱས་ཏེ་བརྗོད་གཞི་དེར་ལྟག་ལོག་རྒྱག་དགོས་སམ། ངས་གློ་བུར་དུ་ལི་ཡཱ། ཁྱེད་རང་གིས་ད་གིན་འཇིག་རྟེན་འདིའི་སྟེང་གི་རྒུད་ཆག་ཡོངས་རྫོགས་དངོས་པོ་རང་ངོས་ནས་གྲུབ་པའི་ལྟ་ཚུལ་འདི་ལས་བྱུང་བ་རེད་ཅེས་གསུངས་སོང་། ཁྱེད་ནས་དེ་ལྟར་བརྗོད་དོན་གང་ཡིན་ནམ། ཞེས་གློ་བུར་དུ་འདི་ལྟར་དྲིས་པར་ཁོང་ཚོ་ཚང་མ་འཇམ་ཐིང་ངེར་གནས། ཁོ་མོས་ང་ལ་ཕྱོགས་ཏེ་ཁྱེད་ཀྱི་དྲི་བ་དེ་ཕྱི་དྲགས་སོང་། ད་ལྟ་ང་ཚོ་བརྗོད་བྱ་དེའི་ཕར་ཕྱོགས་ན་ཡོད། ཅེས་བཤད་བྱུང་། ཁྱེད་ཚོ་བརྗོད་གཞི་གཞན་གྱི་ཐོག་གླེང་མོལ་བྱེད་པའི་དུས་ཡུན་དེའི་རིང་ངས་ཁྱེད་རང་གི་འཇིག་རྟེན་ལྟ་ཚུལ་དེར་བསམ་གཞིགས་བྱས་ནས་བསྡད་པ་ཡིན། ད་ལྟ་ང་ཁྱེད་དང་ལྷན་དུ་དེའི་སྐོར་བསམ་ཚུལ་བརྗེ་ལེན་བྱ་རྒྱུར་འདོད་པ་ཡོད། ཅེས་བཤད་པ་ཡིན། ཁོ་མོའི་བཞིན་གྱི་འཛུམ་མདངས་དེར་བལྟས་ན་ད་གཟོད་ཁོ་མོའི་བསམ་བློར་རིན་ཐང་སྤྲོད་མཁན་ཞིག་བྱུང་བའི་དགའ་ཚོར་གྱི་རྣམ་འགྱུར་མངོན། ཁོ་མོས་དེ་ལྟར་བྱས་ན་འགྲིག་གི་རེད་ཅེས་གསུངས། ད་ནི་གྲོགས་པོ་གཞན་ཚོར་གླེང་མོལ་བྱེད་པའི་གོ་སྐབས་མེད། གང་ཡིན་ཞེ་ན། ཁོང་ཚོ་བརྗོད་གཞི་འདི་འདྲའི་ཐོག་གོ་རྟོགས་ཡོད་པ་ཞིག་མ་རེད། ཁོང་ཚོ་དོན་དག་མང་པོ་ཞིག་ལ་ཁ་གཡར་ཏེ་འདི་ནས་འགྲོ་རྒྱུ་ཡིན་པ་ངས་ཚོད་དཔག་བྱེད་ཐུབ་ཀྱི་འདུག
   ངས་ཐོག་མར་ཁྱེད་རང་ལ་དྲི་བ་ཞུ་རྒྱུར། དངོས་པོ་རང་ངོས་ནས་གྲུབ་པ་ཞེས་པ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་སམ། ནང་དོན་རིག་པའི་གཞུང་ལུགས་ནང་རང་ངོས་ནས་གྲུབ་པའི་གྲུབ་ཚད་བཞག་པ་དེ་རང་ལ་ངོས་འཛིན་བྱེད་དགོས་སམ། ཡང་ན་ཁྱེད་རང་གིས་གྲུབ་ཚད་གཞན་ཞིག་ངོས་འཛིན་བྱ་རྒྱུ་ཡིན། ཞེས་དྲིས་པ་ཡིན། ཁོ་མོས་བརྗོད་རྒྱུར། ཁྱེད་རང་གི་དྲི་བ་དང་པོ་རང་གིས་ང་ལ་དཀའ་ངལ་སྤྲད་སོང་། ཡིན་ནའང་ཁྱེད་རང་གི་ཐོག་མའི་དྲི་བ་འདི་ཡིན་པ་ངས་ཤེས་ཀྱིི་ཡོད་ཅེས་གསུངས་ཏེ་མུ་མཐུད་བརྗོད་རྒྱུར། སངས་རྒྱས་ཆོས་ལུགས་ཀྱི་དབུ་མ་པའི་རིག་པའི་གཞུང་ལུགས་ནས་བཤད་པའི་དངོས་པོ་རང་ངོས་ནས་གྲུབ་པའི་གྲུབ་ཚད་དང་། དེ་ཉིད་རྟེན་འབྲེལ་གྱི་རིགས་པའི་སྒོ་ནས་སུན་ཕྱུང་སྟེ་བཞག་པའི་དངོས་པོའི་གནས་ལུགས་རང་ངོས་ནས་མ་གྲུབ་པ་འཇོག་ཚུལ་སོགས་ང་ལ་ཞིབ་ཕྲའི་གོ་རྟོགས་མེད། ཡིན་ནའང་ངའི་འཇིག་རྟེན་ལྟ་ཚུལ་གྱི་བསམ་བློ་འདི་བོད་བརྒྱུད་ནང་དོན་རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱས་པའི་ཁྲོད་ནས་གསར་རྙེད་བྱུང་བ་ཞིག་ཡིན་ཟེར། སྐབས་དེར་ང་རང་ཧང་སང་བྱུང་། གང་ཡིན་ཞེ་ན། ཁོ་མོ་ནང་དོན་རིག་པའི་གཞུང་ལུགས་ལ་སློབ་གཉེར་གནང་ནས་ལོ་འགའ་ཤས་མ་གཏོགས་འགྲོ་ཡི་མེད་ཀྱང་ཁོ་མོས་ནང་དོན་རིགས་པའི་གཞུང་ལུགས་དང་འབྲེལ་བའི་ཐོག་ནས་དེང་རབས་ཀྱི་སྤྱི་ཚོགས་ནང་རང་གི་འཇིག་རྟེན་ལྟ་ཚུལ་འཛིན་ཐུབ་པ་ཙམ་མ་ཟད། ལྟ་ཚུལ་དེའི་ཐོག་ནས་འཇིག་རྟེན་ལྟ་ཚུལ་གཞན་དང་གཞན་ལ་བགྲོ་གླེང་བྱ་རྒྱུའི་སྤོབས་པ་ཡོད་པ་དེ་རེད།
  ངས་ཁོ་མོར་དྲི་བ་གཉིས་པ་འདྲི་རྒྱུའི་འདུན་པ་སྐྱེས་བྱུང་། ད་ཆ་ངས་ཁྱེད་རང་གི་བསམ་བློའི་རྒྱབ་ལྗོངས་ཤེས་སོང་། ཁྱེད་ནས་འཇིག་རྟེན་འདིའི་རྒུད་ཆག་ཐམས་ཅད་དངོས་པོ་རང་ངོས་ནས་གྲུབ་པར་འཛིན་པ་ལས་བྱུང་བའི་དབྱེ་ཞིབ་ཅིག་གནང་ན་འགྲིག་གམ། ཁོ་མོས་འགྲིག་གི་རེད། ཁྱེད་རང་དགོངས་པ་ཞིག་བཞེས་དང་། དཔེར་ན་ཚན་རིག་པ་ཚོས་སྐྱེ་དངོས་སྐོར་འགྲེལ་བརྗོད་བྱེད་སྐབས་སྐྱེ་དངོས་དེ་དག་ནི་རང་གི་རྒྱུ་རྐྱེན་དུ་མ་འདུས་པ་ལས་སྐྱེ་འཕེལ་བྱེད་ཀྱི་ཡོད་པ་ལས་རྒྱུ་རྐྱེན་ལ་མ་ལྟོས་པར་སྐྱེ་འཕེལ་བྱེད་མཁན་གྱི་སྐྱེ་དངོས་རང་རྐྱ་བ་ཞིག་མེད་པ་གསལ་པོ་འགྲེལ་བརྗོད་བྱེད་ཀྱི་རེད། སྐྱེ་དངོས་ཀྱི་སྐྱེ་འཕེལ་ནི་ཕན་ཚུན་རྟེ་འབྲེལ་ཡིན་པ་ང་ཚོས་མཐོང་ཐུབ། ད་དུང་རྡུལ་ཕྲ་རབ་སྐོར་ལ་དབྱེ་ཞིབ་བྱེད་སྐབས། ང་ཚོའི་གཟུགས་ཕུང་ལྟ་བུར་མཚོན་ན་ཕྲ་རྡུལ་དུ་མའི་གོང་བུ་ཞིག་ཡིན་ཞིང་། རྡུལ་ཕྲན་དེ་དག་གི་ཁྲོད་དུ་ང་ཚོའི་གཟུགས་ཕུང་གི་མཚན་གཞིར་འཇོག་བྱེད་ཀྱི་དངོས་པོ་རང་ངོས་ནས་གྲུབ་པ་ཞིག་ངོས་འཛིན་བྱེད་ཐབས་མེད་པའི་འགྲེལ་བརྗོད་བྱེད་ཀྱི་རེད། དེ་བཞིན་དུ་དཔལ་འབྱོར་རིག་པ་སྨྲ་བ་ཚོས་དེང་རབས་ཀྱི་དཔལ་འབྱོར་ཁོར་ཡུག་ལ་འགྲེལ་བརྗོད་བྱེད་སྐབས་ཚང་མ་ཕན་ཚུན་རྟེན་ཅིང་འབྲེལ་བའི་རང་བཞིན་ཅན་ཡིན་པ་ལས་དངོས་པོ་རང་ངོས་ནས་གྲུབ་པ་ཞིག་མེད་པ་མཐོང་ཐུབ། ཡིན་ནའང་ང་ཚོས་རྟེན་འབྲེལ་གྱི་གནས་ལུགས་ལ་གུས་བརྩི་མེད་པར་དེ་དག་རང་ངོས་ནས་གྲུབ་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་ལས་སྒེར་སེམས་རིང་ལུགས་ཀྱི་འདུ་ཤེས་འཛིན་གྱི་ཡོད། ངས་འདི་ལྟར་བརྗོད་སྐབས་ཁྱེད་རང་གོ་མེད་ཚོར་མེད་ཅིག་ཏུ་གྱུར་ཡོད་པ་འདྲ། ངས་དཔེ་མཚོན་ཆུང་ཆུང་འགའ་ཤས་ཀྱི་ཐོག་ནས་བརྗོད་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན།
  ཕའི་སྟངས་འཛིན་འོག་སྐྱོང་བཞིན་པའི་འབྱོར་འབྲིང་ཁྱིམ་ཚང་ཞིག་ལ་མཚོན་ན། ཁྱིམ་ཚང་དེའི་རྒྱུ་ནོར་ལོངས་སྤྱོད་དེ་དག་ནི་ཁྱིམ་ཚང་དེའི་ནང་གི་བུ་དང་། བུ་མོ། གཡོག་པོ་བཅས་ཀྱི་ངལ་རྩོལ་ནུས་ཤུགས་ཙམ་མ་ཟད་ད་དུང་སྒོ་ཕྱུགས་སེམ་ཅན་དེ་ཚོ་དང་། ཅ་དངོས་གཞན་ཚང་མའི་ཆ་ཤས་སམ་ནུས་པ་ཚོགས་པ་ལས་བྱུང་བ་རེད། དེ་ནི་དོན་དངོས་རེད། ཡིན་ནའང་ཕའི་སེམས་ནང་དེ་དག་ནི་ཁོ་རང་ཁོ་ནའི་འབད་བརྩོན་དང་དབང་ཐང་ལས་བྱུང་བར་རློམ་པའི་སྒེར་སེམས་བཅངས་ཏེ་གཞན་གྱི་ནུས་ཤུགས་ལ་བརྩི་འཇོག་མ་བྱས་ན། ཉིན་དེ་ནས་ཁྱིམ་ཚང་དེ་རྒུད་འགོ་ཚུགས་པ་རེད། ཁྱིམ་ཚང་དེའི་ལོངས་སྤྱོད་རྒུད་པའི་རྒྱུ་རྐྱེན་ཡང་ཕ་དེས་ཁྱིམ་ཚང་གི་ལོངས་སྤྱོད་དེ་དག་རྒྱུ་རྐྱེན་དུ་མ་ཚོགས་པ་ལ་བརྟེན་ནས་བྱུང་བར་ངོས་ལེན་མ་བྱས་པ་དེ་རང་ལ་ཐུག་ཡོད། དེ་ནི་སྒེར་སེམས་རིང་ལུགས་ཡིན་ཞིང་། དེའི་རྒྱབ་ཏུ་དངོས་པོ་རང་ངོས་ནས་གྲུབ་པའི་ལྟ་ཚུལ་ཡོད། ད་དུང་དཔེ་མཚོན་གཞན་ཞིག་ཞུས་ན། ཚོང་གཉེར་གྱི་ཁོར་ཡུག་ནང་རེད། ཚོང་པ་ཞིག་ལ་དངུལ་ཡོད་པ་ཙམ་གྱིས་ཚོང་གཉེར་གྱི་བྱ་བ་ཐམས་ཅད་ལེགས་གྲུབ་བྱུང་བར་བརྗོད་མི་ཐུབ། ཡུལ་དུས་རང་བཞིན་ལ་ལྟོས་ནས་དངོས་ཟོག་ཚོང་གཉེར་ཇི་ལྟར་བྱ་དགོས་མིན་དང་། མཛད་སྤྱོད་པ་བློ་འགུགས་ཀྱི་ཞབས་ཞུའི་རྣམ་འགྱུར་སོགས་རྒྱུ་རྐྱེན་དུ་མ་ཞིག་ཚོགས་པ་ན་ད་གཟོད་ཚོང་གཉེར་གྱི་ལས་ཀར་ཞུགས་ཆོག  གང་ཡིན་ཞེ་ན། ཚོང་ལས་ཀྱི་བྱ་བ་རྣམས་གོང་གསལ་གྱི་རྒྱུ་རྐྱེན་དེ་དག་ལ་ལྟོས་ནས་གྲུབ་ཡོད་པ་རེད། གལ་ཏེ་ཚོང་པའི་སེམས་ལ་དངུལ་ཡོད་ན་གང་བྱས་ཀྱང་ཆོག་སྙམ་པའི་སྒེར་སེམས་བཅངས་ན་ནོར་བ་རེད། ཚོང་ལས་ཤིག་ལེགས་འགྲུབ་ཡོང་བར་དངུལ་མ་ཡིན་པའི་རྒྱུ་རྐྱེན་དུ་མ་ཚོགས་དགོས།
  དེ་བཞིན་དུ་ཚོགས་པའི་ནང་དང་། རྒྱལ་ཁབ་ཕན་ཚུན། གླིང་ཕྲན། མདོར་ན་འཇིག་རྟེན་ཧྲིལ་པོ་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་ང་ཚོས་གནས་ལུགས་འདི་ངེས་པར་དུ་ཤེས་དགོས། ང་ཚོས་དོན་དངོས་ལ་ངོས་ལེན་མ་བྱས་པར་དངོས་པོ་རང་ངོས་གྲུབ་པའི་ལྟ་ཚུལ་གྱི་ཐོག་ནས་སྒེར་སེམས་རིང་ལུགས་རྒྱ་བསྐྱེད་བཏང་ན་ང་ཚོའི་འཇིག་རྟེན་འདི་ནམ་ཡང་རྒུད་ངེས་ཡིན། གལ་ཏེ་ང་ཚོས་འཇིག་རྟེན་འདིའི་བྱ་དངོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་གནས་ལུགས་མཐོང་བར་བྱས་ཏེ་དངོས་པོ་རང་ངོས་ནས་གྲུབ་པའི་ལྟ་ཚུལ་གྱི་བསླུ་བྲིད་འོག་ཚུད་པའི་སྒེར་སེམས་རིང་ལུགས་ཡོངས་སུ་དོར་ནས་མི་དང་མིའི་དབར་དང་། མི་དང་སྲོག་ཅགས་གཞན་གྱི་དབར། མི་དང་རང་འབྱུང་ཁོར་ཡུག་དབར་གྱི་ཕན་ཚུན་རྟེན་ཅིང་འབྲེལ་བའི་བསམ་བློའི་འདུ་ཤེས་གསར་པའི་ཐོག་ནས་དུས་རབས་ཉེར་གཅིག་པ་འདིའི་ནང་ཞི་མཐུན་གྱི་འཇིག་རྟེན་གསར་པ་ཞིག་འཛུགས་སྐྲུན་བྱེད་དགོས། དེ་ནི་ང་ཚོར་དུས་རབས་ཀྱིས་སྤྲད་པའི་འགན་ཁྲི་ཡིན། ཞེས་ཚོར་ཤུགས་ཆེན་པོས་བརྗོད་ཀྱི་འདུག ངས་ཁོ་མོར་ཁྱེད་རང་ནས་གང་གསུངས་པ་དེ་དག་ངའི་བློ་ངོར་ཧ་ཅང་བབས་པོ་བྱུང་། ཁྱེད་ནས་སྒྲུབ་བྱེད་དཔེ་མཚོན་དང་བཅས་ཏེ་གསུངས་པའི་གནས་ལུགས་ཡོད་པའི་སྐད་ཆ་མང་པོ་ཞིག་ངས་ངོས་ལེན་བྱེད་ཀྱི་ཡིན། གང་ཡིན་ཞེ་ན། ད་ལྟའི་གནས་སྐབས་སུ་ང་ལ་ཁྱེད་རང་གི་བསམ་ཚུལ་དེའི་ལྡོག་ཕྱོགས་ནས་ལངས་ཏེ་འགྲེལ་བརྗོད་གཞན་ཞིག་བྱ་རྒྱུའི་ལུང་རིགས་ཀྱི་སྤོབས་པ་གང་ཡང་མེད། གལ་ཆེ་ཤོས་ནི་ཁྱེད་རང་ནས་གསུངས་པ་བཞིན་འབྱུང་འགྱུར་རེད། བཅེས་བཤད་དེ་གླེང་མོལ་མཚམས་འཇོག་གི་རེ་བ་སྟོན་པ་ཡིན། གང་ཡིན་ཞེ་ན། ངའི་ངལ་གསོའི་དུས་ཚོད་རྫོགས་སོང་ངོ་།།

                                    ༢༠༡༢།༡༢།༦ ཉིན་རྫོགས་པར་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།