གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོས་སློབ་མར་རྣམ་འགྱུར་གང་འདྲ་ཞིག་འཛིན་དགོས།

2012-12-17 16:20:00 གཡག་ཚེ་བརྟན། ཀློག་གྲངས། མཆན ཡོད།

  ཉེ་སྔོན་ངས་སློབ་གསོའི་ཚགས་པར་ཤིག་ལས་གདམགསེས་ཞེས་པའི་གཏམ་རྒྱུད་ཐུང་ངུ་ཞིག་ཀློག་ཐུབ་པ་བྱུང་བར་ང་ལ་བློ་བསྐྱེད་ཟབ་མོ་ཞིག་ཐོབ་སྟེ།
  གཤམ་གྱི་མི་འདི་དག་ལས་ཁྱོད་ཀྱིས་སུ་ཞིག་དང་གྲོགས་བསྒྲིགས་ན་འདོད་པ་ཤོད།
ཀ་བ།    ཁོ་གྲོགས་པོ་དང་ཆུང་མར་བློ་མི་དཀར་བར་མ་ཟད། དུ་བ་འཐེན་པ་དང་ཆང་འཐུང་རྒྱུར་ཡང་ཧ་ཅང་དགའ།   རང་བཞིན་གྱིས་ཨུ་ཚུགས་ཆེ་བ།
ཁ་བ།  སྦྱངས་འབྲས་ཞན་ལ་པྲ་ཚགས་ཆེ་བ།  བྱ་བ་སྒྲུབ་པར་གཟབ་ནན་དང་ཧུར་བརྩོན་མི་བྱེད་པར་སྒྱུད་ལུག་ཆེ་བ།    ཉིན་རྒྱུན་ཆང་འཐུང་ནས་འཆལ་གཏམ་བཤད་པ།  
ག་བ།  བློ་གསལ་ཞིང་རིག་པ་རྣོ་བ། ཐ་མག་དང་ཆང་ལ་ཁ་མི་རེག་ཅིང་སྡུག་རུས་ཐེག་པ།   ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ངན་གཅིག་ཀྱང་བསྒྲུབ་མ་མྱོང་།
མི་མང་ཤོས་ཤིག་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མི་ག་བ་འདེམས་སྲིད།  ཡིན་ཀྱང་དོན་དངོས་སུ་ཀ་བ་ཨ་རིའི་རླབས་ཆེན་གྱི་གཙོ་འཛིན་ལོའོ་སི་ཧྥུ་དང་ཁ་བ་དབྱིན་ཇིའི་རླབས་ཆེ་བའི་གཙོ་འཛིན་ཆིག་ཅེར་ལགས་རེད།  ག་བ་ནི་མི་གསོད་ཀྱི་གཤེད་མ་ཤེ་ཐུ་ལི་རེད།    
  གཏམ་རྒྱུད་འདི་བཀླགས་རྗེས་རང་ཉིད་དགེ་རྒན་ཞིག་ཡིན་པའི་ངོས་ཐད་ནས་ཡང་སྙིང་སློབ་མར་རྣམ་འགྱུར་གང་འདྲ་ཞིག་འཛིན་དགོས་པའི་བསམ་གཞིག་གི་སྒོ་འཕེར་ཡངས་བོར་ཕྱེས་ཤིང་འདིའི་ཐད་ནས་རང་གི་བསམ་ཚུལ་དྲང་བོར་བརྗོད་འདོད་པའི་བློ་སྤོབས་ཤིག་ངང་གིས་རྒྱས་བྱུང་ལ།   སློབ་གསོའི་ལག་ལེན་ཁྲོད་དུ་སློབ་མའི་བྱ་བྱེད་གང་རུང་ལ་རྒྱུས་ལོན་གསལ་བོ་ཞིག་ཆགས་ཡོད་མེད་དང་གདེང་འཇོག་ཡང་དག་ཅིག་གནང་ཡོད་མེད་ཀྱི་ཐེ་ཚོམ་ཤིག་ཀྱང་ངང་གིས་སྐྱེས་འགྲོ།  
སྤྱིར་དགེ་རྒན་ཞིག་གི་ངོས་ཐད་ནས་བཤད་ན་སློབ་མར་རྣམ་འགྱུར་གང་འདྲ་ཞིག་འཛིན་རྒྱུ་ནི་སློབ་གསོའི་ལས་ཀ་ཧྲིལ་བོའི་ཁྲོད་ཆེས་ཐོག་མར་ཐག་གིས་གཅོད་དགོས་པའི་གནད་དོན་ཞིག་ཡིན་ལ། གནད་དོན་འདི་ཡང་དག་པའི་སྒོ་ནས་ཐག་གིས་གཅོད་ཐུབ་མིན་དེ་སློབ་གསོའི་ལས་ཀར་ཕན་འབྲས་ཐོབ་མིན་ལ་རག་ཆེན་པོ་ལས་ཡོད་སྙམ།  སེམས་རྣལ་མོས་ཞིབ་ཏུ་བསམ་བློ་རེ་བཏང་ན་བར་དུ་ང་ཚོས་སློབ་མའི་བཟང་ངན་དེ་ཚད་གཞི་གང་འདྲ་ཞིག་ལ་བརྟེན་ནས་བཤད་ཀྱིན་ཡོད་པ་རེད།  གོ་རིམ་དེའི་ང་ཚོས་སློབ་མའི་ལོ་ན་དང་སེམས་ཁམས་ཀྱི་ཁྱད་ཆོས།   མི་གཞི་དང་ཀུན་སློང་།  རྣམ་འགྱུར་དང་ནུས་པ་སོགས་ཕྱོགས་ཡོངས་ཀྱི་ཆ་ལ་རྒྱུས་ལོན་གནད་དུ་འཁེལ་བ་ཞིག་བྱས་ཡོད་དམ།   དྲང་མོར་བཤད་ན་ང་ཚོས་སློབ་མའི་ལུས་ངག་གི་བྱ་བྱེད་མཐའ་དག་ལ་མི་དར་མ་ཞིག་གི་ངོས་ཐད་ནས་གདེང་འཇོག་བྱས་ཏེ་སློབ་གསོ་བཏང་བ་མ་གཏོགས།   བྱིས་པའི་ངོས་ཐད་ནས་བྱིས་པའི་འཇིག་རྟེན་དང་སྣང་བར་འཚམ་པ།   བྱིས་པའི་ལོ་ནའམ་སེམས་ཁམས་ཀྱི་ཁྱད་ཆོས་དང་མཐུན་པའི་གདེང་འཇོག་བྱས་མ་མྱོང་ལ་སློབ་གསོ་དེ་བས་ཀྱང་གཏོང་མ་ཐུབ་པ་འདྲ།  
  སློབ་མ་ལ་རང་གི་ལོ་ན་དང་འཚམ་པའི་འཇིག་རྟེན་ཆུང་ཆུང་ཞིག་ཡོད་ལ།  རང་གི་སྣང་བ་དང་མཐུན་པའི་བསམ་བློ་གཙང་མ་ཞིག་དང་ལྟ་ཚུལ་རྣལ་མ་ཞིག་ཀྱང་ཡོད་ངེས་རེད།   ལྷག་པར་དུ་ཆུང་འབྲིང་སློབ་མ་རྣམས་ལ་མཚོན་ན་ལོ་ན་དང་སེམས་ཁམས་གང་གི་ཐད་ནས་བཤད་ནའང་ད་སོ་མ་གསར་དུ་འབུས་བཞིན་པའི་སྐབས་ཡིན་པས་རང་བཞིན་གྱིས་སྤྲོ་སྣང་ཆེ་ཞིང་མཚར་སྣང་སྐྱེན་ལ།   ངོས་འཛིན་དང་ནུས་པ།   ཉམས་མྱོང་དང་ཀུན་སློང་།  མི་གཞི་སོགས་ཕྱོགས་གང་ཐད་ནས་བཤད་ཀྱང་ཁོ་ལག་ཡོངས་སུ་རྫོགས་མེད་པས་དགེ་རྒན་གྱིས་རང་གི་བསམ་ཚུལ་དང་དྲན་ཚུལ་སློབ་མར་བཙན་གྱིས་སྦྱོར་མི་རུང་ལ།   རང་གི་བསམ་བློས་བཙན་གྱིས་སློབ་མའི་ཚབ་ནི་དེ་བས་ཀྱང་བྱེད་མི་རུང་བར།  སློབ་མའི་དངོས་ཡོད་ཀྱི་འཇིག་རྟེན་ནས་གང་དེའི་ངོས་འཛིན་དང་བསམ་བློ།  མྱོང་ཚོར་སོགས་ལ་རྒྱུས་ལོན་གང་ལེགས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས།   
  སློབ་མ་རེ་རེ་འཇིག་རྟེན་ཆུང་ཆུང་རེ་ཡིན་པའི་དབང་དུ་བཏང་ན་འཇིག་རྟེན་རེ་ལ་རང་རང་གི་མཛེས་སྡུག་རེ་ཅིས་ཀྱང་ཡོད་ངེས།    དཔེ་དེ་བཞིན་དུ་ཁོར་ཡུག་དང་ངོས་འཛིན་གྱི་ཐབས་ལམ།  བློ་རིག་དང་རྣམ་དཔྱོད་མི་འདྲ་བས་ན་མཛུབ་མོ་ལྔ་བོར་རིང་ཐུང་ཅི་རིགས་ཡོད་པ་ནང་བཞིན་གང་དེའི་ནུས་པ་དང་མི་གཞི་ལའང་བར་ཁྱད་ངེས་ཅན་ཡོད་ངེས་ཤིང་ཐུན་མིན་གྱི་གཤིས་ཀའི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་ཡོད་ངེས་ཡིན།  ཡིན་ཀྱང་སློབ་གསོའི་ལག་ལེན་ཁྲོད་དུ་ང་ཚོས་བར་ཁྱད་དེར་ངོས་འཛིན་ཡང་དག་ཅིག་བྱེད་ཐུབ་ཀྱིན་མེད་པའི་ཁར།  མི་སུམ་ཅུར་བསམ་པ་སུམ་ཅུ་ཡོད་པའི་རྩ་བ་ཡལ་བར་བོར་ནས་ཆིག་རྐྱང་གི་ཚད་གཞི་ཞིག་ནས་སློབ་མ་ཡོངས་ལ་གཅིག་གྱུར་གྱིས་ཚད་བཅལ་ནས་ཚ་ཚ་དཔར་དཔར་བྱེད་པ་ལས་སློབ་མའི་ཁྱད་ཆོས་དང་ནུས་པ་བསྔོགས་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟོན་ཐུབ་ཀྱིན་མེད་ལ་སྒེར་གཤིས་དང་ཁྱད་ཆོས་ནི་དེ་བས་ཀྱང་སྤེལ་ཐུབ་ཀྱིན་མེད།   སློབ་མ་རེ་རེ་འཇིག་རྟེན་ཆུང་ཆུང་རེ་ཡིན་ཞིང་སློབ་མ་རེ་ལ་ཐུན་མིན་གྱི་གཤིས་ཀའི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་རེ་ཡོད་པའི་རྣམ་འགྱུར་འཛིན་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།