དར་ལྕོག

ཡེ་ཤེས་རྒྱ་མཚོ།༼གོ་འཇོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-11-03
 
 ཁ་སང་གནམ་ངོ་འཐིབས་ཤིང་དྲག་ཏུ་འུར་བའི་རླུང་དམར་གྱི་ཁྲོད་ན། ཁྱོད་ཀྱིས་བྲེལ་མྱུར་གྱི་གོམ་སྟབས་སྒྱུར་གྱིན་ཕེབས་སོང་། དེ་རིང་ནམ་མཁའ་གཡའ་དག་ཅིང་རླུང་བུའང་དལ་གྱིས་ལྡང་གིན་འདུག་མོད། ཁྱེད་རང་སྒྱིད་ལུག་དང་རྣམ་གཡེང་མེད་པར་ལྷོད་ལྷོད་ཀྱིས་སྐྱོད་བཞིན་མཆིས། སང་ཉིན། སང་ཉིན་གྱི་གནམ་གཤིས་ཇི་ལྟར་འབྱུང་མིན་སུས་ཀྱང་དཔོག་མི་ནུས། ཡིན་ན་ཡང་། ཁྱེད་རང་སྔར་བཞིན་བསྐྱོད་དགོས་པ་སྔོན་ལས་ཀྱི་བཀོད་སྒྲིག་ཡིན་པས་འདི་ལ་ཕྱིར་ནུད་དང་ཐེ་ཚོམ་བྱ་རྒྱུ་གང་ཡང་མེད།
   ངེད་ཚོ་སྟེ་མཐོ་སྒང་གི་ཡུལ་གྲུ་འདིར་འཚོ་བའི་སྐྱེ་བོ་དག་གིས་ཡལ་ཟིན་པའི་ལོ་ཟླའི་རླབས་གཉེར་གྱི་བར་ནས་ཁྱེད་རང་དད་འདུན་གྱི་རྩེ་མོར་མཆོད་ཅིང་ཡི་རངས་དང་གུས་བཀུར་བགྱིས་པས། ཁྱོད་ཀྱི་རླུང་རྟ་མཐོ་བ་རི་གསུམ་གྱི་རྩེ་མོ་ན་དར་ཞིང་། ཁྱོད་ཀྱི་ཕྲིན་ལས་དམའ་བ་སྡེ་གསུམ་གྱི་འདུས་མདོ་ན་རྒྱས། ཁྱོད་ཀྱི་གོམ་སྒྲ་ཐལ་སྐད་ལྷང་ལྷང་དུ་སྒྲོག་པའི་ཆོས་ར་ནས་ཚོར་འོང་ལ། ཁྱོད་ཀྱི་དྲོད་ཁོལ་སྒྲོན་འོད་ལམ་ལམ་དུ་འཚེར་བའི་སྒོམ་གྲྭ་ནས་མྱོང་ཐུབ། ད་དུང་བྱ་རྒོད་ཀྱི་ཞབས་བྲོ་འཁྲབ་སའི་དུར་ཁྲོད་དུ་ཁྱོད་ཀྱིས་གཤིན་པོ་ཚོར་ལམ་སྟོན་བྱེད་ཀྱིན་མཆིས་ལ། གློག་སྐུད་ཀྱི་སྡོམ་ཐག་བྲན་སའི་གྲོང་ཁྱེར་ན་ཁྱོད་ཀྱིས་གསོན་པོ་ཚོའི་རིམ་གྲོ་སྒྲུབ་བཞིན་ཡོད། འོན་ཀྱང་ཁྱེད་རང་གནས་འདིར་གཞིས་ཆགས་པའི་དུས་ཡུན་ཐུང་ཐུང་མིན་པས་དཀའ་སྡུག་གི་ལམ་ཁ་ཡང་གང་མང་ཞིག་བརྒྱུད་མྱོང་ཡོད་པ་ལོ་ལོན་བསམ་དཀར་ཚོའི་ངག་ནས་ཐོས་འོང་།
   ཁྱེད་རང་གནས་འདིར་ཐོག་མར་སྒྲོན་དུས་ཉིད་ཀྱི་བཅོས་མིན་གྱི་ངོ་གདོང་ལ་ནག་ནོག་གི་དྲི་མ་མ་འགོས་ཤིང་། སྒྲོན་སྟངས་ཀྱང་གོ་རིམ་ལྡན་ལ་ཞིབ་ཚགས་ཧ་ཅང་ཆེ་བས། མྱངས་ན་རོ་ཞིམ་པའི་སེམས་ཀྱི་ཟས་མཆོག་ཞི་བདེ་རྣལ་མ་ལ་མོས་པའི་སྐྱེ་བོའི་ཚོགས་ལ་སྟེར་ཞིང་། བལྟས་ན་གཟུགས་མཛེས་པའི་མིག་གི་ལོངས་སྤྱོད་འོད་ལམ་རྐྱང་རྐྱང་ལ་དད་པའི་འགྲོ་བ་རྣམས་ལ་བྱིན། གནས་ལུགས་དེ་དག་ལ་བརྟེན་ནས“ཁྱོད་ནི་སྲོག་ལྡན་ཡོད་ཚད་ལྷིང་འཇགས་ཀྱི་ཞིང་ཁམས་སུ་འཁྲིད་པའི་ལམ་མཁན་ཉག་ཅིག་རེད་འདུག”ཅེས་ཐོག་མར་དབུ་ལ་སྐྲ་མེད་པའི་བཙུན་པ་ཞིག་གིས་རང་གི་སློབ་མའི་ཚོགས་ལ་གླེངས་ཤིང་། དེ་རྗེས་གཏམ་དེ་ཕྱོགས་ཀུན་ཏུ་ཁྱབ་སྟེ། ཡུལ་གྲུ་གང་སར་དེའི་སྐོར་གྱི་གཏམ་གླེང་སྣ་ཚོགས་བྱེད་ཀྱི་འདུག དོན་དངོས་ནི་དེ་ལྟར་ཡིན་མོད། ཁྱེད་རང་འཁྲུངས་རྗེས་ཀྱི་ལོ་གང་མང་ཞིག་གི་འོག་ཏུ། སྟབས་མ་ལེགས་པར་ཕྲུ་གུ་རྩེད་དགའ་ཅན་ཁ་ཤས་ཁྱེད་རང་སྙོར་སྐྱོང་བྱེད་མཁན་ལ་ཁེལ་བས་དེ་ཚོས་ཁྱེད་ཀྱི་ངོ་གདོང་ལ་ཐལ་བ་བྱུག་པ་མ་ཟད། ཡིག་འབྲུ་གཅིག་ཀྱང་མེད་པའི་རས་ཁྲ་མང་པོ་ཁྱེད་དང་ལྷན་དུ་བསྒྲོན་པས།“ཁྱོད་ཀྱི་སྔོན་ཆད་ཀྱི་མཛེས་སྡུག་དེ་ཉམས་དམས་སུ་ཕྱིན་འདུག”ཅེས་རས་གོས་རྐྱང་པ་གྱོན་པའི་རི་ཁྲོད་པ་ཞིག་གིས་བྲག་གསེང་ནས་ཚུར་གསུང་གི་འདུག
   དགྲ་གཉེན་རིས་མེད་ཀྱི་མཁའ་དབྱིངས་ན་རྟག་པར་བཏང་སྙོམས་སུ་བཞུགས་པའི་ཁྱེད། ཉིད་ཀྱི་མཛད་རྗེས་ལ་བརྟེན་ནས་ངེད་ཚོས་དབུགས་ཐོགས་ཀུན་ཀྱིས་སྨོན་པའི་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་རྒྱུ་བྱུང་ལ། མིག་ལྡན་ཡོངས་ཀྱིས་འཚོལ་བའི་དལ་དལ་ལྷོད་ལྷོད་ཀྱི་ཁོར་ཡུག་ཅིག་རྙེད་ཡོད། གལ་སྲིད་ཁྱེད་ཀྱིས་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་ཀྱི་ཚོན་རྩི་དེ་ངེད་ཚོའི་སེམས་ངོས་སུ་བསྐུས་མེད་ན། གུ་ཡངས་བག་ཕེབས་ཀྱི་འཚོ་བ་འདིར་ངེད་ཚོས་རོལ་ཐབས་གཏན་ནས་མེད་ཅིང་། ལས་འབྲས་བརྩི་སྲུང་གི་གཤིས་ཀ་འདི་ངེད་ཚོར་ཆགས་ཚུལ་ལར་ནས་མེད། ཡིན་ན་ཡང་ཧོལ་རྒྱུག་ལ་དགའ་བའི་དེང་སང་གི་མི་འདི་ཚོས་ཁྱེད་ཀྱི་རིན་ཐང་དང་དགོས་མཁོ་ལ་བསམ་གཞིག་བྱེད་ཀྱི་མེད་པ་འདྲ་སྟེ། དེ་ནི་གཤམ་གྱི་སྐད་ཆ་དག་ལས་ལམ་ཙམ་དཔོག་ནུས།“དར་ལྕོག་ཟེར་བ་འདི་འཁོར་བའི་ཕུན་ཚོགས་ཀྱི་བཀག་རྡོ་དང་མི་རྣམས་དངོས་ཡོད་ཀྱི་ལམ་ནས་དངོས་མེད་ཀྱི་འཕྲང་དུ་འཁྲིད་པའི་སྣ་ཐག་དངོས་རེད་འདུག དེས་ན་འུ་ཚོས་རང་སེམས་ལ་གཤགས་བཅོས་བགྱིས་ཏེ་འདི་སྙིང་དབུས་ནས་དོར་དགོས།”ལུས་ལ་ནུབ་ལུགས་ཀྱི་གྱོན་ཆས་ཆ་ཚང་གྱོན་པའི་ཤེས་ཡོན་པ་ལུག་འདྲ་བ་ཞིག་གིས་གདོང་གི་ཤེལ་མིག་ཡར་འདེད་བཞིན་དུ་དེ་ལྟར་སྨྲས། སྐད་ཆ་དེ་གོ་དུས་འགྲམ་གྱི་སྤྲེ་འུ་འདྲ་བའི་གྲྭ་གཞོན་དེས་མགོ་བོ་ནང་དུ་ལྡེམ་ཙམ་བྱས་ཏེ་མཛུབ་མོ་གནམ་ལ་ཀེར་བཞིན།“འུ་ཚོའི་ཡབ་མེས་ཚོས་དགོས་མེད་ཀྱི་དར་ལྕོག་འདི་འདྲ་མང་པོ་བཙུགས་པ་ནོར་འཁྲུལ་ཡིན་ཞིང་། ང་འདྲ་བའི་གྲྭ་བཙུན་དག་གིས་དེ་སྔོན་སྲུང་སྐྱོབ་བྱས་པ་ཚང་མ་ད་བལྟས་ན་གླེན་རྟགས་རེད་འདུག”ཅེས་ཟེར། སྐད་ཆ་འདི་ཚོ་ནི་གོང་གི་མི་དེ་གཉིས་སྦྱིན་བདག་མ་བཟང་མོས་གཉེར་བའི་དེང་རབས་ཀྱི་ཇ་ཁང་ཞིག་ནང་ཕྲད་དེ་བཤད་པའི་སྐད་ཆ་རེད།
   དགའ་སྐྱོ་ཆགས་སྡང་གིས་ཚོས་པའི་འཇིག་རྟེན་གྱི་ཟུར་ཁ་གང་ཞིག་ཏུ་ཉམ་ཆུང་གིས་འགུལ་གྱིན་པའི་བདག་ནི། བྱིས་དུས་ནས་བཟུང་ཁྱེད་ཀྱི་རྡོག་སྒྲ་རྣ་བས་མཉན་ཅིང་ཁྱེད་ཀྱི་བྱམས་སྐྱོང་སེམས་ཀྱིས་མྱོང་སྟེ་ཡོང་བས། ངའི་གཉོད་ཆུང་གི་སེམས་པ་དཀར་པོ་ནམ་ཡང་ཁྱེད་ལ་ཕྱོགས་བཞིན་ཡོད། དེས་ན་བདག་གིས་ཁྱོད་ལ་སྐད་ཆ་སྦས་སྐུང་བྱེད་དགོས་དོན་གང་ཡང་མེད་པས་དྲང་པོར་བཤད་ན། ཉིན་འགའི་སྔོན་གྱི་མཚན་མོ་ཞིག་ལ་ངས་ཁྱོད་དང་འབྲེལ་ཡོད་ཀྱི་རྨི་ལམ་འཚུབ་པོ་ཁ་ཤས་རྨིས་བྱུང་བས་ཁྱོད་ཀྱིས་འབྱུང་འགྱུར་གྱི་ལམ་བུའི་སྟེང་དུ་འགྲོ་གཟབ་འདུག་གཟབ་རེ་ཅིས་ཀྱང་གནང་རོགས། རྨི་ལམ་ནི་འདི་ལྟར། དང་པོ་སྨུག་ལོང་འཐིབས་པའི་གྲོང་ཁྱེར་ཞིག་གི་ཁྲོམ་གཞུང་ནས་བོད་ཀྱི་བླ་མ་རྒྱགས་པ་ཞིག་གིས་ཁྱེད་རང་ལག་ཏུ་ཐོགས་ཏེ་ཁ་ནས“དར་ལྕོག་ཉོས། དར་ལྕོག་ཉོས”ཞེས་འབོད་ཀྱི་འདུག མཚམས་ཤིག་ནས་སྐྲ་ལྟག་རྒྱབ་ཏུ་འཕངས་པའི་བུད་མེད་ཅིག་གིས་སྒོར་མོ་བརྒྱ་ཤོག་འགའ་བྱིན་ཏེ་ཁྱེད་རང་ཉོས་སོང་། བུད་མེད་དེ་ཕར་ཙམ་ཕྱིན་དུས་སྤྱི་སྤྱོད་རླངས་འཁོར་ཞིག་ནང་ཞུགས་ཏེ། ཐོག་མར་ཁྱེད་རང་རྐུབ་སྟེགས་སྟེང་དུ་བཏིང་རྗེས་དེའི་སྟེང་དུ་མོ་རང་ཡིན་མདོག་གིས་བསྡད་བྱུང་། དུས་དེར་ཁོ་བོ་སེམས་སྡུག་དྲགས་ཏེ་བུད་མེད་དེར་ཁུ་ཚུར་ཞིག་གཡུགས་མོད་གར་ཕོག་འདིར་ཕོག་བྱུང་མ་སོང་། དེ་རྗེས་རི་མགོ་ཞིག་ན་གྲྭ་པ་ཁ་ཤས་དང་སློབ་མ་མང་པོ་འཚུབ་འཚུབ་བྱེད་ཀྱི་འདུག་ལ། ཁོ་ཚོས་ཁྱེད་རང་འདོགས་བྱེད་ཀྱི་ཐག་པ་དག་གྲི་ཡིས་གཅོད་བཞིན་ངག་ནས“གུ་ཡངས། གུ་ཡངས”ཟེར་གྱིན་མཆིས། ཡང་སྐབས་ཤིག་ལ་བྲག་ཕུག་ཅིག་གི་ནང་དུ་བཙུན་པ་བགྲེས་པོ་ཞིག་སྐྱིལ་ཀྲུང་དུ་བཞུགས་འདུག་ཅིང་། ཁོང་གི་རྒྱབ་ཕྱོགས་ཀྱི་བྲག་ངོས་ནས་དར་ལྕོག་རྩབ་ཧྲལ་གཅིག་ཐུར་དུ་དཔྱངས་འདུག དར་ལྕོག་དེ་ཆར་རླུང་དང་ཉི་མས་གཙེས་ཆེས་པས་གསལ་པོར་མཐོང་དཀའ་ཡང་། ཕལ་ཆེར་དེའི་ངོས་སུ་ད་དུང་མ་ཎི་དང་ཤེར་གཟུངས་ཚར་ཁ་ཤས་ལྷག་ཡོད་པ་འདྲ། སྐབས་དེར་རི་བོང་ཆུང་ཆུང་ཞིག་ངུ་གིན་ངུ་གིན་དུ་རྒྱུག་འོང་སྟེ། “ད་ནི་འུ་ཚོའི་ཡུལ་གྲུ་འདིར་དར་ལྕོག་འདི་མ་གཏོགས་ལྷག་མི་འདུག”ཟེར།། །།
                       ༢༠༡༡ ༣ ༡༣ ཉིན།

             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དར་ལྕོག

2014-11-03 ཡེ་ཤེས་རྒྱ་མཚོ།༼གོ་འཇོ༽ ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།