གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔའ་སྤོབས་དང་དཀྱེལ་ཡངས།

2014-03-27 17:27:00 རྨེ་རུ་ཕག་མོ་ཚེ་བརྟན།༼ ཉི་ཧོང༽ ཀློག་གྲངས། མཆན ཡོད།

  བོད་རིགས་ནི་ལྷ་སྒྲུང་གི་ཁྲོད་ནས་ནར་སོན་ཞིང་། ལྷ་སྒྲུང་གིས་བསྐྱེད་བསྲིང་བྱས་པའི་མི་རིགས་ཤིག་རེད་ལ། ལྷ་སྒྲུང་ལ་བློ་ཁ་ཕྱོགས་ཤིང་ལྷ་སྒྲུང་ལ་དུངས་ཤ་ཆེ་བའི་མི་རིགས་ཤིག་ཀྱང་རེད།
  དེང་གི་ལོ་རྒྱུས་མཁས་པ་མང་པོ་ཞིག་གིས་ལྷ་སྒྲུང་གི་བསྟན་པ་ཆེ་ཆེར་དར་མྱོང་བའི་མི་རིགས་དེ་ནི་རིག་གནས་ཀྱི་རྔམ་ཁ་མཐུག་པའི་མི་རིགས་ཤིག་རེད་ཅེས་སྡོམ་ཚིག་འགོད་ཀྱིན་འདུག་ལ་ཡིན་ཀྱང་སྲིད། འོན་ཀྱང་། དུས་ཀྱི་བགྲེས་པོ་ལ་བརྒྱབ་ལུང་བརྒྱབ་བྱས་ཏེ་ཉེར་གཅིག་གྲངས་གིས་ཟིན་དུས། ད་དུང་ལྷ་སྒྲུང་ལ་ཡིད་ཆེས་དང་ཤི་འཐམས་རོ་འཐམས་བྱེད་བཞིན་པའི་ངང་ཚུལ་འདི་ནི་ཅི་ནས་ཞེ་སྡུག་ཅིང་འཇིགས་སྣང་ཆེ་བའི་དོན་ཞིག་རེད་ཨང་།
  ནམ་རྒྱུན་སློབ་ཁྲིད་ཀྱི་སྐབས་སུ། གླང་དར་བདུད་ཀྱི་སྤྲུལ་བ་ཡིན་ཚུལ་དང་། མགོ་ན་ཁྲུ་ཙི་བདུན་ཅན་གྱི་རྭ་ཅོ་ཡོད་ཚུལ། དེའི་སངས་རྒྱས་བསྟན་པ་རྨེག་མེད་དུ་བཏང་ཚུལ་སོགས་བཤད་དུས། ཡིད་ཆེས་ཀྱི་མིག་ཟུང་ཀེམ་ཀེམ་དུ་གཡོ་བཞིན་རྒྱལ་བོ་གང་དེར་ཞེ་སྡང་གི་མེ་ལྕེ་གནོན་མི་ཐུབ་པ་ཞིག་ག་ས་གང་ནས་འཕྱུར་འོང་ཀྱིན་འདུག་ལ། དེ་ལས་ལྡོག་སྟེ་ཁྲི་སྲོང་བཙན་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་ཚུལ་དང་། དེའི་མགོ་ན་སྤྱན་རས་གཟིགས་ཀྱི་ལྷ་སྐུ་རང་བྱོན་ཡོད་ཚུལ། ཁོ་བོད་ཀྱི་རྒྱལ་བོ་དབུ་གཉིས་མ་ཡིན་ཚུལ་སོགས་སྒྲོ་འདོགས་དང་འུར་བསྟོད་ཀྱིས་བརྗོད་ཚེ། མིག་ལ་དགའ་བའི་འཛུམ་འཁྱིལ་ཞིང་དད་པའི་སྤུ་ལོང་རྒྱས་བཞིན་པ་འདི་ནི་ལྷ་སྒྲུང་གིས་བསྐྱེད་བསྲིང་བྱས་ཏེ་ལེགས་འགྲུབ་བྱུང་བའི་མི་རིགས་ཤིག་ཡིན་པའི་རྟགས་ཡང་དག་རེད།
   སྲོང་བཙན་དང་ཁྲི་སྲོང་གིས་མཚོན་པའི་བཙན་པོ་དག་གིས། མི་ཚེ་གང་བོར་ཁྱིམ་མི་ཁ་གཏོར་དང་བཟའ་མི་ཁ་བྲལ། མ་བུ་ཐལ་བརླག་གི་དམག་འཁྲུག་རྒྱ་ཆེན་པོ་བྱས་རྗེས། དེང་གི་ང་ཚོས་སུམ་ཉིས་ས་ལ་དབང་བསྒྱུར་མྱོང་ཞེས་ངོམ་སོ་དང་འུར་བསྟོད་བྱེད་བཞིན་པ་འདི་ནི་ཞིབ་ཏུ་འདང་རེ་བརྒྱབ་ན་ང་ཚོ་རྨོངས་བའི་རྟགས་ཡིན་པ་ལས་གཞན་ཅི་ཡང་མིན།
   འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ། ཉི་ཧོང་གིས་འཛམ་གླིང་གི་རྒྱལ་ཁབ་གང་གིས་ཀྱང་བསྐྲུན་མ་མྱོང་བའི་བྱས་རྗེས་རླབས་ཆེན་ཞིག་བསྐྲུན། དེ་ནི་ངེད་རྒྱལ་ཁབ་ཀྱིས་སྙིང་རྗེ་དང་ངོ་ཚ་མེད་པ་དང་། མི་ཤི་ཁྱིམ་གཏོར་གྱི་འཁྲུག་རྩོད་བསླངས་ཏེ་འཛམ་གླིང་མི་རིགས་ལ་འོས་མེད་ཀྱི་གནོད་འཚེ་ཚད་མེད་བཏང་ཟེར་ནས་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ལ་བཙན་འཛུལ་བྱས་པའི་གནས་ཚུལ་སློབ་དེབ་དུ་བསྒྲིགས་ཏེ་བྱིས་པ་དག་ལ་སློབ་གཉེར་བྱེད་དུ་བཅུག་པ་དེ་རེད། དེའི་རྗེས་སུ་ཨུ་རུ་སིས་ན་སེ་ཏང་དང་ཧེ་ཐུ་ལི་ནི་ང་ཚོའི་ངོ་ཚ་ཡིན་ཟེར་ནས་འཛམ་གླིང་ཁྱོན་ལ་བསྒྲགས་པ་རེད།
    གོང་གི་འདི་གཉིས་དང་བསྡུར་ན་དུས་རབས་ཉེར་གཅིག་གི་ནང་འཚོ་སྡོད་བྱེད་པའི་ང་ཚོའི་བྱ་སྤྱོད་ནི་ཅི་ནས་ཀྱང་ཞེ་མེར་བ་ཞིག་རེད་ཨང་།
     སྤྱིར་མི་རིགས་དང་རིག་གཞུང་གང་དེའི་སྟེང་གི་སྐྱོན་ཆ་སུན་འབྱིན་དང་དགག་རྒྱག དག་ཐེར་བྱེད་པ་འདི་ནི་མི་རིགས་གང་དེར་ཞེ་གཏིང་ནས་ཤ་ཚ་ཞིང་སྙིང་ཉེ་བ་ལས་མ་འདས། ཡིན་ནའང་། སྙིང་ལ་སྡང་ཞིང་རྣ་ལ་གཟན་པའི་སྐད་ཆ་འདི་དག་ཁ་བ་གངས་ཅན་པའི་མི་བུ་དག་ལ་ཉན་འདོད་གཏིང་ནས་མེད་ལ། དེ་ལས་ལྡོག་སྟེ་ཚིག་རྩུབ་དང་དགག་རྒྱག་བྱེད་རྒྱུར་མོས་པ་ནི་དགེ་ཆོས་དང་རང་གྲོལ་སོགས་ཀྱི་མི་ཚེ་ལ་བསམ་བློ་ཐེངས་གཅིག་བཏང་བས་ཀྱང་རྟོགས་སླའོ།།
  བོད་རིགས་ནི་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་གང་དང་བསྡུར་ནའང་། ལོ་རྒྱུས་དང་དངོས་ཡོད་གང་གི་ཆ་ནས་ཀྱང་དམིགས་བསལ་ཅན་ཞིག་རེད། ཆོས་སྲིད་ཟུང་འབྲེལ་གྱིས་བྱིན་པའི་ཕམ་ཉེས་དང་། སྤྲུལ་སྐུའི་ལམ་ལུགས་ཀྱིས་བཞག་པའི་ནད་རོ་སོགས་ཀྱིས་དེང་གི་ཆར་ཡང་ང་ཚོར་གཙེ་བཞིན་ཡོད་ལ། སྡུག་གི་འོབས་ཆེན་དུ་འཕེན་གྲབས་ཀྱང་བྱེད་བཞིན་ཡོད། གལ་ཏེ་འཁོར་བ་ཁབ་ཀྱི་རྩེ་མོ་ནས་བདེ་བ་ནམ་ཡང་ཐོབ་ཐབས་མེད་ན། ལྷ་རམས་སྔགས་རམས་པའི་ཐམ་ཀ་ཐོབ་ཅིང་། ལུང་རྟོགས་མཁའ་དང་མཉམ་པའི་ཨ་རིག་དགེ་བཤེས་དེ་དག་འཁོར་བ་ཁབ་ཀྱི་རྩེ་མོའི་སྟེང་མཆོངས་དོན་མེད་ལ། ཤི་བོའི་རྣམ་ཤེས་ཡར་འདྲེན་གནང་མཁན་གྱི་བླ་སྤྲུལ་དང་། སྡུག་གི་རྒྱ་མཚོའི་ཀློང་ནས་ཡར་འདྲེན་མཁས་ཀྱི་གྲོང་ཆོག་པ་དེ་དག་ཀྱང་ཧྲང་ཧེ་དང་ཧྲིན་ཀྲིན་སོགས་ལ་ཉུལ་དོན་ག་ལ་ཡོད་སྙམ།
   གཞན་ཞིག་གི་སྟེང་ནས་བཤད་ན། སྤྱིར་འཛམ་གླིང་གི་སློབ་གྲྭ་ཆེན་མོ་བ་དག་གི་རྒྱུ་སྤུས་ཇེ་ཞན་དུ་འགྲོ་བཞིན་པའི་དབུས་ན་བོད་ཀྱི་སློབ་གྲྭ་ཆེན་མོ་བ་དག་ཐོ་རེངས་སྐར་ཆེན་བཞིན་འཚེར་མི་ནུས་པ་ནི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་རེད་ལ། དུས་རབས་ཀྱི་ཆོས་ཉིད་ཀྱང་རེད། ཡིན་ནའང་འདི་དག་ལ་བསམ་བློ་ཅི་ཡང་མ་བཏང་བར་རྨོངས་ཚོད་དང་ཤེས་མ་ཤེས་ཀྱི་བཤད་བཞིན་པའི་སྐད་ཆ་དེ་དག་ནི་དངོས་གནས་དགོད་བྲོ་བ་ཞིག་ཅི་ལ་མིན། དེའི་སྟབས་ཀྱིས་སྐྱོན་ཆ་ཡོ་བསྲང་དང་ཕན་ཚུན་ལ་དཀྱེལ་ཡངས་རེ་གནང་སྟེ་མཐུན་སྒྲིལ་གྱི་གསེར་ཟམ་དམ་དུ་སྦྲེལ་བཞིན་སྔོན་བསྐྱོད་བྱེད་རྒྱུ་ནི་ང་ཚོའི་དོར་མི་རུང་བའོ་འོས་འགན་ཡིན།
               ༢༠༡༣、༡༢、༢༠ཉིན་ཤར་མར་བྲིས།
     
                          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།