གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དངོས་བྱུང་གློག་བརྙན་ལས་རྙེད་པའི་འཕྲོས་རྟོག

2013-10-23 13:17:00 ཨ་དམར་པོ། ཀློག་གྲངས། མཆན ཡོད།

   ངས་ང་ལ་དུས་གཏན་དུ་བདེ་སྐྱིད་ལྡན་ན་བསམས། ངས་ང་དང་འབྲེལ་བའི་རིགས་རུས་ཡོད་ཚད་ལ་བདེ་སྐྱིད་ཀྱི་ཉི་མ་དུས་རྟག་ཏུ་ཤར་ན་བསམས། ཁ་སང་གི་ཉིན་མོར་དེར་ས་ཆེན་པོར་འགུལ་སྐྱོམ་ཐེབས་ས་དེ་ནི”སྐྱེ་རྒུ་བའམ་ཡུལ་ཤུལ”བའི་རྐང་འོག་གི་ས་ལག་མཐིལ་ཙམ་པོ་དེ་མ་ཡིན་ན་བསམས། ཡིན་ནའང། “མུ་གེ་ཐོག་ལ་ཟླ་ལྷག”གི་དཔེ་ལྟར་”བརྒྱ་བོའི་ནང་ནས་འདེམས། བརྒྱད་པོའི་ནང་བསལ”ཏེ། འུ་ཚོའི་སྤུན་ཟླ་མི་དམངས་ཡུལ་ཤུལ་བའི་གཅེས་ལོ། མ་ལོ། དགའ་ལོ་མི་ཉུང་བའི་ཚེ་སྲོག་གི་གཤེད་དུ་བབས་སོང་། ཉམས་ང་བ་དང་སྐྱི་གཡའ་བ། མ་འོངས་པར་འཇིག་ཡེར་བར་སྐུལ་བའི་ས་ཡོམ་གྱི་གོད་ཆག་དང་ཕམ་ཁར་བསམ་ན། ས་ཡ་དྲུག་གི་འཚོ་བའི་དྲོད་ཁོལ་མེ་སྟག་ཙམ་པོ་དེའང”གནམ་རྒན་མས”བློས་གཏོང་བྱེད་ཐུབ་ཀྱིན་མེད་པ་འདྲ།
  ལོ་རྒྱུས་ཀྱི་དཀྱོག་མཚམས་རེ་རེ་ནས་བརྡབ་གསིག་གི་ཕམ་ཁ་དང་གྱོང་གུད་ཁྲོད་ཡང་དང་བསྐྱར་དུ་ཤུགས་ཀྱིས་ལངས་ཏེ། ཤི་འཐམ་རོ་འཐམ་གྱི་ངལ་རྩོལ་ཆེན་མོས་བསགས་བསགས་པ་དང་། བརྩིགས་བརྩིགས་པའི་ཁྱིམ་གཞིས་ཆུང་ཆུང་འདིའི་སྐྱིད་ཀྱི་དབུ་འཕང་དགུང་ལ་བསྟོད་རྒྱུ་ཕར་ཞོག ཉེས་མེད་ལྷད་མེད་ཀྱི་ཚེ་སྲོག་འདི་འདྲའི་མང་པོ་ཞིག་ཉམས་ང་སྙིང་རྗེ་ཅི་ཡང་མེད་པར་ཁྱུར་མིད་བཏང་བ་ཅི་ཞིག་གི་རྣམ་སྨིན་རེེད། ངས་བསམ་ཤེས་དང་བཟོད་བསྲན། གུ་ཡངས་ཀྱི་བསམ་བློའི་ཇི་ལྟར་འཚོལ་དགོས་པ་མ་ཤེས། སེར་ག་དགུ་བརྩེགས་སུ་གྱུར་བའི་རྩིག་གྱང་གི་གས་སྲུབས་རེ་རེ་དང་། ཁ་ཆག་སྣ་རལ་དུ་གྱུར་བའི་ཅ་དངོས་ཀྱི་བར་གསེང་རེ་རེ། ཉག་ཉོག་མཉམ་བསྲེས་སུ་གྱུར་བའི་ས་ཕུང་གི་གཏིང་རིམ་རེ་རེ་ནས་རྒན་དར་གཞོན་གསུམ་གྱི་ཕུང་བོ་ས་འོག་ནས་གྲོ་མ་བསྔོགས་པ་ལྟར་ཐོན་ཡོང་དུས་ཚེ་སྲོག་ཁམ་དུ་ཟ་བའི་གཤེད་མ་ཞིག་ཡིན་ན་སྙིང་རྗེ་དབང་མེད་དུ་སྐྱེས་སྲིད་པར་སྙམ།
   ད་དུང་། སྡུག་གི་མཇུག་མ་མ་ཆད་པའི་རྐང་ཞ་ལག་རྡུམ། མགོ་ཆག་མིག་ཞར། པགས་རལ་རུས་ཆག དྭ་ཕྲུག་དྭ་མོ། ཡུགས་ཕོ་ཡུགས་མོ། ཧོང་ལོག་རྒན་རྒོད། སྒོ་དགུ་ཁྲག་གིས་གཤེར་བའི་རྨས་མ་རེ་རེ་ནས་མིག་ལ་བབས་ཤིང་། སེམས་ལ་གསལ་དུས་ང་འཇིག་རྟེན་ལ་ཞེན་པ་ལོག་འགྲོ། ང་ལས་འབྲས་ལ་ཡིད་ཆེས་བརླགས་སོང་།
   ངའི་ཕ་ཁུ་མེས་པོ་དང་ཚ་བོ་ཚ་མོ་ཚོས། རི་བརྒྱ་ལུང་བརྒྱ་བསྡམས་ཤིང་། ས་ཆེན་པོའི་མངའ་བདག་ལ། འཆམ་མཐུན་དང་མནའ་འབྲེལ། དམ་ཚིག་ལ་གས་ཆག་ཤོར་མ་མྱོང་། ད་དུང་སྐྱབས་སུ་བཟུང་སྟེ། ས་མཆོད་གཉན་མཆོད་ཀྱི་ཆོ་ག་སྒྲུབ་བཞིན་སྐྱབས་འཇུག་ཞུས་དང་ཞུ་གི་ཡོད། ཨ་ཁུ་ཨ་ནེ། ཨ་ཕ་ཨ་མ། ཕུ་བོ་ནུ་བོ་སོགས་རྒས་མགོ་དཀར་དང་། ཆུང་རྐང་དམར་ཡན་གྱིས་དཀོན་མཆོག་ལ་ཡིད་ཆེས་བློ་འགེལ་གྱིས་རེ་བ་དང་སྨོན་ལམ་བྱེད་ཀྱིན་ཡོད། ལྷག་པར་དུ”ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས།། སྒྱུ་ལུས་གཡར་བོ་འཇིག་ལ་ཐུག་པའི་ཚེ།། ཡིད་གཉིས་ཐེེ་ཚོམ་མེད་པར་གསོལ་བ་འདེབས།། ཨོ་རྒྱན་པད་མ་འབྱུང་གནས་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།”ཞེས་འཕྲིན་བཅོལ་དང་བསྔོ་སྨོན་གྱིས་རེ་སྐུལ་བགྱིས་པ་གྲངས་ཀྱིས་གཞལ་ཡས་སམ། ཞོགས་པར་མིག་གདངས་བ་ནས་དགུང་མོ་མིག་མ་བཙུམ་བར་དུ་དཀོན་མཆོོག་ཡིད་ལ་བཅངས་ཤིང་། སྙིང་ལ་སྒོམ་བཞིན། གསོལ་འདེབས་ཆོ་གས་བདེན་པ་བརྡར་བས་མ་འཐུས་པ་ག་ལ་ཡིན། དེ་རིང་འུ་ཚོའི་མགོན་སྐྱབས་ཀྱི་ལྷ་གླུ་གཉན་གསུམ་གལ་སོང་ཆ་མེད་དུ་གྱུར་བར་འཁང་ར་རང་བཞིན་གྱིས་ཤོར་ཐ།
  ད་ཕངས་སེམས་དང་ཆགས་ཞེན་གྱི་ཕྱོགས་སུ་ལྷུང་ནས་ལས་འབྲས་ལ་བསྐུར་བ་འདེབས་མི་འོས་མོད། འོན་ཀྱང་ངའི་མིག་ལམ་ནས་འདས་ཟིན་ཉམ་ཆུང་གི་རྣམ་ཤེས་ཚོས་བར་དོ་རུ་ངུ་དབྱངས་འཐེན་ཀྱིན་པ་དང་། ཕྱིར་ལུས་ཉམ་ཐག་ཚོས་འོ་དོད་དང་སྨྲེ་སྔགས་ཀྱི་ཀློང་ན་མིག་ཆུ་འཐོར་བཞིན་པ་མིག་ལ་གསལ་ལེར་སྣང་ཞིང་།    སེམས་ལ་ཕྲ་ལམ་མེར་ཤར་དུས། རང་ལས་ཐ་དད་པ་ཀུན་ལ་སྐུར་འདེབས་དབང་མེད་དུ་ཐལ་འགྲོ། ཤུགས་རིང་དང་མིག་ཆུའི་ཁྲོད་ནས་མགོན་སྐྱབས་ཤིག་དང་འཕྲད་ན་ཅི་མ་རུང་སྙམ་བྱུང་།
   ངས་ཡང་བསྐྱར་འགྲམ་པ་ལག་པས་བསྐྱོར་ནས་ཞིབ་འདང་རེ་བརྒྱབ་ན། རང་བྱུང་ཁམས་ཆེན་མོའི་ཟིལ་ཤུགས་ལ་ཁ་གཏད་མེད་པའི་འདུ་ཤེས་རྙེད་འོང་ཀི འདས་ཟིན་ལ་བསྐྱར་ལོག་མེད་པའི་གོ་རྟོགས་སད་ཡོང་ཀི  མང་པོ་ཞིག་འགོར་འགྱངས་ཀྱི་དཔྱོད་ཤེས་ཡིན་པ་མིག་ལ་བབ་ཡོང་ཀི ད་ཅི་བྱ། གོང་དུ་བརྗོད་ཟིན་པ་ཡོད་ཚད་ཅི་བྱ་གཏོལ་མེད་ཀྱི་ཚོར་བའི་གོ་རིམ་ཡིན་ན།  གློ་སྙིང་མཆིན་གསུམ་གྱི་ན་ཟུག་ཕྱིར་འགྲེམས་བྱས་པ་ཙམ་ཡིན་ན།  དེས་མ་འོངས་པའི་ཡོད་ཚད་འཐུས་ཚང་དུ་གསོ་མི་སྲིད་པ་སོ་མཚམས་རིག་འོང་ཀི ཡིན་ནའང།  བརྩེ་བ་དང་ལ་རྒྱ། ཡ་རབས་དང་ལས་འབྲས། སྐྱིད་སྡུག་མཉམ་མྱོང་གི་འདུ་ཤེས་མཚོན་ཐབས་ཤིག་ཡིན་ཆོག་གམ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།