གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་བཞུད་ལམ་དུ།

2013-10-23 13:01:00 གཅན་བཟོད་རྒྱམ། ཀློག་གྲངས། མཆན ཡོད།

           ཉིན་དང་པོ།
              ________རོ་ཐང་ལ་སོགས་བརྒྱུད་དེ་སླར་ཡང་རྐྱང་དཀྱིལ་ཐང་དུ་སླེབས་པ།
   
རྐྱང་དཀྱིལ་ཐང་ནི་གླིང་གེ་སར་གྱིས་བདུད་ཨ་ཆུང་བཏུལ་བའི་སྐབས་སུ་གླིང་གི་དམག་སྒར་བརྒྱག་ས་ཡིན་པ་དང། གནས་དེར་རྐྱང་ཧ་ཅང་མང་པོ་ཡོད་པའི་སྐོར་སྔར་ནས་བཤད་ཟིན་མོད། དེ་རིང་ཡང་བསྐྱར་ལས་དོན་ཞིག་གི་སླད་དུ་ལ་དྭགས་སུ་འགྲོ་སྐབས་རྐྱང་དཀྱིལ་ཐང་དུ་ཞགས་འདུག་བྱ་རྒྱུའི་གོ་སྐབས་བྱུང་བས། སླར་ཡང་རང་གི་སྔར་བཀོད་སྙན་རྩོམ་ཞིག་ལས། ༼ རླངས་འཁོར་རྒྱུགས་འགྲོས་སྐྱི་སེར་རླུང་དང་བསྡེབས། །སྐད་ཅིག་ཙམ་གྱིས་རྐྱང་དཀྱིལ་ཐང་(pang)དུ་སླེབས། །གེ་སར་རྟ་ཡི་རྨིག་རྗེས་འཐོར་བ་རྙེད། །དཔའ་རྟུལ་བརྒྱད་ཅུའི་སྟོབས་རྔམ་དངོས་སུ་མཐོང༌། །༽ཞེས་པ་དེར་བསྐྱར་དྲན་ཐེངས་ཤིག་བྱས།
མ་ན་ལི་ནས་ལ་དྭགས་བར་དུ་སྤྱི་ལེའུ་༤༨༥ ཙམ་ཡོད་ཅིང། སྤྱིར་གླ་བྱེད་རླུངས་འཁོར་ཆུང་བ་དེ་ཚོ་དུས་ཚོད་རེར་སྤྱི་ལེའུ་༤༠ རེར་རྒྱུགས་ཐུབ་པའི་དབང་དུ་བཏང་ན། དུས་ཚོད་༡༢ ནས་༡༣ ཙམ་གྱིས་ལ་དྭགས་སུ་སླེབས་ཐུབ་མོད། འོན་ཀྱང་ལ་དྭགས་ལ་འགྲོ་བའི་ལམ་ཁ་དེ་ཙམ་མི་བཟང་བས་ནམ་རྒྱུན་ཞོགས་པའི་དུས་ཚོད་༢།༣༠ ཙམ་ནས་ཕྱི་དྲོའི་དུས་ཚོད་༧ པ་ནས་༨ པ་ཡས་མས་ལ་ལ་དྭགས་སུ་སླེབས་ཐུབ་ཀྱི་ཡོད། དེ་ལྟ་ན་མ་ན་ལི་ནས་ལ་དྭགས་བར་དུ་དུས་ཚོད་༡༧ ནས་༡༨ ཙམ་གྱིས་འགྲོ་དགོས་པ་ཡིན།

༢༠༠༩ ཕྱི་ཟླ་༧ པའི་ཚེས་༡༠ ཉིན་གྱི་ཕྱོགས་པའི་དུས་ཚོད་༢ པའི་ཐོག་ང་རང་མགྲོན་ཁང་ནས་ཐོན་ཏེ་མ་ན་ལི་རླངས་འཁོར་ས་ཚིགས་སུ་འབྱོར་བ་དང། ཡུན་ཙམ་ནས་ང་ཚོ་འགྲོ་མི་བཅུ་གཅིག་པོ་རླངས་འཁོར་ནང་འཛོམས་བྱུང། འགྲོ་མི་རྣམས་རང་རང་གི་སྡོད་སྟེགས་སུ་བསྡད་རྗེས་རླངས་འཁོར་ཡང་ལམ་དུ་ཆས། དེ་དུས་ཏག་ཏག་ཞོགས་པའི་དུས་ཚོད་༢།༣༠ རེད།
ང་རང་ནམ་རྒྱུན་ས་ཐག་རིང་ཞིག་ལ་འགྲོ་དུས་བགེགས་བར་ཆད་རྒྱུན་ཆད་མེད་པ་འདི་ཅི་ཡིན་ནམ། དེ་རིང་ཡང་རླངས་འཁོར་ལས་སྤྱི་ལེའུ་༢༠ ཙམ་ལས་མ་སོང་བར་རླངས་འཁོར་ལ་སྐྱོན་ཞུགས་པ་དང། ཁ་ལོ་བས་ཐབས་ཤེས་ཡོད་རྒུས་བཤིག་བཟོ་བྱས་རྗེས་མུ་མཐུད་ནས་ལམ་དུ་ཆས། རྨ་རི་ལ་ཞེས་པའི་ཡུལ་སྐོར་བའི་མང་པོ་འགྲོ་ས་ཞིག་ཡོད་པ་དེར་སླེབས་དུས་ནམ་གསལ་ལ་མ་གསལ་ཞིག་རེད། དེར་ཇ་མངར་མོ་གང་རེ་འཐུང་རྗེས་མུ་མཐུད་ནས་བསྐྱོད།
མ་ན་ལི་ནས་སྤྱི་ལེའུ་༥༡ གི་སར་ཡོད་པའི་རོ་ཐང་(རོ་ཐང་ཞེས་པའི་ཐ་སྙད་འདིའི་དོན་དང་འབྲེལ་བའི་གླེང་མོལ་གཞན་དུ་འཆད་)ལ་ཞེས་ཡུལ་སྐོར་བའི་ས་གནས་གྲགས་ཆེན་ཞིག་ཡོད་པ་དེར་སླེབས་སྐབས་ཉི་རྩེ་ས་ལ་ལྷོད་ཀྱིས་བབས་འདུག ནམ་རྒྱུན་རོ་ཐང་ལ་སླེབས་སྐབས་རེར། གནའ་ནས་ད་བར་དུ་བོད་ཀྱི་མཁས་པ་དང་གྲུབ་ཆེན། རྒྱལ་པོ་དང་དམག་དཔུང་། དཔའ་བོ་དང་སྡར་མ། བླ་མ་དང་ཚོང་པ། ཡུལ་སྐོར་བ་(ང་འདྲ་བ་)སོགས་ཀྱིས་ཉག་ག་འདི་བརྒྱུད་དུས་སྲོག་ཤོར་བ་དང་རྨས་པ། རྐང་ལག་ཤུད་པ། ལྟོགས་སྐོམ་མྱངས་པ་སོགས་ལ་དྲན་གསོའི་ཆེད་དུ་ས་ནས་རྡེའུ་འགའ་རེ་བཏུས་ཏེ་ལམ་འགྲམ་གྱི་རྡེའུ་འབུམ་དེར་ཁ་སྣོན་རེ་བྱེད་ཀྱིན་ཡོད། དེ་རིང་གི་རོ་ཐང་ནི་ད་དུང་གངས་ཀྱིས་བཏུམ་ནས་འདུག་པས་ས་ནས་རྡེའུ་མི་མཐོང་ལ་བཙག་ཀྱང་ཧ་ཅང་ཆེ་བས། ངས་ཐག་རིང་ནས་དར་ཐག་དང་རྡེའུ་འབུམ་ཕྱོགས་སུ་རྒྱང་ལྟ་རེ་བྱེད་བཞིན་རླངས་འཁོར་གྱི་འགྲོས་དང་བསྟུན་ནས་རོ་ཐང་དང་རྒྱང་དུ་གྱེས།
སྤྱིར་ཉུང་ཏུའམ་ཀུ་ལུ་ནས་སྤྱི་ཏི་དང་ག་ཞ་འཕགས་པ། ལ་དྭགས་སོགས་ཀྱི་གཞུང་ལམ་དེ་བོད་པ་སྐྱབས་བཅོལ་དུ་ཐོག་མར་སླེབས་པ་ཚོས་བཟོས་སྐོར་དེང་སང་ཡང་བཞུགས་སྒེར་རྡ་ས་དང་མ་ན་ལི། ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་གི་རྒན་རྒོན་ཚོར་གླིང་སྒྲུང་བཞིན་གསུང་རྒྱུ་འདུག་ལ། ང་ལམ་ཁ་དེ་དག་བརྒྱུད་དེ་འགྲོ་ཐེངས་རེར་ཁོང་ཚོས་གསུང་པའི་སྒྲུང་དེ་ཚོ་ཡིད་ལ་གསལ་ལྷང་ངེར་དྲན་འོང་གི སྦིར་གཞིས་ཆགས་སུ་བཞུགས་པའི་རྒན་པོ་ག་གེ་མོས་གསུངས་པར། ”ངའི་བུ་མོ་ཆེ་བ་སྐབས་དེར་སྐྱེས་པ་རེད།་དེང་སང་ལོ་བཞི་བཅུ་ཡར་ལ་སླེབས་ཡོད། སྐབས་དེའི་དཀའ་སྡུག་ཁྱོད་ཚོར་བཤད་འདོད་མི་འདུག དེང་སང་ངེད་ཚོ་འཚོ་བ་སྐྱིད་ཐག་ཆོད་ཡོད། སྐབས་དེའི་དགའ་སྐྱོའི་འཚོ་བ་ཕྱིར་དྲན་བྱེད་ཆེད་ང་ཚོ་ནང་མི་ཚང་མ་ལོ་རྟག་པར་དབྱར་དུས་རོ་ཐང་དུ་ཉིན་འགར་སྤྲོ་སྐྱིད་གཏོང་དུ་འགྲོ་གིན་ཡོད”ཟེར། ཡང་རྡ་སའི་རྒན་པོ་དེས་གསུངས་དོན། “སྐབས་དེར་ང་ཚོ་ཁྱོ་ག་རེར་ཉིན་གླ་ཧིན་སྒོར་གསུམ་རེ་དང་སྐྱེས་སྨན་ཚོར་ཉིན་གླ་ཧིན་སྒོར་གཅིག་དང་ཨ་ན་བརྒྱད་(ཨ་ན་བརྒྱད་ནི་ཧིན་སྒོར་ཕྱེད་ཀ་སྟེ། པེ་ཤ་བརྒྱ་ལ་ཧིན་སྒོར་གཅིག་དང་། པེ་ཤ་ལྔ་བཅུ་ལ་ཨ་ན་བརྒྱད་ཟེར་བ་རེད།)རེ་ཡོད་པ་རེད། ཟ་མ་འབྲས་དང་རྡ་ལི། ཀྲོ་མ་ཀྲོ་(ལྡུམ་སྒོང་ངམ་བླ་མ་མན་ཐང་)དང་ཙོང་རྡོག་སོགས་ཅུང་ཙམ་སྤྲོད་ཀི་རེད། འོན་ཀྱང་འབྲས་རྡ་ལི་དང་ཀྲོ་མ་ཀྲོ་སོགས་བཟོ་མ་ཤེས་པར་རློན་པ་ཟོས་པས་མི་མང་པོའི་གྲོད་ཁོག་ན་བ་དང། ཚ་གདུང་ཆེ་ཞིང་ས་ཆུ་མ་འཕྲོད་པ་སོགས་ཀྱིས་ཡང་མི་མང་པོ་ཤི་སོང་།”ཟེར་བ་སོགས་དྲན་པའི་ཀློང་དུ་ཚུད་ཅིང་། རི་ངོས་གཟར་བོ་ནས་བཙན་གྱིས་བཤགས་པའི་ཀྱག་ཀྱོག་གི་གཞུང་ལམ་དེ་མཐོང་དུས། སེམས་སུ་སྐྱོ་གདུང་དང་སྐབས་དེའི་བོད་མི་གསར་འབྱོར་སྐྱབས་བཅོལ་བ་དེ་ཚོར་”སྙིང་རྗེ་”ཞེས་པའི་སེམས་ཞིག་ཀྱང་ངང་གིས་སྐྱེས་འོངས། འོན་ཀྱང་ཞིབ་ཏུ་ཡི་གེར་འགོད་པའི་ཁོམ་པ་མ་བྱུང་བས་ཕྱིས་སུ་བྲི་བར་བྱ།
རོ་ཐང་ལ་ཞེས་པའི་ས་ནས་གནམ་ལ་ཟུག་པ་དང་གནམ་ནས་ས་ལ་འཐེན་པ་དང་འདྲ་བའི་གཡང་གཟར་ཀྱག་ཀྱོག་གི་གཞུང་ལམ་དེ་བརྒྱུད་སྐབས། རླངས་འཁོར་གྱི་འཁོར་ལོ་ལམ་གྱི་སྐོ་དུང་དང་འབའ་འབུར་རེར་ཐོག་ཚེ་གཡོ་འཁྱོམ་ཆེན་པོ་རེ་བྱེད་པ་དང་བསྟུན་ནས་ཕྱི་གླང་མགོ་སེར་དེ་ཚོས་ཁ་ནས་”ཨོ་མ་ཡི་རྒོད་ཊི”ཞེས་ཤོར་འགྲོ་ལ། ངའང་གྲང་འདར་འདྲ་ཞིག་རྒྱག་བཞིན་དྲན་པའི་ཀློང་ལས་ཕྱིར་བུད་དེ་ལམ་འགྲམ་གཡས་གཡོན་གྱི་ཁོར་ཡུག་གི་མཛེས་སྡུག་ལ་བལྟས་པ་ཡིན།
སྐབས་དེར་ངས་རང་གི་སྙན་ཚིག་ཅིག་ལས། "རོ་ཐང་ཕར་ལ་བརྒལ་དུས་སེམས་རྩ་ལྷོད།།ལོས་ཡིན་གནམ་ས་གཉིས་ཀ་བོད་ཀྱི་རེད།།”ཅེས་པའི་དོན་ལ་སྟོང་བསམ་རེ་བྱེད་དུས་དངོས་གནས་སེམས་རྩ་ལྷོད་ཅིང་ལུས་སེམས་གཉིས་ལ་བདེ་སྣང་ཞིག་ཀྱང་སྟེར་གི
རོ་ཐང་ནས་སྤྱི་ལེའུ་༨༠ ལྷག་གི་སར་སྐྱིད་སྣང་ངམ་སྐེ་སྣང། ཀེ་ལང་(Keylong)ཟེར་བའི་ས་དེར་སླེབས་ཤིང། དེ་ནི་ག་ཞ་རྫོང་ཡོད་ས་དེ་ཡིན། རྫོང་དེའི་འོག་ཏུ་ག་ཞ་སྟོད་སྨད་བར་གསུམ་འདུས་ཡོད་ཅིང་། རྫོང་གི་བྱང་ཤར་ཕྱོགས་སུ་གྲུབ་ཆེན་དྲིལ་བུ་བའི་སྒྲུབ་གནས་དྲིལ་བུ་རི་དང་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེའི་དབྱར་གྱི་སྒྲུབ་གནས་དང། ཤར་ལྷོའི་བྲག་རི་གནམ་ལ་ཟུག་པ་འདྲ་བའི་ངོས་སུའང་རྒོད་ཚང་པའི་སྒྲུབ་ཕུག་བྱིན་ཅན་གྲུབ་རྟགས་ཀྱི་རི་མོ་གསལ་ཞིང་ངག་རྒྱུན་གྱི་གཏམ་ངོ་མཚར་བ་མང་དུ་ཡོད་ཀྱང་འདིར་མི་སྤྲོའོ། །
ཡང་རྫོང་གི་ལྷོ་ནུབ་ཀྱི་རི་ངོས་སུ་སྟག་ཚང་རས་པ་ངག་དབང་རྒྱ་མཚོ(སྤྱི་ལོ་༡༥༧༤ )ཡིས་ཕྱག་བཏབ་པའི་ཞ་ཞུར་དགོན་པའམ་མཁའ་འགྲོའི་ཤུགས་གླིང་(འདི་ལ་ཤུག་པ་མང་པས་ཤུག་གླིང་ཞེས་འགྲེལ་མཁན་ཡང་ཡོད་ཀྱང་། མཁས་པའི་དབང་པོ་སློབ་དཔོན་དམ་པ་དངོས་གྲུབ་ལགས་ཀྱིས་མཁའ་འགྲོ་མ་མང་པོ་ཤུགས་ཀྱིས་འདུས་པའི་གནས་ཡིན་པས་ན་མཁའ་འགྲོའི་ཤུགས་གླིང་ཟེར་ཞེས་གསུངས་པ་ཞལ་ནས་ཐོས།)སོགས་དགོན་པ་དང་མཆོད་རྟེན་སོགས་བཅུ་ཕྲག་གཉིས་ལོངས་པས་ག་ཞ་ལུང་ཁོག་འདིའི་སྐྱེ་འགྲོ་རྣམས་ལ་ཆོས་ཀྱི་ཆར་རྒྱུན་འབབ་ཅིང་དད་པའི་རྟེན་དུ་བཞུགས་པ་ལགས།
སྐྱིད་སྣང་ངམ་ག་ཞ་རྫོང་གི་ཤར་དུ་སྤྱི་ལེའུ་བཞི་ཙམ་གྱི་སར་དེང་དུས་ཟེར་བའི་ཟམ་པ་དེ་ཡོད་ཅིང་དེར་ཆུ་ཀློང་ཆེན་པོ་གཉིས་འདྲེས་ཏེ་ལྷོ་ངོས་སུ་འབབ་པའི་ཕྱོགས་ ཀྱི་ལུང་ཁོག་དེ་བརྒྱུད་པའི་མི་རིང་བའི་སར། ག་ཞ་འཕགས་པ་ཞེས་པའི་གནས་འགངས་ཆེན་དེ་ཡོད་ཀྱང་། ཀེ་ལང་སྟེ་ག་ཞ་རྫོང་དུ་ལན་དྲུག་བདུན་ཙམ་ལ་སོང་ཡང་གནས་དེར་མཇལ་བའི་སྐལ་བ་ད་སྔ་མ་ཐོབ་པས་དེའི་སྐོར་ལ་འོབ་ཚོད་ཀྱིས་གཏམ་སྨྲ་བར་མི་སྤོབས་པས་རེ་ཞིག་བཞག་གོ །
ག་ཞ་ནས་དྲོས་ཇ་འཐུས་རྗེས་མུ་མཐུད་ནས་ལམ་དུ་ཆས་ཏེ་ལ་གཟར་བོ་དང་གྲོག་ཟབ་མོ། སྐབས་རེར་སྣུག་ནག་གི་ལམ་ཁ་བདེ་ཞིང་དྲང་ལ་ཡང་སྐབས་རེར་རྩུབ་ཅིང་འཁྱོག མཚམས་རེར་རླངས་འཁོར་རྡུལ་ནག་གིས་ཡོངས་སུ་བཏུམས་ཏེ་སྔོན་རྗེས་གཉིས་ཀ་མི་མཐོང་བར་གྱུར་ཚེ་ཅུང་ཙམ་སྒུག་སྟེ་ས་རྡུལ་ཡལ་རྗེས་ཡང་བསྐྱར་སྔར་བཞིན་རྒྱུགས། རླངས་འཁོར་དེ་དག་གིས་གཅིག་རྗེས་གཅིག་བསྐྱུར་དང་གཅིག་སྔོན་གཅིག་ལེན་གྱིས་ལ་དྭགས་ཕྱོགས་སུ་རྒྱུགས་པ་ནི་ངེད་ཡུལ་སྐོར་བ་ཚོ་ལ་དྭགས་ཀྱི་མཛེས་ལྗོངས་ལ་ལྟ་བར་ བྲེལ་བ་ཡིན་ནམ། ཡང་ན་ཁོང་ཁ་ལོ་བ་ཚོ་ངེད་ཅག་གི་སྒོར་མོ་ལེན་པར་རྔམས་པ་ཡིན། གང་ལྟར་དེ་རིང་ནི་ལ་དྭགས་སུ་སླེབས་མི་ཐུབ་པ་ཐག་གིས་ཆོད།
ཡུལ་སྐོར་བ་ཚོས་རླངས་འཁོར་གྱི་སྒེའུ་ཁུངས་ལས་མཐོང་བ་ནི། ཁྱད་མཚར་བའི་བྲག་རི་དང་གྲངས་ལས་འདས་པའི་རྦབ་ཆུ། རླབས་ཀྱི་ཕྲེང་བ་དགོང་དུ་འཕྱོ་བའི་གཙང་པོ། མཐོང་མ་མྱོང་བའི་ཤིང་ལྕགས་ཀྱི་ཟམ་པ་ཆེ་ཆུང་སོགས་ལ་ལྟ་བ་དང་པར་ལེན་ལ་བྲལ་བ་ ལས། དེ་རིང་ལ་དྭགས་སུ་སླེབས་ཐུབ་མིན་ནི་སེམས་སུ་དྲན་གི་མེད་པ་འདྲ། དེ་ལྟར་སྐོག་སར་(kaksar)དང་དར་ཆ་(Darcha)། དེ་ནས་སར་ཆུ་(Sarchu)བརྒྱུད་དེ་སོང་སོང་མཐར་སྤང་(Pang)ཞེས་པའི་ལུང་ཅུང་དེར་འབྱོར་དུས་རྒྱང་མིག་ཆད་(ས་རུ་ལ་ཉེ་བའི་དོན)ལ་ཉེ།
དར་ཆ་དང་སར་ཆུ། སྤང་སོགས་སུ་རས་གུར་ཆེ་ཆུང་དང་ལྕགས་ཁང་འདྲ་མིན་ཡོད་ལ། དེ་དག་ནི་བལ་པོ་བ་དང་གར་ཞ་པ། ཟངས་དཀར་དང་ལ་དྭགས་པའི་ཡུལ་མི་ཚོས་ཡུལ་སྐོར་བའི་ཆེད་དུ་གཉེར་བའི་ཟ་ཁང་དང་ཚོང་ཁང་། མགྲོན་པོ་འདུག་ས་སོགས་ཡིན་ལ། ལྷ་ས་ཟ་ཁང་དང་ཀེ་ལ་ཤ་སོགས་ནི་ཁོང་ཚོའི་ཆེད་སྤྱོད་སྒོ་བྱང་དག་རེད།
གུར་སྒོ་ན་བོད་ཆས་འདྲ་(ལ་དྭགས་པ་དང་ག་ཞ་བའི་བུ་སྨན་ཚོའི་སྲོལ་རྒྱུན་གྱོན་ཆས་དང་འདྲ་བ་གྱོན་མཁན་ཨ་མདོ་རེབ་གོང་ཐོ་རྒྱ་དང་སྒོ་དམར་སོགས་སུ་མཐོང་རྒྱུ་འདུག)ཞིག་གྱོན་པའི་རྒན་མོ་ཞིག་གིས་ཁོང་ཚང་ལ་ཡོང་བའི་རེ་བའི་མིག་ང་ཚོར་གཏད་འདུག སྐབས་དེར་ང་སྔོན་ལ་བུད་དེ་”ཨ་མ་ལགས། འཇོ་ལེ།”ཞེས་བཤད་མ་ཐག མོས་ཀྱང་དགའ་འཛུམ་གྱིས་”འཇོ་ཇེ། འཇོ་ལེ། ཕེབས་དང།”ཞེས་འཛུམ་གྱིས་བསུས་བྱུང། ང་ཚོ་གུ་སྒོར་འཛུལ་བ་ན། རས་གུར་ཆེན་པོ་དེའི་ནང་ཧ་ཅང་རྒྱ་ཆེ་ལ་ནང་གི་མཐའ་སྐོར་དུ་ཉལ་ཁྲིས་བསྐོར་ཅིང་སྟེང་དུ་ཉལ་ཆས་ཀྱང་རང་འགྲིག་རེད་འདུག དེའི་སྦུགས་ན་ད་དུང་སྒོ་ཆུང་ཞིག་འདུག དེའང་མགྲོན་པོ་ཚོ་ཉལ་ས་རེད་ལ། གུར་ཕྱི་ནང་གཉིས་ཀར་ཉལ་ཁྲི་ཉི་ཤུ་ལྷག་ཙམ་འདུག
ཨ་མ་རྒན་མོ་དེའི་ལག་གཡོག་བུ་མོ་ལོ་ཉེར་གསུམ་ནས་སུམ་ཅུ་མན་ཙམ་ཞིག་འདུག་ལ་མོ་ནི་གུར་དེར་ཡོང་བའི་མགྲོན་པོ་ཡོངས་ལ་དུས་ཚིགས་ངེས་མེད་དུ་ཟ་མ་གཡོ་སྐོལ་དང་ སྣེ་ལན་བྱེད་མཁན་རེད། གོང་དུ་བཀོད་པའི་ས་ཚིགས་དེ་དག་ཏུ་ཀ་ར་གོ་རེ་དང་ཇ་མངར་མོ། སྟབས་བདེ་ཐུག་པ་wai wai དང་སྒོ་ང་བསྔོས་མ། འབྲས་དང་རྡ་ལི་སོགས་ལས་གཞན་ཁ་ཟས་ཅང་མེད་ཚོད་སྙམ། ང་ཚོ་མགྲོན་པོ་བཅུ་གཅིག་པོ་ཚང་མ་ཁོང་ཚང་ལ་ཞགས་འདུག་དང་ཁ་ཟས་ཀྱང་དེ་རང་དུ་ ཟས་པ་ཡིན། འབྲས་རྡལ་སྡེར་མ་གང་དང་སྒོང་བསྔོས། ཇ་མངར་མོ། གུར་གླ་བཅས་ལ་ཧིན་སྒོར་༡༥༠རེད་མོད། ང་དང་སྐུ་ཞོགས་(དགེ་སྔོང་)གཉིས་ལ་རིན་པ་གང་ཡང་བླངས་མ་སོང་། ད་དུང་ཨ་མ་རྒན་མོ་དེས། ཤ་ཚ་བའི་ངང་”ཨ་མེ་རི་ཀ་ལ་མ་བཤད།”ཅེས་ཕྱི་གླིང་མགྲོན་པོར་མི་བཤད་པའི་མངགས་བཅོལ་གནང་བྱུང།
མགྲོན་པོ་ཚོས་རང་དགར་ཉལ་ཁྲི་རེ་བདམས་ཏེ་ཉལ་འགོ་བརྩམས། གུར་ཁང་ནང་གི་ཉལ་ཆས་དང་ཉལ་གདན་སོགས་ཧ་ཅང་གཙང་ལ་མཐུག་ཅིང་དྲོ་བའི་ཁར། མགྲོན་པོ་ཚོའང་ཧ་ཅང་ཐང་ཆད་དྲག་པས་ཡུད་ཙམ་ནས་ཚང་མ་གཉིད་ཀྱི་ཞིང་ཁམས་སུ་ཆས་སོང་།
དེ་རིང་ནི་ཕྱི་ལོ་༢༠༠༩ལོའི་ཕྱི་ཟླ་༧པའི་ཚེས་༡༠་རེད།

               ཉིན་གཉིས་པ།
                 

______འཚོལ་ཞིབ་ཀྱི་ཉིན་དང་པོ།


   1༽ཐོག་མའི་འབྲེལ་ལམ།
ཕྱི་ཟླ་༧ པའི་ཚེས་༡༡ ཉིན་གྱི་ཞོགས་པའི་དུས་ཚོན་དྲུག་པ་ཙམ་ལ་སྤང་(Pang) ངམ་རྐྱང་དཀྱིལ་ཐང་ནས་ལམ་དུ་ཆས། སྣུམ་ནག་གི་གཞུང་ལམ་གྱིས་རྐྱང་དཀྱིལ་ཐང་ཞེས་པའི་ཐང་གཞུང་ཆེན་པོ་དེ་དཀྱིལ་ནས་གཤགས་ཤིང་། གཞུང་ལམ་དང་ཐག་མི་རིང་བའི་གཡས་གཡོན་གྱི་རི་རྩ་དག་ན་དུད་སྨུག་གིས་དུམ་པའི་སྦྲ་ནག་དང་ནོར་ལུག་གི་ཁྱུ་ད་དུང་ལྷོད་གྱི་ལེར་ཉལ་འདུག་ལ། སྦྲ་སྒོ་ན་སྐྱེས་པ་དང་བུ་སྨན་གང་ཡིན་གྱིས་མགོ་བོ་སྒུར་སྒུར་གྱིས་ཅི་ཞིག་བྱེད་བཞིན་པ་མཐོང་ཐུབ། ཕྱི་གླིང་བ་དག་གི་པར་ལེན་བྱད་མཆུ་རིང་རེ་ཕྱི་ལ་བཏོན་ཏེ་སྒེའུ་ཁུང་ལས་ས་གནས་དེའི་ཡུལ་ལྗོངས་དང་འབྲོག་ཁྱིམ་ཚོ་པར་ལེན་ལ་བྲལ། ངས་ཀྱང་པར་ཆས་ཆུང་ཆུང་དེ་བླངས་ཏེ་འདྲ་པར་འགའ་བླངས་པ་ཡིན།
སྔ་དྲོའི་དུས་ཚོད་༡༡ ཙམ་ལ་གནའ་བོའི་གྲོང་ཁྱེར་ལ་དྭགས་སླེའམ་གླེ་ཞེས་པར་འབྱོར། ཕྱི་ཚེས་༡༢ ཉིན་ཉམས་ཆགས་སུ་གྱུར་ཅིང་ལོ་རྒྱུས་ཡིག་ཆ་དག་ན་གོ་མེད་ཚོར་མེད་དུ་གྱུར་ཟིན་པའི་ཉར་མ་གཙུག་ལག་ཁང་གི་ལོ་རྒྱུས་རྒྱུ་ཆ་ཅུང་ཙམ་རེ་ཨེ་རག་བསམ་ནས་གྲོགས་པོ་དགེ་འདུན་དང་ལྷན་དུ་ལ་དྭགས་གླེ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་སྤྱི་ལེ་༡༨ ཙམ་གྱི་སར་ཡོད་པའི་ཁྲིག་རྩེའམ་ཁྲིག་སེ་དགོན་པ་དང་དེའི་ཉེ་འཁོར་ཀྱི་ས་གནས་དག་ཏུ་གནས་མཇལ་ལམ་འཚོལ་ཞིབ་བྱེད་དུ་སོང་། ད་ཐེངས་ནི་ང་ཁྲིག་རྩེ་དགོན་དུ་མཇལ་ཐེངས་དྲུག་པ་དེ་ཡིན་ལ།(ཁྲིག་རྩེ་དགོན་པའི་ཆགས་རབས་མདོར་བསྡུས་གཞན་དུ་འཆད།) ཁྲིག་རྩེ་དགོན་པ་མཇལ་ཚར་རྗེས་ལ་དྭགས་ཕྱོགས་སུ་ནང་པའི་གཙུག་ལག་ཁང་གི་ཐོག་མ། མི་ལོ་སྟོང་ཕྲག་སྔོན་དུ་ཕྱག་བཏབ་པའི་ཉར་མའི་གཙུག་ལག་ཁང་ཞེས་ཡོངས་སུ་གྲགས་པའི་གནས་ཆེན་དེའི་ཕྱོགས་སུ་སོང༌། གཙུག་ལག་ཁང་འདི་ནི་ཐོག་མར་རང་རེའི་བོད་ཁ་བ་གངས་ཅན་པ་རྣམས་ལ་བཀའ་དྲིན་བླ་མཐོ་བའི་ལོ་ཙཱ་བ་རིན་ཆེན་བཟང་པོས་(ཡོངས་གྲགས་)སྤྱི་ལོ་༩༩༦ ལོར་གུ་གེ་རུ་མཐོ་ལྡིང་ལྷ་ཁང་དང་པུ་ཧྲངས་སུ་ཁྭ་ཆར་རམ་འཁོར་ཆགས། མར་ཡུལ་ལ་དྭགས་སུ་ཉར་མའི་ལྷ་ཁང་གསུམ་དུས་གཅིག་ལ་རྨང་བཏངས་པ་ནས་དུས་གཅིག་ལ་གྲུབ་སྟེ་རབ་གནས་གནང་སྐོར་རྒྱལ་རབས་ལོ་རྒྱུས་ཆོས་འབྱུང་སོགས་ན་གསལ་བའི་གནས་ཆེན་ཉེར་མའི་གཙུག་ལག་ཁང་གི་གནའ་ཤུལ་དེར་མཇལ། འདི་ནི་ང་རང་ཉར་མའི་གནའ་ཤུལ་དེར་མཇལ་ཐེངས་གསུམ་པ་དེ་ཡིན་ལ།

གནས་ཆེན་དེར་ནི་སྔར་མཐོང་མྱོང་བའི་རྡོ་མཁར་དང་གཙག་ལག་ཁང་གི་ཤུལ་གྱི་གྱང་ཆགས། དེ་དང་མི་རིང་བའི་ས་ན་དུས་རབས་ཉི་ཤུ་བའི་དུས་འགོར་གསར་དུ་བཞེངས་པའི་ལྷ་ཁང་ཐོག་བརྩེགས་གཉིས་ཅན་ཞིག་བཅས་ལ་མཇལ་སྐོར་རེ་བྱས་ཀྱང༌། རང་ཉིད་ལ་མཁོ་བའི་གནས་ཆེན་དེའི་ཆགས་རབས་སྐོར་ཅི་ཡང་མཐོང་ཐོས་ཀྱི་ལམ་དུ་མ་གྱུར་སྟབས། གནའ་ཤུལ་དེ་དག་བསྐྱར་མཐོང་ཡང་མཐོང་བྱས་ཀྱང་ཤེས་ཚོར་གྱི་དོ་སྣང་གསར་པ་གང་ཡང་མེད་སྣང་ཞིག་ངང་གིས་ཤར། དེ་ནི་ཐེངས་སྔོན་མ་བཞིན་ལོ་རྒྱུས་ལ་རྒྱུས་མངའ་ཅན་ཞིག་དང་ཡང་ན་ངག་རྒྱུན་ཐར་ཐོར་རེ་ཤེས་མཁན་ད་ཡང་མ་ཐུག་པས་ལོས་ཡིན། གང་ལྟར་སྔར་མཐོང་མྱོང་བའི་རྡོ་མཁར་དང་གྱང་ཆགས། བཤིག་རལ་དུ་གྱུར་བའི་ལྷ་རྟེན་རྙིང་པ་དེ་ཚོ་པར་རེ་བླངས་ཏེ་ཕྱིར་ཡོང་བ་ཡིན།
ལམ་བར་དུ་རྒན་མོ་ལོ་དྲུག་ཅུ་ནས་བདུན་ཅུ་ཙམ་ཡིན་ཤག་ཅིག་དང་འཕྲད་པ། ཉར་མའི་སྐོར་གྱི་དྲི་བ་འགའ་བཀོད་པར། གསུང་ལན་ཡ་མཚན་པ་འགའ་དང༌། ད་དུང་”ཁྲིག་རྩེ་དགོན་པའི་ཉེ་འདབས་སུ་རྡོ་རྗེ་ཆེན་མོའི་ལྷ་བ་(སྐུར་བརྟེན)བཞུགས་ཡོད་པས་ཁོང་ལ་དྲིས་དང་མཁྱེན་ངེས་རེད་”ཅེས་གསུངས་བྱུང༌། རྨ་བྱའི་རྣ་བར་འབྲུག་སྒྲ་ཟེར་བའི་དཔེ་བཞིན་ངེད་གཉིས་དགའ་བཞིན་ཉེ་འགྲམ་གྱི་ཚོང་ཁང་ཆུང་ཆུང་དེ་ལས་ཁ་བཏགས་ཨ་ཤི་གཅིག་དང༌མར་འོ་མ། ཤིང་ཏོག་གི་ཁུ་བ་སོགས་ལགས་རྟགས་ཅུང་ཙམ་ཉོས་ཏེ་སྐུར་བརྟེན་འཚོལ་དུ་སོང་བ་ཡིན། རྡོ་རྗེ་ཆེན་མོའི་ལྷ་བ་ཞེས་མི་འགར་དྲིས་པ་བརྒྱུད། ལམ་འགྲམ་གྱི་ཚོང་ཁང་ཆུང་ཆུང་ཞིག་གི་ཁྱམས་ཤ་ན་མི་འགའ་ཡོད་པ་ཞིག་བསྟན་བྱུང༌བ་དེར་སྐད་ཆ་འདྲི་སྐབས། ཧ་ལམ་མི་ལོ་བཞི་ཅུ་ཞེ་ལྔ་ཡས་མས་ཙམ་ཡིན་པ་ཞིག་གིས་„ལྷ་བ་ང་ཡིན་” ཞེས་གསུངས་བྱུང་བར། ངེད་གཉིས་འཚུབ་ཆ་ལངས་ཏེ་ལག་རྟགས་འབུལ་རྒྱུའང་བརྗེད་དེ། ཐད་ཀར་རང་ལ་མཁོ་བའི་དྲི་བ་འགའ་བསྟུད་མར་བཀོད་ཀྱང༌། ཁོང་ལའང་བདག་གིས་སྔར་གོ་ཐོས་སུ་གྱུར་པ་དག་ལས་གཞན་བཀའ་ལན་གསལ་པོ་ཞིག་གསུང་རྒྱུ་མི་འདུག་པས། ཅུང་ཙམ་ནས་གྲོགས་པོས་མིག་བརྡ་དང་ལྷན་དུ་ལྷ་བར་ཞལ་གྱེས་ཞུས་པ་ཡིན།
ཕྱིར་ལོག་གི་ལམ་ཁར་ གྲོགས་པོས་བསམ་ཚུལ་བཞིན་དེར་ཡོད་པའི་མཚན་ཉིད་སློབ་གྲྭའི་དགེ་རྒན་དགེ་བཤེས་གྲགས་པའི་དྲུང་དུ་ཕྱིན་པ་ཡིན། གསུང་ངག་འཇམ་ཞིང་སྤྱོད་པ་རབ་ཏུ་དུལ་བའི་དགེ་བཤེས་གྲགས་པས་འཚམ་འདྲི་དང་བཅས་གསོལ་ཇ་མངར་མོ་དང་ཀ་ར་གོ་རེ་མདུན་དུ་བཞག་སྟེ་སྣེ་ལེན་གནང་བྱུང༌། གསོལ་ཇ་ཞིམ་པོ་དེ་འཐུང་ཞོར་དུ་གྲོགས་པོས་ང་རང་ངོ་སྤྲོད་དང་འབྲེལ་ད་ཐེངས་འདིར་ཡོང་དོན་རོབ་ཙ་ཞུས་པ་དང་། དགེ་བཤེས་ལགས་ཀྱིས་ངའི་དཀར་ཡོལ་ནང་དུ་ཇ་བསྣོན་བཞིན དུ། “ཧེ་ཧེ། ཡག་པོ་འདུག ཡག་པོ་འདུག”ཟེར་བཞིན་ཁོང་གིས་གང་ཤེས་ཀྱི་ངག་རྒྱུན་དང་དེ་དང་འབྲེལ་བའི་ལོ་རྒྱུས་ཡིག་རིགས་ཅི་ཡོད། ལ་དྭགས་ཕྱོགས་ཀྱི་མཁས་པ་སུ་དང་སུ་གང་དང་གང་ལ་དམིགས་གསལ་གྱིས་མཁྱེན་དཔྱོད་ཡངས་པ་སོགས་མང་པོ་ཞིག་གསུངས་བྱུང་བ་རྣམས་རེ་རེ་བཞིན་ངའི་ཧེབ་ཀྱི་སྒྱེ་མོ་ནང་དུ་བླུགས་ཅི་ཐུབ་ཀྱིས་ཟིན་ཐོར་བཀོད་པ་ཡིན། ད་དུང་དགེ་བཤེས་ཁོང་གིས་གསུང་ངག་འཇམ་པོས་ངང༌། “ད་དུང་ཁྱེད་གཉིས་ས་ཕུད་དགེན་ཐུབ་བསྟན་ལགས་ཀྱི་རྩར་བཅར་དང༌། དགེ་བཤེས་ཁོང་ལ་གསུང་རྒྱུ་མང་པོ་ཡོད་ཡོད་པ་རེད། ངས་མངགས་སོང་ཞེས་ཞུས་དང་འགྲིག་གི་རེད།”ཞེས་དགེན་ས་ཕུད་པ་ངོ་སྤྲོད་ཀྱང་གནང་བྱུང༌།
ད་ནངས་ཞོགས་པ་ལམ་ལ་ཆས་དུས་ཀྱི་བློ་དོགས་ནས་དེ་རིང་ཉིན་གང་བོར་ཅི་ཡང་བྱུང་མ་སོང་སྙམ་པའི་བློ་དེ་རྩ་ཡལ་དུ་གྱུར་ཏེ། ད་ནི་གྲོགས་དགེ་འདུན་དང་ངེད་གཉིས་ཀྱི་གདོང་ཡོངས་འཛུམ་གྱིས་ཕྱུག་ཅིང༌། རླངས་འཁོར་ཆུང་ཆུང་དེའང་ས་ཕུད་ཕྱོགས་སུ་འཐེན་པའི་སྣུམ་ནག་གི་གཞུང་ལམ་སྟེང་དུ་ཁ་བསྐོར་བ་དང་སྔར་ལས་བདེ་ཞིང་མགྱོགས་པའི་སྣང་བ་ཞིག་ངང་གིས་སྟེར། རླངས་འཁོར་གྱི་སྒེའུ་ཁོང་ལས་ཕ་ཡུལ་གྱི་”ལ་གཞས”ལེན་པའི་སྒྲ་(གྲོགས་དགེ་འདུན་ལ་ཕ་ཡུལ་གྱི་ལ་གཞས་ཀྱི་སྒྲ་ཐག་རྙིང་པ་ཞིག་ཡོད་པ་དེར་ཉིན་རྒྱུན་ཉན་གིན་འདུག་ལ། དེའི་ཚིག་མང་ཆེ་བ་ཁོའི་བློ་ཐོག་ལ་འཇག་འདུག་པ་འདྲ།) དང་ངེད་གཉིས་ཀྱི་ཚིག་འབྲུ་མི་གསལ་བའི་གདངས་དབྱངས་མཉམ་དུ་འཕུར་ཏེ་ས་ཕུད་ལུང་པའི་གང་སར་ཐིམས་སོང༌། 


             ཕྱི་ལོ་༢༠༠༩ ཟླ་༧ པའི་ཚེས་༡༡ ཉིན་མར་ཡུལ་ལ་དྭགས་གླེ་རྒྱལ་སར་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།