གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡོ་རོབ་གླིང་ཏུ་འབྲོག་པའི་འབྲི་གཡག་ཉོས་པ།

2013-10-14 19:46:00 སོག་མདའ། ཀློག་གྲངས། མཆན ཡོད།

  
  ཕ་ཡུལ་བཞག་ནས་མི་ཡུལ་གྱར་བའི་མི་ཞིག་ལ་མཚོན་ན་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་ཕ་མ་སྤུན་མཆེད་སོགས་རིང་ནས་གྱེས་པས་ང་ལ་མཚོན་ན།སློབ་སྦྱོང་དང་ལས་ཀ་སྣ་མང་པོ་ཞིག་གི་གཡས་སྐོར་གཡོན་སྐོར་ཀྱི་་མི་ལོ་བཅུ་གསུམ་ལྷག་གི་མི་ཚེ་འདི་ལྟར་རྫོགས་ཞིང་།སྤྱི་ལོ་༢༠༡༡ལོར་སི་ལོ་བི་ནི་ཡ་ནས་ཡིན་པས་བཟའ་ཟླ་དབང་མོ་ལགས་གཉེན་སྒྲིག་བྱས་ནས་་ད་ལྟ་སི་ལོ་བི་ནའི་རྒྱལ་སའི་འགྲམ་གྱི་གྲོང་བརྡལ་ཆུང་ཆུང་ལྟ་ན་སྡུག་པ་རྒྱབ་རི་རི་བོ་དང་རི་བོ་ནགས་ཀྱི་བསྐོར་བ་།མདུན་ལ་མཚོ་མོ་འཁྱིལ་ཞིང་མཚོ་ལ་ཉ་མོ་དཀྱིལ་བ་།ཆུ་བྱ་དང་ཁྲུང་ཁྲུང་སོགས་རང་དགར་རྒྱུ་བའི་གནས་ཡུལ་འདི་རུ་གནས་སྡོད་བྱས་ཡོད་།ཉེ་ཆར་ང་དང་བཟའ་ཟླ་གཉིས་ཁྱིམ་མཚེས་རྒྱལ་ཁབ་གྱི་ཨོ་སི་ཁྲི་རི་ཡི་རུ་གཡག་ཡོད་པ་ཤེས་ནསསྤྱི་ལེ་སུམ་བརྒྱ་ལྷག་གི་སར་རླངས་འཁོར་བསྐོར་ནས་བལྟ་རུ་སོང་བ་ཡིན།སྤྱིར་སི་ལོ་བི་ནི་ཡ་ནི་རང་བྱུང་ལྟ་ན་སྡུག་ལ་སྟོད་ལ་རྫ་རི་མུ་ཁྱུད་ཀྱི་བསྐོར་ཞིང་བར་ནགས་ཀླུང་ཕྱུགས་མོ་རྒྱུ་བ་འགྲམ་ཏུ་དྭངས་གཙང་གི་ཆུ་བོ་ཤག་ཤག་འབབས་པའི་རང་བྱུང་མཛེས་པ་འཕྱུར་བ་ནི་ས་ཆ་འདིའི་རང་བཞིན།འདི་ལྟར་ཁྱིམ་མཚེས་རྒྱལ་ཁབ་ཨོ་སི་ཁྲི་རིའི་ཡ་ཡང་མཛེས་སྡུག་ལྡན་པའི་ས་ཆ་ཞིག་རེད།བཟའ་ཟླ་ངེད་གཉིས་རི་ལུང་དང་ལམ་ཆེན་ལམ་ཆུང་མང་པོ་བརྒྱུད་མཐར་།རི་བོ་ཅུང་མཐོ་ཞིངམཚོ་ངོས་ལས་མཐོ་ཚད་༡༤༠༠ལྷག་ཡོད་པའི་རི་ངོས་ཞིག་ཏུ་ཁྱིམ་ཚང་ཞིག་འདུག་ལ།ཕ་རྒན་་གྱི་མིང་ལ་བོ་གི་་ར་ཙི་དང་མ་རྒན་གྱི་མིང་ལ་ཨ་ནེ་ལས་ཙེ་ཟེར།དེ་རུ་གཡག་རྒོད་འམ་བོག་ཐུག་གཅིག་འབྲི་མོ་གཅིག་།འབྲི་མོ་དེ་ལ་གསར་ཏུ་་རྩེབས་པས་བེའུ་ཉིན་བདུན་སོང་བ་ཞིང་དང་།གཞན་ལོ་གཅིག་འགོར་བས་ཡ་རུ་ཞིག་བཅས་འདུག་པས།ཁོང་ཚོ་གཡག་གི་མིང་ལ་ཀེ་ལ་ཤ་དང་འབྲི་མོ་མིང་ལ་བཀྲ་ཤིས་བདེ་ལེགས།ཡ་རུ་མིང་ལ་ལྷ་ས་ཟེར།ངའི་འབྲི་གཡག་རྣམས་མཐོང་བས་མི་ལོ་བཅོ་གསུམ་ལྷག་མཐོང་མ་མྱོང་བའི་འབྲི་གཡག་དེ་དག་དངོས་སུ་མཐོང་བས་སེམས་ལ་བཤད་མི་ཤེས་པས་ཚོར་བ་ཞིག་དགའ་སྐྱོ་འདྲེས་མས་སེམས་ཡན་ཞིག་གི་ཁྲོད་ནས་རེ་ཞིག།ང་རང་བྱིས་དུས་ཕ་ཡུལ་རྩྭ་ཐང་གི་རྣམས་པ་སེམས་ལ་དབང་མེད་དུ་ཤར།འབྲི་གཡག་ཚོས་ཀྱང་་ང་མཐོང་བ་དང་།བདག་པོ་ངོ་མ་བཞིན་དུ་ངའི་གམ་ཏུ་ཡོང་བས།ངས་ཀྱང་ཁོང་གཉིས་ཀྱི་བསིགས་ཁ་དང་ཐོད་པའི་རྭ་བར་ལ་ལག་པས་བྱུགས་བྱུགས་པྱས་པ་ཡིན།འབྲི་གཡག་འདིཚོས་ང་ལ་འདི་འདྲའི་དུང་བ་ཞིག་སྟེར་དགོས་ཅི་ཞིག་ཡིན་ནམ།བོད་ཡུལ་དང་བྲལ་བའི་མི་ཡུལ་གྱི་ལུང་པ་འདི་ནས་ཁོང་ཚོ་སར་དམིགས་བསལ་གྱི་བལྟ་རུ་ཡོང་པས་རྒྱུ་མཚན་གྱིས་ཡིན་ནམ།ཡང་ན་ངའི་ལུས་ལ་བོད་ཆས་གྲལ་དག་ཞིག་གོན་ཡོད་པས་ཡིན་ནམ།གང་ལྟར་འབྲི་གཡག་འདི་ཚོ་དང་ངའི་བར་ན་འགྲེལ་བཤད་ཐུབ་པས་འབྲེལ་ཐག་དམ་པོ་ཞིག་གི་བཅིངས་འདུག།ང་ཚོ་ཁོང་ཚང་ཁྱིམ་ཏུ་འཛུལ་བས་གཡས་ཕྱོགས་སུ་བོད་ནས་ནམ་རྒྱུན་འབྲོག་ཁྱིམ་ཚོ་གོ་ཁ་བཏིངས་པས་བག་སྟན་ཞིག་བཏིངས་འདུག་པས།ང་ནི་རང་དབང་མེད་པར་དེའི་ཐོག་དཀྱིལ་ཀྲུང་ངང་འདུག་དགོས་བྱུང་བ་དང་ངའི་ཕ་ཡུལ་ཏུ་ཡང་བག་སྟན་ཡོད་པས་ལོ་རྒྱུས་བཤད་།ཨོ་སི་ཁྲི་ལི་ཡའི་ཁྱིམ་ཚང་དུ་མགྲོན་པོ་གལ་ཆེན་སླེབས་ཟ་མ་སྣ་མ་བཟོ་ཞིང་།དང་པོ་ཁུ་བ་དང་དེ་ནས་ཚལ་རིགས་དང་ཀོ་རེ་།དེ་ནས་མངར་ཟས་དང་ཤིང་ཏོག་སོགས་སྟེར་པས་སྲོལ་འདུག།འདི་ལྟར་ང་ཚོ་ཉིན་གུང་དྲོས་ཇ་འཐུང་ཚར་བས་རྗེས་སུ་ཡང་བསྐྱར་འབྲི་གཡག་ཚོ་བལྟ་རུ་སོང་ནས་འབྲི་གཡག་ཚོ་དང་ལྷན་དཔར་བླངས་པ་སོགས་བྱས་ནས་ཕྱིར་རང་ཁྱིམ་ཏུ་ལོག།།ཆུ་ཚོད་གསུམ་ལྷག་གི་རྗེས་སུ་རང་ཁྱིམ་ཏུ་འབྱོར།རང་ཁྱིམ་ཏུ་ཐོན་དུས་ངའི་ཁ་པར་གང་སར་བཙལ་ཀྱང་མ་རྙེད་པས་བོར་བརླགས་བྱུང་འདུག།བོར་བརླགས་བྱུང་ས་འབྲི་གཡག་ཅན་གྱི་ཁྱིམ་ཚང་ལས་ཕལ་ཆེར་འགྲོ་ས་མེད་པ་འདྲ།དེ་ནས་བཟའ་ཟླ་ངེད་གཉིས་ལབ་གླེང་སྣ་ཚོགས་ཀྱི་སྒོ་ནས་་ཁྱིམ་ཚང་དེར་ཡོད་པས་འབྲི་མོ་ཆུང་ཆུང་ཡ་རུ་མིང་ལ་ལྷ་ས་ཟེར་བ་དེ་ཉོ་རྒྱུ་གྲོས་ཐག་བཅད་ནས།ནོར་བདག་ལ་འབྲེལ་བ་བྱས་པ་དང་ངའི་ཁ་པར་ཀྱང་དེ་རུ་ཡོད་མེད་སོགས་སྐད་ཆ་དྲིས་པས།ཁོང་གིས་བཟའ་ཟླ་ངའི་ཁ་པར་ཀྱང་རྙེད་འདུག།ངའི་བཟའ་ཟླ་ལ་ཀུ་རེ་ལྷན་ཏུ་ངའི་ཁ་པར་དེ་རུ་བོར་བརླགས་སོང་བ་དང་ཡང་བསྐྱར་རྙེད་པ་ནི།ངེད་གཉིས་འབྲི་མོ་དེ་ཉོས་དགོས་པ་དང་ངེད་གཉིས་ཡང་བསྐྱར་ཁྱིམ་ཚང་དེ་རུ་འགྲོ་དགོས་བཀོད་སྒྲིག་རེད་ཅེས་ཀུ་རེ་ངང་བཤད།འདི་ལྟར་ཟླ་ངོ་གཅིག་གི་རྗེས་སུ་ངེད་གཉིས་ཡང་བསྐྱར་འབྲི་མོ་ཉོ་སའི་ཁྱིམ་ཚང་དེ་དངགཞན་ཁྱིམ་ཚང་གཞན་ཞིག་ཏུ་གཡག་ཞིག་ཀྱང་བཙོང་རྒྱུ་ཡོད་པས་དེ་རུ་སོང་ནས།འབྲི་གཡག་འདི་གཉིས་ཉོ་རྒྱུ་ཐག་གིས་བཅད་།
   དེ་ནས་ཉིན་འགའི་རྗེས་སྟེ་ཟླ་འདིའི་ཚེས་བཅུ་གསུམ་ཉིན་ཞོགས་པའི་ཆུ་ཚོད་བཞི་བའི་ཐོག་ཆེད་དུ་དུད་འགྲོ་སྒོ་ཟོག་སྐྱེལ་འདེྲན་བྱེད་མཁན་གྱི་རླངས་འཁོར་ཞིག་གླས་ནས་ཞོགས་པའི་མཁའ་རླུང་གཙང་ཞིང་གནམ་ན་སྐར་ཚོགས་ཀྱི་ཁེངས་པས་ཞོགས་སྔ་བོ་དེ་ང་དང་བཟའ་ཟླ་རླངས་འཁོར་བསྐོར་མཁན་གྱི་ཁ་ལོ་བཅས་ལམ་ལ་ཆས།ང་ཚོ་མཛེས་སྡུག་ལྡན་མའི་རི་ལུང་གང་མ་བརྒྱུད་མཐར་ཞོགས་པའི་ཆུ་ཚོད་བདུན་པ་ཙམ་ལ་འབྲི་མོ་ཉོ་སའི་ཁྱིམ་ཚང་ཏུ་འབྱོར་ཞིང་།ཁྱིམ་བདག་མས་ང་ཚོ་ཡོང་བ་ཤེས་པས་ཞོགས་ཇ་ཚིགས་ཇ་དང་ཀོ་རེ་དང་ཕྱུར་བ་སོགས་གྲ་སྒྲིག་གང་ལེགས་བྱས་འདུག།དེ་ནས་ང་ཚོ་ཞོགས་ཇ་འཐུང་ཞོར་ཡིག་ཆ་ཁ་ཤས་ཐོག་ས་ཡིག་རྒྱག་དགོས་པ་དང་།རྒྱལ་ཁབ་གཅིག་ནས་གཅིག་ལ་སྐྱེལ་འདྲེན་བྱེད་སྐབས་དེ་དགོས་པས་ཆ་རྐྱེན་རྣམས་ཡོང་སུ་ནོར་བདག་གི་བཟོས་ཚར་འདུག།འདི་ལྟར་ང་ཚོ་འབྲི་མོ་ཆུང་ཆུང་ལྷ་ས་་རླངས་འཁོར་ནང་བཅུག་པ་དང་།ནོར་བདག་གཉིས་ལ་ལྷ་སའི་་རྔ་མ་ནས་ཆུང་བཅད་ནས་ཁོང་གཉིས་ལ་ཁ་བཏགས་ཞིག་ལྷན་ཏུ་སྤྲད་པ་ཡིན།འདི་ནི་ང་ཚོ་བོད་ཀྱི་འབྲོག་ཕྱོགས་ཀྱི་སྲོལ་རྒྱུན་ཞིག་ཡིན་ལ་འབྲི་གཡག་བཙོང་བ་འམ་གཞན་ལ་སྟེར་བས་སྐབས་སུ་རྔ་མ་ནས་ཅུང་བཅད་ནས་ཉར་སྲོལ་ཡོད།འབྲི་གཡག་ཁྱེད་ཀྱི་ཁྱེར་ན་ན་གཡང་ངས་ཉར་བ་ཡིན་པས་སྲོལ་ཡིན་པ་དང་རྔ་མ་བཅད་པའི་རྔ་རྩིད་གཡང་མདའི་ནང་འདོགས་སྲོལ་ཡོད།འདི་ལྟར་ང་ཚོ་ཞོགས་པའི་ཉི་གཞོན་དང་ལྷན་ཏུ་ཁྱིམ་ཚང་དེ་རུ་ཁ་གྱེས་པས་སྐབས་སུ་ཁོང་བཟའ་ཟླ་གཉིས་ཀྱང་ཅུང་སེམས་པ་སྐྱོ་གི་འདུག་ལ།ང་ཡང་སེམས་ལ་སྐྱོ་བའི་རྣམས་པ་ཞིག་ཤར་བྱུང།འབྲི་མོ་ཆུང་ཆུང་ཕ་མ་གཉིས་དང་ཁ་བྲལ་ནས་མི་ཡུལ་གཞན་ཞིག་ལ་འགྲོ་དགོས་བྱུང་སོང་་བསམ་པས་ཡིན།ཡིན་ན་ཡང་ངའི་སེམས་སུ་ངའི་འབྲི་མོ་ཆུང་ཆུང་འདི་ལ་རང་ག་ི་བུ་ཕྲུག་བཞིན་གཉོར་སྐྱོར་བྱེད་རྒྱུ་ཡིན་བསམ་པས་ཚོར་སྣང་ཞིག་རང་བཞིན་གྱིས་སེམས་སུ་ཤར།འདི་ལྟར་ཁྱིམ་ཚང་འདི་དང་ཁ་གྱེས་ནས་ཆུ་ཚོད་གཅིག་གི་རྗེས་སུ་གཡག་ཉོ་སའི་ཁྱིམ་ཚང་དེ་རུ་འབྱོར་ཞིང་དེ་ཡང་མཚོ་ངོས་ལས་མཐོ་ཚད་དྲུག་བརྒྱ་ལྷག་རེད་འདུག་ལ།ཁྱིམ་ཚང་དེ་ལ་ཁྱོན་བསྡོམས་འབྲི་གཡག་བཅུ་ལྷག་འདུག་ལ།ངས་ཉོས་པའི་གཡག་ནི་འབྲི་མོ་དང་ལོ་མཉམ་རེད།ཁོང་གི་ཁང་བའི་ཕྱོགས་གཅིག་ལ་བོད་ལྟར་རྡོ་ཡི་བརྩིགས་མཐོན་པོ་བརྩིགས་ཞིང་དེའི་ིཐོག་ལ་དར་ལྕོག་འཐེན་ནས་བོད་ཀྱི་རྣམས་པ་ཡོང་ཅི་ཐུབ་བྱས་འདུག།ཁོང་ནི་བོད་ལ་ཆ་རྒྱུས་ཧ་ཅང་འདུག་ལ་ལ་ལ་དྭགས་སོགས་སོགས་ཡུན་རིང་འགྲོ་མྱོང་བ་མ་ཟད་བོད་ལ་ཡང་འགྲོ་མྱོང་བ་ཞིག་རེད།ཁོང་གིས་བོད་ལ་ཧ་ཅང་གི་དགའ་བོ་བྱེད་ཀྱི་འདུག་ལ་བོད་མི་ལ་དེ་བས་ཀྱང་ཤ་ཚ་བྱེད་བཞིན།དེའི་རྒྱུ་མཚན་གྱིས་འབྲི་གཡག་འདི་དག་ཀྱང་ཉར་འདུག།
   འདི་ལྟར་ང་ཚོ་སླར་ཡང་ཡིག་ཆ་སོགས་རྩིས་ལེན་བྱས་པ་དང་ཁ་བརྡ་ལབ་གླེང་གང་འཚམས་ཁྲོད་ནས་གཡག་ཀྱང་རླངས་འཁོར་ནང་བཅུགས་ནས་ལམ་ལ་ཆས་ཞིང་ཕྱི་དྲོ་ཆུ་ཚོད་བཞི་པས་ཐོག་བདེ་ལེགས་རང་ཁྱིམ་ཏུ་འབྱོར།འདི་ལྟར་བོར་བརླགས་བྱུང་པས་ཁ་པར་ཡང་ཕྱིར་་རྙེད་པ་དང་་འབྲོག་པའི་རྩྭ་ཐང་ནས་འཚར་ལོངས་བྱུང་ཞིང་རྟ་ནོར་ལུག་གསུམ་ལྷན་གཉོམ་ལག་རྒྱས་པའི་འབྲོག་ཕྲུག་ཅིག་མི་ལོ་བཅུ་གསུམ་རྗེས་སུ་མི་ཡུལ་གྱི་ལུང་པ་ནས་སླར་ཡང་དུང་སེམས་དང་བརྩེ་བ་ཟབ་པའི་འབྲི་གཡག་དང་ལྷན་ཏུ་འཛོམས།
             ༢༠༡༣་༨་༡༦་ཉིན་རང་ཤག་ནས་ཤར་མར་ཡི་གེར་ཕབ།
 

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།