གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་བླ་བཙུན་འགའ་ལ་ཕུལ་བའི་འཕྲིན།

2013-10-06 14:16:00 འབེ་རྡོར། ཀློག་གྲངས། མཆན ཡོད།

   ཉེ་བའི་ལོ་འགའི་རིང་ལ་བོད་ཀྱི་བླ་བཙུན་སྐོར་ཞིག་གིས་འབྲོག་པར་འབྲོག་ལས་རྣལ་མ་ཞིག་དང་རོང་བར་རོང་ལས་ཡང་དག་ཅིག་བྱེད་དུ་འཇུག་པ་མ་རེད། ཁོ་ཚོས་ཟོག་ལུག་སོགས་བཤའ་བའམ་བཙོང་བ་སོགས་ཏེ།བོད་པ་ཞིག་གིས་ངེས་པར་དུ་སྒྲུབ་དགོས་པའི་ཐོན་སྐྱེད་བྱེད་སྟངས་ལ་བཀག་འགོག་བྱས་པའི་དབང་གིས་ས་གནས་མང་པོ་ཞིག་གི་རོང་འབྲོག་མང་ཚོགས་ཀྱི་འཚོ་བར་དཀའ་ཁག་བཟོ་བཞིན་འདུག  དེ་ཡང་རྒྱུ་མཚན་གང་འདྲ་ཞིག་རེད་ཟེར་ན།  བོད་ཡུལ་ནི་འབྲོག་ལས་གཙོ་བོར་གྱུར་ཅིང་ཞིང་ལས་ཅུང་ཙམ་དར་བའི་ས་ཁུལ་ཞིག་ཡིན་པ་དང་། དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོ་ནི་ཕྱུགས་ལས་ཐོན་རྫས་ཡིན།  གལ་ཏེ་ཤ་མར་འོ་ཆུར་དང་བལ་རྩིད་ཁུལ་ལུ་ཐད་ནས་ལས་བསྣོན་བྱེད་པའི་བཟོ་གྲྭ་དང་ཁེ་ལས་སོཊ་བཙུཊ་ནས་མི་རིཊ་འདི་འཕེལ་རྒྱས་སུ་མ་བཏང་ན་གཞན་པའི་ཕྱོགས་ནས་ང་ཚོ་ལ་ཐབས་གཞན་ཅི་ཡང་མེད་དེ་ང་ཚོའི་འཚོ་བའི་སྒྲིག་གཞི་གཙོ་བོ་ནི་འབྲོག་ལས་ཡིན། འབྲོག་པས་འབྲོག་ལས་མི་བྱེད་པ་དང་རོང་བས་ཞིང་ལས་མི་གཉེར་བ། ཉ་བས་ཉ་ལས་མི་བྱེད་པ།  ཚོང་བས་ཚོང་ལས་མི་བྱེད་པ། ཆོས་པས་ཆོས་མི་སྒྲུབ་པ། ལས་བྱེད་པས་རང་བབས་ཀྱི་ལས་མི་བྱེད་པ།  བཟོ་བས་བཟོ་ལས་མི་བྱེད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་དང་འགལ་བ་མ་ཡིན་ནམ། གལ་ཏེ་སྡིག་ལས་ལ་སྐྲག་ཟེར་ནས་མི་བྱེད་ཟེར་ན་ཁྱོད་ཀྱིས་འོ་མ་མ་འཐུང་། མར་ཡང་མ་ཟ། ཟ་མ་ཡང་མ་ཟ་སྐམ་པོར་སྡོད་དང་། འཇིག་རྟེན་འདིར་ཁྱོད་ཀྱི་ཁ་ཟས་སུ་རང་བཞིན་གྱིས་གྲུབ་པ་ཞིག་ཡེ་ནས་མེད་པ་དང་། འབྲི་མཛོ་མོའི་འོ་མའང་བེའུ་དང་རྟོལ་ལུའི་ཆེད་དུ་དེ་དག་གི་ཤ་གསེང་ནས་ཐོན་པ་ཡིན་གྱི་ང་ཚོ་ལ་སྦྱིན་པ་གཏན་ནས་མིན། ཁྱོད་ཚོས་ལྟོས་དང་། འབྲི་མཛོ་མོ་བཞོ་ཐེངས་རེར་བེའུ་དེ་དག་སྡུག་ལ་སྦྱོར་བ་མ་རིག་གམ། ཡང་ན་དེ་དག་སྙིང་རྗེ་སྐྱེས་ཡུལ་དུ་གྱུར་བའི་སེམས་ཅན་མ་ཡིན་ནམ། འབྲུ་རིགས་དང་སྔོ་ཚལ།ཤིང་ཏོག་སོགས་ཟོས་པས་ཆོག་ཟེར་ན།དེ་དག་ཀྱང་ང་ཚོའི་ཆེད་དུ་མ་ཡིན་སྟེ། དེ་དག་གི་རྒྱུན་ཕྱི་མ་བསྐྱེད་པའི་ཕྱིར་ཡིན། ང་ཚོས་དེ་དག་རང་གི་ཁ་ཟས་སུ་བྱེད་པ་ལས་ང་ཚོར་སུས་ཀྱང་ཕུལ་བ་ནི་མེད། ང་ཚོས་དེ་དག་འདེབས་འཛུགས་བྱེད་དུས་ལོ་ལེགས་ཀྱི་ཆེད་དུ་ས་རྐོ་རྡོ་སློག་དང་སྔོ་འབལ་འབུ་གསོད་སོགས་སྡིག་ལས་གང་འདྲ་ཞིག་བྱེད་ཡོད་པ་རོང་བའི་བུ་བུ་མོའི་ལག་པར་ལྟོས་དང་ཤེས་ངེས་རེད།  གཞན་ཡང་ཁྱོད་བླ་བཙུན་འགའ་རེས་དེ་ལྟར་བྱེད་ཀྱང་ཆོག་ལ་བྱེད་ཀྱང་ཐུབ་ངེས་ཡིན་ཏེ། བོད་ཀྱི་ཁ་དཔེ་ལ་སྟོན་པ་གར་སོང་སྟོན་སྐལ་རེད། སྟོན་པའི་ཡུལ་ནི་དཔྱིད་ཀ་རེད་ཅེས་ཟེར་སྲོལ་ལྟར་སྟོན་པའི་ན་བཟའ་དང་དམ་པའི་ཆོས།  དད་ལྡན་མང་ཚོགས་ཀྱི་བཀའ་དྲིན་གྱིས་ཟས་རང་འགྲུབ་དང་གོས་རང་འགྲུབ་ཡིན་པ་རེད།  འོན་ཀྱང་བོད་མི་རིགས་ཡོད་ཚད་དེ་ལྟར་མ་ཡིན་པས། དེ་དག་གི་འཚོ་བའི་སྒྲིག་གཞི་ལ་གནོད་པ་ཡོད་པའི་བྱ་བ་ཞིག་གཏན་ནས་མ་བསྒྲུབ་ཨང་། མཐོ་རུས་དང་ཐམས་ཅད་མཁྱེན་པའི་ཆེད་དུ་བོད་ཐམས་ཅད་གྲྭ་བ་དང་ཇོ་མོ་བྱས་ཏེ་བོད་རིགས་རྩ་མེད་དུ་གྱུར་ན་དེ་ནི་མི་རིགས་ཤིག་གི་ནག་ཉེས་ཡིན་ལ། རང་ཉིད་ཀྱི་ཕྱི་མ་ཕྱི་མའི་ཆེད་དུ་མི་རིགས་འདིའི་དཔལ་འབྱོར་སྒྲིག་གཞི་ལ་གནོད་པ་བཟོས་ན་ནི་མི་རིགས་འདིའི་ཉེས་ཅན་ཡིན་པ་ནི་སྨྲས་མ་དགོས་པ་ཞིག་རེད།  དེས་ན་ཆོས་པས་དགོན་པ་ནས་ཆོས་ཡག་པོ་ཞིག་བསྒྲུབ་རྒྱུ་དང་ཁྱིམ་པས་ཁྱིམ་གཞི་ཡག་པོ་ཞིག་བསྐྱངས་ནས་མི་རིགས་འདིའི་རྒྱུན་བསྐལ་བའི་བར་དུ་བསྲིང་རྒྱུ་ནི་ཁྱིམ་པ་བས་བྱ་བ་ཡིན། ཁྱིམ་པས་ཆོས་པར་ཐེ་གཏོགས་བྱེད་པ་དང་ཆོས་པས་འཇིག་རྟེན་ལ་ཐེ་གཏོགས་བྱེད་ན་ནི་ཆོས་སྲིད་གཉིས་ཉམས་པའི་སྔ་ལྟས་ཡིན་པར་འདོད་སྙམ་མོ། །
གཞན་ཡང་རྒྱུ་སྟོབས་ཆེ་བའི་བླ་བཙུན་འགའ་རེས་སྐྱ་སེར་མང་བོ་ཞིག་གི་འཚོ་བའི་ཐད་རོགས་རམ་རབས་དང་རིམ་པ་བྱེད་མུས་སུ་ཡོད་པ་ནི་དགའ་འོས་པའི་བྱ་བ་ཞིག་ཡིན་ནའང་མི་རིགས་ཤིག་གི་ལས་དབང་དང་མ་འོངས་པའི་མདུན་ལམ་ལ་བཅོས་བསྒྱུར་རྩ་བ་ནས་བྱེད་ག་ལ་ཐུབ།མི་རིགས་ཤིག་གི་མདུན་ལམ་ནི་མི་ཚོགས་ཆེ་གེ་མོའམ་མི་རབས་གཅིག་གཉིས་ཙམ་མ་ཡིན་པར་ཆུ་བའི་རྒྱུན་དང་འདྲ་བའི་མི་རིགས་དེའི་བུ་རབས་ཚ་རྒྱུད་སོགས་མི་རིགས་དེ་མ་འཇིག་བར་གྱི་བྱ་གཞག་ལ་གོ་དགོས་པས།མི་གཅིག་གཉིས་ཙམ་གྱིས་ལེགས་འགྲུབ་ཡོང་བའི་བྱ་གཞག་ཅིག་གཏན་ནས་མིན། དེའི་ཕྱིར། མི་རིགས་ཤིག་གི་འཚོ་བའི་སྒྲིག་གཞི་ཇེ་ལེགས་དང་ཇེ་བཟང་གཏོང་རྒྱུ་ནི་མི་རིགས་ཤིག་གི་རྩ་བའི་འོས་འགན་ཡིན་ན།འཚོ་བ་ནི་ཚེ་སྲོག་གི་རྒྱུན་ཐག་དང་ཡོད་ཚད་ཀྱི་རྨང་གཞི་ཡིན་ཕྱིར།འཚོ་བའི་རྨང་གཞིའི་སྟེང་ནས་ད་གཟོད་ཆོས་ལུགས་དང་ཆབ་སྲིད། དམག་དོན་དང་རིག་གནས་སོགས་བཤད་ཆོག་པ་ལས། འཚོ་བ་དང་མ་འབྲེལ་བའི་ཆོས་ལུགས་དང་ཆབ་སྲིད། དམག་དོན་དང་རིག་གནས་ཤིག་བཤད་དུ་མེད་དོ། །
འདི་ནས་ངས་བོད་ཀྱི་བླ་བཙུན་རྣམས་ལ་ཡང་ཡང་ཞུ་བ་བྱེད་རྒྱུ་ནི་ཕ་མེས་ཡང་མེས་ནས་རྒྱུ་ཡོང་བའི་གདོང་དམར་བོད་ཀྱི་འཚོ་བ་རོལ་སྟངས་འདི་དང་།དེ་ལས་བྱུང་བའི་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་འདི་ང་ཚོའི་ལག་ནས་མི་ཤོར་བ་ཞིག་བྱེད་རྒྱུ་མཁྱེན་མཁྱེན་ཞུ་བ་ཡིན་ནོ།  །
                              ༢༠༡༢ལོའི་ཟླ་༡༢པའི་ཚེས་༡༤ཉིན་ལ་ཕུལ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།