གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེན་པ་འཚོལ་བ།

2013-09-11 11:40:00 བྲག་གཞིས་བུ། ཀློག་གྲངས། མཆན ཡོད།

 

  བརྩེ་བའི་སློབ་གྲོགས་རྣམ་པ། དེ་རིང་ང་ཚོ་བདེ་སྡུག་མ་གཅིག་པའི་མི་མང་པོ་ཞིག་འདིར་འཛོམས་ནས་གནད་དོན་ཅི་ཞིག་ལ་གྲོས་འཆམས་ཡོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་དམ། ཅིའི་ཕྱིར་ང་ཚོའི་བསམ་བློ་དང་། སྐད་ཆ་མང་པོ་ཞིག་གཞི་གཅིག་ཏུ་འབབ་དགོས་སམ། གླེང་སྟེགས་འདིའི་ཐོག་ངས་ ”བདེན་པ་འཚོལ་བ་” ཞེས་པའི་བརྗོད་གཞི་དང་འབྲེལ་ཏེ་སྐད་ཆ་ཤོད་དགོས་པ་རེད། ང་ཚོ་ཚང་མ་བདེན་པ་ཞེས་པའི་ཐ་སྙད་འདིར་ཧ་ཅང་དགའ་པོ་ཡོད། དེར་བརྟེན་དུས་རྒྱུན་མི་མང་འདུ་འཛོམས་ཀྱི་དབུས་སུ་ལངས་ནས་གཏམ་བཤད་བྱེད་མཁན་སྐད་ཆའི་ཚོང་དཔོན་དེ་ཚོས་རང་གི་སྐད་ཆའི་ནང་བདེན་པར་དགའ་པོ་ཡོད་པའི་རྣམ་འགྱུར་ཐོན་ཐབས་ལ་འབད་པ་བྱེད་ཀྱི་ཡོད། གལ་ཏེ་གཏམ་བཤད་པའི་སྐད་ཆའི་ནང་བདེན་པ་མཚོན་པར་བྱེད་པའི་ཐ་སྙད་འགའ་ཤས་ཐོན་ཚེ་ལམ་སང་གཤམ་འོག་གི་མི་མང་ཚོས་དགའ་བསུ་ཞུ་ངེས་ཡིན།
    སྣང་ཚུལ་འདི་དག་ལས་ང་ཚོ་ཚང་མས་བདེན་པར་དགའ་པོ་བྱེད་ཀྱི་ཡོད་པ་ཤེས་ཐུབ། ང་ཚོས་བདེན་པར་དགའ་པོ་བྱེད་པའི་རྒྱུད་རིམ་ལ་བསམ་བློ་གཏོང་སྐབས། དེ་ནི་རྒྱུན་གཏན་ཞིག་ལས། བདེན་པར་དགའ་པོ་བྱེད་དགོས་དོན་གང་ཡིན་པ་དང། ད་བར་བདེན་པར་དགའ་པོ་བྱས་པ་འདི་དོན་ངོ་མའི་བདེན་པར་དགའ་བ་ཞིག་ཡིན་དང་མིན་གྱི་ཐད་ལ་བསམ་གཞིག་སུས་ཀྱང་བྱས་མེད། དེ་ལྟར་ན་ང་ཚོས་བདེན་པ་ངོས་འཛིན་ཇི་ལྟར་བྱ་རྒྱུ་ཡིན། དུས་རྒྱུན་བློ་མཐུན་མང་པོའི་གཏམ་བཤད་ནང་བདེན་པ་བདེན་ཐུབ་དང་། དྲང་པོ་དྲང་གཞག ངོ་ལྐོག་རྒྱབ་མདུན་མེད་པ། ཕྱོགས་ལྷུང་མེད་པ། གཡོ་ཟོལ་མེད་པ། ཁ་རི་ཁ་ཐུག་བྱེད་དགོས་ཞེས་མ་ཎི་བགྲང་པ་ལྟར་གསུང་གི་ཡོད། ཁོང་རྣམ་པའི་གཏམ་བཤད་ཀྱི་བར་གསེང་ནས་ཐ་སྙད་འདི་དག་ཐོན་ཐེངས་རེར་ཁྱེད་རྣམ་པས་མགོ་བོ་ལྕོག་ལྕོག་གིས་མོས་མཐུན་ཡི་རངས་བྱས་པ་གྲངས་མེད་རེད།
    ཡིན་ན་ཡང་ཉིན་ཞིག་སྙན་ཞིང་ཡིད་དུ་ཐད་པའི་ཐ་སྙད་འདི་ཚོ་དང་འབྲེལ་བའི་གནད་དོན་དངོས་སུ་རང་གི་མདུན་དུ་ལྷག་ཡོང་སྐབས་དང་ལེན་བྱ་རྒྱུའི་རྣམ་འགྱུར་ནི་དེ་རིང་གི་རྣམ་འགྱུར་བཞིན་འཛུམ་མདངས་ལྡན་པ་ཞིག་ཡིན་སྲིད་དམ། དཔེར་ན། ང་ཚོར་བདེན་པ་བདེན་ཐུབ་དང་། དྲང་པོ་དྲང་གཞག་བྱེད་དགོས་ཞེས་བཀའ་སློབ་གནང་མཁན་གྱི་དགེ་རྒན་ཆེན་མོ་བ་དེའི་མདུན་དུ་སློབ་ཕྲུག་ཅིག་གིས་ཁ་རི་ཁ་ཐུག་དང་ངོ་ལྐོག་རྒྱབ་མདུན་མེད་པའི་བསམ་འཆར་ཞིག་ཞུས་ན་སེམས་བསམ་པའི་གཏིང་ནས་སྤྲོ་སྣང་གིས་མདུན་བསུས་ཏེ་དང་ལེན་ཞུ་ཐུབ་མཁན་གྱི་དགེ་རྒན་ག་ཚོད་ཡོད་དམ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། མངོན་སུམ་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། །ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ། །ཞེས་ཉམས་མྱོང་གི་སྡོམ་ཚིག་སྐྱོན་ཡོད། འདིས་བདེན་པར་དགའ་བའི་ང་ཚོའི་མདུན་དུ་ནམ་ཞིག་བདེན་པ་མངོན་སུམ་དུ་འཕྲད་ཚེ་དང་ལེན་བྱེད་ཁག་པོ་ཡོད་པ་འགྲེལ་བརྗོད་གནང་འདུག དེས་ན་མཁས་དབང་ཁོང་གིས། མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ། །ཞེས་སྒྲིབ་བྲལ་སྐྱོན་མེད་ཀྱི་བདེན་པ་གཅེར་བུ་ཞིག་རང་གི་མདུན་དུ་མངོན་ཚེ་འཇིགས་སྣང་སྐྱེ་སྲིད་ཅེས་གསུངས། དེར་བརྟེན་དོན་དམ་པའི་བདེན་པ་ཁས་ལེན་བྱ་རྒྱུ་ནི་བདེན་པ་མཚོན་བྱེད་ཀྱི་ཐ་སྙད་ཁས་ལེན་བྱེད་པ་ལས་ལྡབ་འགྱུར་གྱིས་དཀའ་བ་རེད།
    ང་སློབ་ཆུང་འགྲིམ་སྐབས་སློབ་དེབ་ནང་ ”ཡི་ཧུང་འབྲུག་ལ་དགའ་བ།” ཞེས་པའི་རྒྱའི་གཏམ་རྒྱུད་ཅིག་ཡོད། གཏམ་རྒྱུད་དེའི་ནང་གི་མི་སྣ་”ཡི་ཧུང་”ཞེས་པ་དེ་དུས་རྒྱུན་འབྲུག་ལ་ཧ་ཅང་དགའ་པོ་ཡོད། ཁོས་རང་ཉིད་སྡོད་གནས་ཀྱི་ཁང་པའི་གྱང་འདེབས་དང་། ཐོག་ངོས་ཚང་མར་འབྲུག་གི་རི་མོ་བྲིས་ཡོད་པ་མ་ཟད། སྒོ་ཡོལ་དང་། ཤེལ་ཡོལ། ས་གདན། ཉལ་གདན། སྔས་མགོ་སོགས་ཚང་མའི་སྟེང་དུ་འབྲུག་གི་རི་མོ་ཡོད། ད་དུང་གྱོན་གོས་དང་། ཕོར་པ་ཡན་ཆད་ཀྱང་འབྲུག་རིས་ཅན་ཤ་སྟག་ཡིན། ཁོས་ད་དུང་མི་གཞན་ལ་འབྲུག་གི་གཏམ་རྒྱུད་ཤོད་པ་སོགས་བྱས་ཏེ་རང་ཉིད་འབྲུག་ལ་ཧ་ཅང་དགའ་པོ་ཡོད་པ་མཚོན་པར་བྱེད་ཀྱི་ཡོད་པས་ཡུལ་དེའི་མི་ཚང་མས་ཡི་ཧུང་ནི་འབྲུག་ལ་ཧ་ཅང་དགའ་བའི་མི་ཞིག་ཡིན་པ་ཡོངས་གྲགས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད། སྐད་ཆ་དེ་འབྲུག་གིས་ཤེས་ཚོར་བྱུང་འཕྲལ་ང་ལ་ཧ་ཅང་དགའ་བའི་མི་ཞིག་ཡོད་ན་ངས་ངེས་པར་མི་དེ་ཐུག་དགོས་སྙམ་སྟེ་འབྲུག་གིས་ཡི་ཧུང་ཐུག་འཕྲད་དུ་བསླེབས་པ་རེད། ཉིན་ཞིག་གློ་བུར་དུ་ནམ་མཁར་སྤྲིན་ནག་འཁྲིགས་ཤིང་། འབྲུག་སྐད་དང་གློག་དམར་ཁྱུག  ཡི་ཧུང་གིས་རང་ཁྱིམ་གྱི་སྒེའུ་ཁུང་ནས་འབྲུག་ངོ་མ་འཛུལ་ཡོང་བ་མཐོང་མ་ཐག་ཞེད་ཐག་ཆོད་ནས་དྲན་པ་ཐོར་བ་རེད། དེ་ནས་བཟུང་ཡུལ་མི་ཁྱིམ་ཚེས་ཚོས་ཡི་ཧུང་འབྲུག་ལ་དགའ་བ་དེ་འབྲུག་རྫུན་མ་ལས་འབྲུག་ངོ་མ་མ་ཡིན་པ་ཤེས་པ་རེད།
    གཏམ་རྒྱུད་འདིའི་ནང་དོན་ལ་གོ་བ་བླངས་རྗེས་སླར་ཡང་ང་ཚོས་རང་ཉིད་ཀྱི་ཐོག་ཏུ་བསམ་གཞིགས་ཐེངས་གཅིག་བྱེད་དགོས། ང་ཚོ་ཡང་ཡི་ཧུང་དང་འདྲ་བར་བདེན་པ་རྫུན་མའམ་བདེན་པའི་ཐ་སྙད་ལ་དགའ་བ་ཙམ་ལས་དོན་དངོས་ཀྱི་བདེན་པ་དམར་རྗེན་མ་ཞིག་དངོས་སུ་མཐོང་སྐབས་འཇིགས་སྣང་སྐྱེས་ཏེ་དུས་རྒྱུན་བདེན་པར་དགའ་བའི་བསམ་བློའི་སྤྲོ་སྣང་དེའང་སྐད་ཅིག་ཏུ་ཡལ་སྲིད། གྲོགས་པོ་ཆུང་ཆུང་ཚོ། ཁྱེད་ཚོ་བདེན་པ་དང་འཕྲད་མྱོང་ངམ། བདེན་པའི་གདོང་རིས་ངོ་མ་དེ་མཐོང་མྱོང་ངམ། ཁྱེད་ཚོར་དོན་དངོས་སུ་བདེན་པ་མཐོང་འདོད་ཡོད་དམ། གལ་ཏེ་ཉིན་ཞིག་རང་ཉིད་བདེན་པ་ངོ་མ་ཞིག་དང་འཕྲད་ན་ཇི་ལྟར་བྱ་རྒྱུ་ཡིན་ནམ། ཁྱེད་ཚོས་བདེན་པར་དེ་ཙམ་དགའ་སྣང་བྱེད་པར་བལྟས་ན་ཕལ་ཆེར་བདེན་པ་མཐོང་མྱོང་མེད་པ་ངས་ཚོད་དཔག་བྱེད་ཐུབ་ཀྱི་འདུག གལ་ཏེ་ཁྱེད་རང་ལ་དོན་དངོས་ཀྱི་བདེན་པ་མཐོང་འདོད་ཡོད་ཚེ་བློས་གཏོང་མང་པོ་ཞིག་བྱེད་དགོས་པ་རེད། ཁྱེད་རང་ཚོ་བདེན་པ་ངོ་མ་མཐོང་བའི་ཉིན་དེ་ནས་བཟུང་མི་མང་པོ་ཞིག་ལ་གྱེས་མཇལ་ཞུ་དགོས་པ་རེད། དེ་དུས་ཁྱེད་རང་ཚོ་གྲོགས་མེད་ཁེར་རྐྱང་དུ་ལུས་སྲིད་པ་རེད། ཁྱེད་ཚོས་རྫུན་མ་མང་པོ་ཞིག་དང་བྲལ་བའི་ཁེར་རྐྱང་གི་སྐྱོ་སྣང་དེ་བདེན་པ་གཅིག་པུ་དེ་དང་འཕྲད་པའི་སྤྲོ་སྣང་དེས་ཟིལ་གྱིས་གནོན་ཐུབ་བམ། ཡང་ཕྱོགས་གཞན་ནས་བཤད་ན། བདེན་པ་མཐོང་བའི་ཉིན་མོ་དེ་རང་ཉིད་འཇིག་རྟེན་དང་བྲལ་བའི་ཉིན་མོ་ཡང་ཡིན་སྲིད། བདེན་པ་འཚོལ་བའི་ལམ་ལ་ཞུགས་སྐབས་རི་རྒྱལ་ལྷུན་པོ་ལྟར་རྔམ་རྫིག་ཆེ་བའི་རྫུན་མ་མང་པོ་ཞིག་གི་འོག་ཏུ་མནན་ངེས་པ་མ་ཟད། རང་གི་མི་ཚེ་ཧྲིལ་པོ་རྫུན་གྱི་བྲག་རི་དེའི་འོག་ནས་ལང་མ་ཐུབ་པ་ཡང་ཡོང་སྲིད་པ་རེད། སུ་ཞིག་བདེན་པ་འཚོལ་བའི་ལམ་ལ་ཞུགས་པ་དེ་ཉིད་བདེན་པའི་དོན་དུ་འཆི་ངེས་ཡིན། གྲོགས་པོ་ཚོ། ངས་འདི་ལྟར་བརྗོད་སྐབས་ཁྱེད་ཚོའི་སེམས་ནང་འཇིགས་སྣང་ཡོང་གི་འདུག་གམ། འདི་དག་ནི་བདེན་པ་མཐོང་བ་ལ་བར་དུ་གཅོད་པར་བྱེད་པའི་ཕྱི་རོལ་ཡུལ་གྱི་སྣང་ཚུལ་ཞིག་ཡིན།
    གཟབ་ནན་དགོས་པ་ཞིག་ལ་ང་ཚོའི་སེམས་རྒྱུད་དུ་རང་ཉིད་ཀྱིས་བདེན་པ་མཐོང་བར་བྱེད་པ་ལ་བསམ་བློའི་རྙོག་འཛིང་མང་པོ་ཞིག་ཡོད། རང་གི་མི་ཚེ་ཡོངས་རྫོགས་བདེན་པ་འཚོལ་བའི་དོན་དུ་བཏང་བའི་བདག་ཉིད་ཆེན་པོ་གྷན་དྷིས་ང་ཚོར་གདམས་ངག་ཅིག་བཞག་ཡོད། ཁོང་གིས་ ”བདེན་པ་སྒྲུབ་པའི་མི་ནི་ས་རྡུལ་ལས་ཀྱང་ཉམ་ཆུང་བ་ཞིག་དགོས། བདག་ནི་རྫ་མཁན་གྱི་ལག་ཏུ་གནས་པའི་འཇིམ་པ་རྡོག་གཅིག་ལས་ལྷག་པ་གང་ཡང་མིན།” ཞེས་གསུངས། གདམས་ངག་འདིའི་གོ་བ་ནི་སུ་ཞིག་རང་འདོད་རློམ་སེམས་ཀྱིས་ཆེ་འདོད་གྲགས་འདོད་ཀྱི་གཞན་དབང་དུ་སོང་ན་དེ་ཉིད་ཀྱིས་བདེན་པ་ནམ་ཡང་མཐོང་མི་ཐུབ་ཅེས་པའི་དོན་ཡིན། བདེན་པ་འཚོལ་མཁན་ནི་ས་འོག་ཏུ་འཛུལ་དགོས་པ་ལས་ནམ་མཁར་འཕུར་རྒྱུ་མེད། ང་ཚོས་བདེན་པ་འཚོལ་བར་ཁ་གཡར་ཏེ་རང་གི་གྲགས་པ་འཚོལ་བའི་ལས་ལ་ཞུགས་ན་དེ་ནི་ལམ་འཛོལ་ཤོར་བ་ཞིག་སྟེ་ཉིན་ཞིག་རང་གིས་བརྩིགས་པའི་གྲགས་པའི་བཙོན་རར་འཆི་ངེས་ཡིན། བདེན་པ་འཚོལ་བའི་མི་ལ་ཕྱི་རྐྱེན་དང་ནང་རྐྱེན་གང་ཞིག་གི་མདུན་དུ་ཡང་ཇི་མི་སྙམ་པའི་སྤོབས་པ་ཞིག་དགོས། བརྩེ་བའི་གྲོགས་པོ་ཚོ། ཁྱེད་ཚོ་འདི་ལྟ་བུའི་བདེན་པ་འཚོལ་བའི་ལམ་ལ་འཇུག་རྒྱུའི་སྤོབས་པ་ཡོད་དམ།
    བདེན་པ་འདི་ནི་ཚན་རིག་འཕྲུལ་འཁོར་གི་ནང་ནས་རྡུལ་ཕྲན་གྱི་བོངས་ཚོད་ཆེ་ཆུང་ལྟ་བུའི་མཐོང་མི་ཐུབ། བདེན་པ་འདི་རང་གི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་དུ་འཕེལ་བ་ཁོ་ན་ལས་མཐོང་ངེས་ཡིན། གྲོགས་པོ་ཆུང་ཆུང་ཚོ། ཁྱེད་ཚོར་ཉིན་རེ་བཞིན་སློབ་ཁྲིད་བྱེད་བཞིན་པའི་སློབ་ཚན་དེ་དག་གིས་ཁྱེད་ཚོ་འཇིག་རྟེན་འདིའི་བདེན་པ་འཚོལ་བའི་ལམ་ལ་ཁྲིད་སྟོན་བྱེད་ཀྱི་འདུག་གམ། ཁྱེད་ཚོའི་མདུན་རྒྱབ་གཡས་གཡོན་དུ་རི་ལྟར་སྤུངས་ཡོད་པའི་དཔེ་དེབ་དེ་དག་གིས་ཁྱེད་ཉིད་དེང་རབས་གསར་པའི་སྤྱི་ཚོགས་ཧ་ཅང་འཁྲུག་པོ་ཞིག་གི་བྲན་གཡོག་ཅིག་ཏུ་ཁྲིད་སྟོན་བྱེད་ཀྱི་ཡོད་པ་ཚོར་གྱི་འདུག་གམ། དེ་ནི་ཁྱེད་ཚོ་མཚན་མོའི་རོལ་རྩེད་ཁང་གི་ཞབས་ཞུ་མའི་སྦྱོང་བརྡར་ལ་ཞུགས་པ་དང་མཚུངས། ཁོར་ཡུག་དེ་ནས་ཁྱེད་ཚོས་མཐོང་བ་ནི་རྫུན་གཏམ། གཡོ་སྒྱུ། ངོ་ལྐོག་སོགས་བདེན་པའི་ཕར་ཕྱོགས་ན་ཡོད་པ་ཤ་སྟག་མ་ཡིན་ནམ། ཡིན་ནའང་། སྙིང་ཉེ་བའི་བདག་གི་གྲོགས་པོ་ཆུང་ཆུང་ཚོ། ཁྱེད་ཚོ་སྙིང་སྟོབས་སྐྱེད་ཅིག བདེན་པ་ནི་ཁྱེད་ཀྱི་གམ་ན་ཡོད་ངེས་སོ།།
                           ༢༠༡༣།༠༧།༡༠ ཉིན་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།