གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒེར་སྡོམ་ནི་དྲན་པ་ཉམས་སྤྱད་ཅིག་རེད།

2013-08-31 20:37:00 རྣོ་ངར། ཀློག་གྲངས། མཆན ཡོད།

   མིའི་རིགས་ཀྱི་ལོ་རྒྱུས་ལ་ཕྱིར་རགས་བལྟ་ཤིག་བྱས་ན།དྲན་པ་སངས་པའམ་དྲན་པ་ གསལ་བའི་མི་རིགས་སམ་རྒྱལ་ཁབ་དག་ནི་མི་བུ་སྒེར་གྱི་རིན་ཐང་ལྟ་ཚུལ་ལམ་མི་བུ་སྒེར་མཐོངས་ཆེན་དུ་བལྟ་མཁན་དག་དག་ཡིན་པས།ད་གཟོད་ཁོ་བ་ཚོའི་འཚོ་གནས་རྒྱ་ཡན་དུ་མ་གྱུར་ལ།མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོ་དེའི་ཁྲོད་དུའང་དཔལ་འབྱོར་དང་ཚན་རིགབསམ་བློ་སོགས་ནས་ཀྱང་ཁོ་བ་ཚོ་སྔོན་ཐོན་དང་གསར་བརྗེ་མཁན་ཡིན་ངེས་ཤིང་།ཡང་ན་མིའི་རིགས་ཀྱི་ཡོངས་ཁྱབ་འཚོ་སྡོད་ལྟ་གྲུབ་སྟེ་རང་དབང་དང་འདྲ་མཉམ་སོགས་ཀྱང་གླེང་ནས་འོང་ཚེ།ཁོ་བ་ཚོས་མི་བུ་སྒེར་ནི་གཙོ་སྙིང་བྱེད་པས།ད་གཟོད་མི་བུ་སྒེར་གྱི་རིག་གནས་དགག་བཞག་གི་བསམ་བློའི་ལས་འགུལ་དེས་མངོན་སུམ་དུ་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་ང་ཚོས་མཐོང་དུ་རེག་ལ།ཁོ་བ་ཅག་གི་ལོ་རྒྱུས་ཀྱི་འཕེལ་རིམ་དེའི་སྟེང་ནས་རང་དབང་དང་འདྲ་མཉམ་དག་ཀྱང་མི་བུ་སྒེར་གྱི་བདེན་དགེ་མཛེས་གསུམ་གྱི་དྲན་ཤེས་དང་ཟུང་ཏུ་མི་འཇུག་ག་མེད་ཡིན་པ་ཚོར་ཏུ་བྱུང་།དེ་འདྲ་གྲུབ་ཕྱིན་མི་བུ་སྒེར་གྱི་དྲན་པ་གསོ་བའི་ལོ་རྒྱུས་དག་ནི་མཚར་སྡུག་འོད་སྟོང་འབར་བའི་གསོན་སྟངས་ཤིག་མ་རེད་ཞེས་སུ་ཞིག་གིས་བརྗོད་དུ་སྤོབས།
   ཡིན་ཡང་དེ་ལས་ལྡོག་སྟེ་མི་བུ་སྒེར་གྱི་དྲན་པ་གཅོད་པ་ནི་སྒེར་སྡོམ་ཤིག་ཡིན་ལ། གསར་བརྗེ་དང་འཕེལ་རྒྱས་ལས་རྙིང་བར་བསྐྱར་བསྐོར་རྒྱག་སྟངས་ཤིག་མ་ཡིན་ནམ།  ཞིབ་ཏུ་བསམ་ཚེ་དེ་དག་ནི་ཀླ་ཀློ་དང་རྨོངས་འཐོམ་གྱིས་གཏུམས་པ་ཞིག་རེད་ཨང་། དྲང་མོར་བཤད་ན་འུ་ཚང་ཡང་མུན་ནག་རྨོངས་འཐོམ་གྱི་ལམ་ཁ་འདིར་ཉུལ་ནས་ཡུན་རིང་འགོར་ལ།བཞུད་ཤུལ་རྙིང་བ་འདིའི་ལྟག་རྒྱབ་ནས་འུ་ཚང་གི་མི་ཇུས་རིག་གནས་དང་འདུ་ཤེས་སད་རྟོགས་སོགས་རླབས་ཆེན་བ་མང་བོ་མང་བོ་ཞིག་ཤོར་ཅིང་ཤོར་སོང་བ་དག་ལ་མནོ་བསམ་ཤིག་གམ་ཚང་རྩིས་ཅིག་ཀྱང་བྱས་མ་མྱོང་།ལོ་ཟླའི་བཞུད་ལམ་རྙིང་བ་དེའི་སྟེང་ནས་འབུར་འཇོམས་དང་ཆིག་གཅོད་སོགས་རིག་གནས་གཅིག་འཛིན་དང་ཚུར་ལེན་སྒོ་བཀག་བྱས་པས་ཉེ་བའི་ལོ་ངོ་འགའ་ཤས་ལ་སྤྱི་བསྡོམ་རགས་ཙམ་བྱས་ཚེ་མཁས་དབང་དགེ་ཆོས་དང་སྐུ་ཞབས་རང་གྲོལ་ནས་མི་བུ་སྒེར་གྱི་དྲན་པ་གསོ་འགོ་བརྩམས་ཤིང་སྐུ་ཞབས་ཞོགས་དུང་ནས་མི་ཇུས་རིག་གནས་ཀྱི་སྡིངས་ཆ་བསྐྲུན་པའི་དྲན་པ་གསོ་འགོ་ཚུགས་པ་ལས་འུ་ཚང་ལ་ངོམ་རིན་ནམ་གླེང་རིན་དོད་པའི་དྲན་ཤེས་ཅན་གྱིི་མི་བུ་ནི་ཧ་ཅང་ཉུང་ལ།འཚོ་གནས་རིག་གནས་ཀྱི་མཁའ་དབུགས་ཁྲོད་དྲན་པ་གསལ་བའི་སློབ་གསོ་ཡང་དེ་ལས་དཀོན།དེ་ལྟར་མིའི་རིགས་ཀྱི་བསམ་བློ་དང་རིག་གནས་རྡབ་གསིག་ཏུ་འཕེལ་ནའང་རྙིང་བ་མཁྲེགས་འཛིན་དང་གསར་བ་རྒྱབ་གཏད་པའི་འུ་ཚང་ནི་འདས་ཟིན་ལ་ཧད་འདུག་ཅིང་འདས་ཟིན་པ་ནི་ཚད་མའོ་ངོ་མཚར་རོ་ཞེས་གཏན་གཏན་དོགས་སློང་དང་བསྒྱུར་བཅོས་དག་ཡེ་ནས་དྲན་གིན་མི་འདུག་པས་ད་གཟོད་དེ་རིང་ཡང་འུ་ཚང་དྲན་པ་ཉམས་པའི་མི་རིགས་ཤིག་ལས་ཅི་ཡང་མ་རེད། 
 དྲན་པར་བལྟས་ན་ཐ་སྙད་སྤྱིར་བཏང་བ་ཞིག་སྟེ།མི་ཞིག་གི་དྲན་ཤེས་ཙམ་རེད།
སོ་སོ་བའི་དྲན་ཚུལ་ཙམ་ལས་དེ་ལ་དཔྱད་འཇོག་ཞིབ་འཇུག་གི་རིན་ཐང་ཞིག་རྦད་དེ་མེད་སྣང་འཆར་མོད།དྲན་པ་དྲན་པ་ཞེས་ཆེས་སྤྱིར་བཏང་བའི་ཐ་སྙད་འདི་མིའི་རིགས་ཀྱི་ཡོངས་ཁྱབ་རིན་ཐང་གི་རྒྱ་ཁར་བཞག་ནས་དཔྱད་ཚེ་ཏག་ཏག་གནད་དོན་ཡོད་ཚད་ཀྱི་གནད་ཀ་ཐ་སྙད་འདི་གཅིག་པུར་རེག་ལས་ཡོད་པ་མཐོང་དུ་ངེས་སྟེ།མི་བུ་སྒེར་གྱི་རིན་ཐང་ལྟ་ཚུལ་ནས་མི་རིགས་ཀྱི་རིན་ཐང་ལྟ་ཚུལ་དང་མི་རིགས་ཀྱི་རིན་ཐང་ལྟ་ཚུལ་ལས་མིའི་རིགས་ཀྱི་རིན་ཐང་ལྟ་ཚུལ་གྲུབ་པ་བསྙོན་པ་མེད་པས་མི་བུ་སྒེར་གྱི་རིན་ཐང་ལྟ་ཚུལ་གཙོ་སྙིང་བྱེད་དགོས་ཚེ་དྲན་པ་གཞི་འཛིན་རྒྱུ་ཐབས་བརྒྱ་ཉག་གཅིག་ཡིན་ཅིང་མི་བུ་སྒེར་གྱི་མཛེས་དཔྱོད་ལྟ་ཚུལ་ནས་ད་གཟོད་ཟུར་ཁ་མི་འདྲ་བའི་གསར་གཏོད་དང་ཁ་དོག་མི་མཐུན་པའི་གཟུགས་ཤེས་རེ་གྲུབ་པས་རིག་གནས་སྣ་མང་ཅན་གྱི་དཀྱེལ་ཡངས་བའི་ཁོར་ཡུག་གསོན་པོ་ཤིག་ཆགས་སུ་དགོས་ཚེ་མི་བུ་སྒེར་གྱི་མཛེས་དཔྱོད་ལྟ་ཚུལ་ཡང་དགོས་ལ་དེ་མིན་མི་བུ་སྒེར་དང་མི་བུ་སྒེར་གྱི་བདེན་དགེ་མཛེས་གསུམ་གྱི་ཆ་ཐ་དག་དྲན་པ་ལ་ལྟོས་ནས་སྦྱར་དགོས་ཤིང་དེ་ལྟ་བའི་དྲན་པ་རེ་རེ་ནས་མི་རིགས་ཀྱི་དྲན་པ་དང་མིའི་རིགས་ཀྱི་དྲན་པ་གྲུབ་པ་ཡིན་ཕྱིན་མི་བུ་སྒེར་གཙོ་བོ་འཛིན་རྒྱུ་ཡང་གནད་ཀྱི་དམ་པར་གྲུབ།                                                              
    
  འོན་ཏང་འུ་ཚང་ནི་ད་རུང་སྒེར་སྡོམ་གྱིས་གཏུམས་ཤིང་སྒེར་སྡོམ་ལ་འཐམ་གིན་འདུག་པ་མིག་མཐོང་ལག་ཟིན་དུ་གྲུབ་པས་ད་ནི་འུ་ཚང་གི་སྒེར་སྡོམ་པའི་འཆིང་ཐག་འདི་གཅད་དགོས་པ་མ་ཡིན་ནམ།རིག་གནས་དགག་བཞག་གི་ཚ་རླབས་ཤིག་རབ་རིབ་དུ་འཕྱུར་རྗེས་འུ་ཚང་གི་རུལ་སུངས་རྒྱུན་འབྱམས་ཀྱི་ངན་གཤིས་འགའ་ལྷང་དུ་བུད་བྱུང་ལ་ངན་གཤིས་དེའི་ལྟག་རྒྱབ་ནས་ལུང་ཤར་དང་དགེ་ཆོས།རང་གྲོལ་སོགས་རེ་རེ་བཞིན་རྒྱང་ཕུད་གཏོང་ཟིན་ལ།ཞོགས་དུང་།མདའ་སྨྱུག་སྒོ་ཤེར་སོགས་བོད་པའི་འཚོ་གནས་འཕེལ་རྒྱས་ཀྱི་སྣེ་འཁྲིད་དུ་མཁོ་ཞིང་དཀོན་པའི་མི་བུ་སྒལ་ཚིགས་ཅན་དག་ལའང་ད་ལྟ་ཉེས་མིང་བཙན་འགེལ་གྱིས་རྒྱང་ཕུད་གཏོང་གིན་འདུག་ཨང་།ཞིབ་ཏུ་བསམ་ཚེ་སྒེར་སྡོམ་གྱི་ལྟག་ག་ནས་ང་ཚོས་ཅི་ཡང་འགྲུབ་མི་སྲིད་ལ་སྒེར་སྡོམ་པ་ནས་སྤྱི་བསྡོམ་པའང་ཡིན་ག་ལ་མི་སྲིད། གནའ་ནས་ད་བར་དུ་འུ་ཚོར་སྒེར་སྡོམ་པའི་ནད་ཡམས་ཤིག་ཡོད་ཅིང་ནད་ཡམས་དེ་ད་ལྟ་མདོ་དབུས་ཁམས་གསུམ་དུ་ཁྱབ་གྱིན་འདུག་ཕྱིན།ད་ནི་ཀླ་ཀློའི་རིགས་དང་སྒེར་སྡོམ་པའི་རིགས་ལ་བཤག་བཅོས་ཤིག་བྱེད་རན་འདུག་གོ།།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།