གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེངྒེ་དཀར་མོ།

2013-08-27 16:12:00 ནམ་མཁའ།༼ཡུ་རོབ༽ ཀློག་གྲངས། མཆན ཡོད།

 

གངས་ཅན་པ་ཚོས་གངས་སེང་དཀར་མོ་ཞེས།།
གངས་ཀྱི་ནང་དུ་གནས་བར་འདོད་མོད་ཀྱང་།།
གངས་རི་མེད་པའི་གླིང་འདིའི་ལྷོ་ཕྱོགས་སུ།།
སེང་གེ་དཀར་མོ་རྙེད་འདི་ཅིའི་མི་མཚར།།
 
 དེ་རིང་སྲོག་ཆགས་ཀྱི་རིགས་ལ་ཞིབ་འཇུག་བྱེད་མཁན་གྱི་སྐྲ་སེར་བུ་མོ་ཞིག་དང་མཉམ་དུ་དུས་ཚོད་གཅིག་ཙམ་ལ་གླེང་མོལ་བྱེད་པའི་གོ་སྐབས་ཞིག་ཕྲན་ལ་བྱུང་།  བུ་མོ་སྐྲ་སེར་མ་འདི་ང་རང་ནམ་རྒྱུན་ཁ་ཧྥེ་འཐུང་སའི་ཇ་ཁང་ནས་ཚར་མང་པོ་སྐད་ཆ་ཕྲན་བུ་རེ་བཤད་མྱོང་ཡོད་པ་ཙམ་ལས།མོ་རང་གི་ལས་གནས་གང་ཡིན་སོགས་ཀྱི་གླེང་མོལ་བྱས་མྱོང་མེད།མོ་རང་ནི་དུས་རྒྱུན་དགོད་ཁ་སློང་བར་དགའ་ཞིང་གདོང་ལ་འཛུམ་མདངས་ཀྱིས་ཁེངས་བའི་གཞོན་ནུ་མ་ཞིག་ཡིན།ཕར་ལྟས་ཚོད་ཀྱིས་སྤྱང་གྲུང་འཛོམས་པ་ཞིག་ཡིན་པ་མི་ལ་དོན་སྣང་བྱེད་མཁན་ཚོས་ཤེས་ཐུབ།དེ་རིང་མོས་ང་ལ་ཕྲན་གྱི་ལས་ཀ་གང་ཡིན་སོགས་ཀྱི་གནས་ཚུལ་འགའ་བསྟུད་མར་དྲི་བ་བཏང་སོང་།ངས་ཀྱང་མོ་རང་ལ་དྲི་བ་འགའ་དྲིས་པ་ཡིན།འདི་ནི་ངེད་གཉིས་ཀྱིས་ཕན་ཚུན་ལ་མི་ཚེ་ཐུང་ངུ་རེ་ངོ་སྤྲོད་བྱེད་པ་ཐེངས་དང་པོ་དེ་རེད།
   གང་ལྟར་སྐྲ་སེར་མས་ང་ལ་བོད་ནང་དུ་སྲོག་ཆགས་ཀྱི་རིགས་ག་རེ་ཡོད་མེད་ཀྱི་སྐོར་དྲི་བ་ཡང་བཏང་སོང་མོད། ངས་བོད་ནང་དུ་སྲོག་ཆགས་འགའི་མིང་མ་གཏོགས་མི་ཤེས་ལ། དེ་དག་ཡང་མང་པོ་ཞིག་མཐོང་མྱོང་ཡང་མེད་པའི་སྐོར་གསལ་བོ་བཤད་པ་ཡིན།སྐྲ་སེར་བུ་མོ་འདི་ལ་ང་ལས་མོ་རང་གསལ་ཆ་འདུག  དེ་ནི་མོ་རང་གི་ཆེད་ལས་ཡིན་སྟབས་ཧ་ལས་མ་སོང་མོད།
   འོན་ཀྱང་ངེད་གཉིས་ཀྱིས་གླེང་གཞིའི་སྲོག་ཆགས་སྐོར་ཡིན་སྟབས།ཕྲན་གྱིས་མོ་རང་ལ་སེང་གེ་དཀར་མོའི་སྐོར་དྲི་བ་ཞིག་བཏང་བ་ཡིན།མོ་རང་གི་གདོང་ལ་གད་མོ་ཞིག་ཤོར་ཞོར་དངོས་གནས་ཁྱེད་ཀྱིས་སེང་གེ་དཀར་མོ་ཡོད་མེད་ལ་དོགས་པ་ཡོད་དམ་ཟེར།ཕྲན་གྱིས་ཐེ་ཚོམ་མེད་པར་དོགས་པ་ཡོད་ཅེས་ལན་འདེབས་བྱས་པ་ཡིན།མ་ཟད་དགེ་ཆོས་ལགས་ཀྱིས་གསུངས་བའི་སྐོར་ཞིག་ཀྱང་བཤད་པ་ཡིན།ཡིན་ཡང་ལྷ་སྒྲུང་འདྲ་བོ་ཞིག་ལ།ཚངས་དབྱངས་རྒྱ་མཚོས་སེང་གེ་དཀར་མོ་དེ་འདྲ་ཞིག་མཐོང་བའི་སྐོར་གྱི་ལོ་རྒྱུས་ཙམ་ཞིག་ཡོད་པ་རེད་ཅེས་གང་ཤེས་པ་དྲང་མོ་བཤད་པ་ཡིན།
   དངོས་གནས་ང་རང་ཐོས་རྒྱ་དང་མཐོང་རྒྱ་ཆུང་བའི་མི་ཞིག་ཡིན་ཅེས་སྐད་ཆ་དྲང་བོར་བཤད།
   སྐྲ་སེར་བུ་མོས་དེ་ལྟར་ཡིན་ན།ངས་ཁྱེད་ལ་ལམ་སེང་པར་དང་བརྙན་འཕྲིན་བསྟན་ཆོག་ཟེར།མོའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནས་སེང་གེ་དཀར་མོའི་པར་དང་བརྙན་འཕྲིན་སོགས་ཕྲན་ལ་བསྟན་སོང་བས་སྤྲོ་བ་ཡང་རབ་ཏུ་སྐྱེས།
   སེང་གེ་དཀར་མོ་འདི་རྙེད་ནས་ལོ་མང་པོ་ཕྱིན་མི་འདུག  ༡༩༧༠ལོར་ལྷོ་ཨ་ཧྥེ་རི་ཁ་ནས་ཐོག་མར་རྙེད་ཚུལ་ཞིག་གི་གསལ་བཤད་ཐུང་ངུ་ཞིག་ཀྱང་འདུག་པས་ཡིད་ཆེས་མིན་ལ་དོགས་པ་སྐྱེས་དགོས་དོན་མེད་པར་གྱུར། ཡིན་ཡང་ངའི་བསམ་ཚུལ་དང་འདྲེས་བའི་དོགས་སློང་ཞིག་མོ་ལ་བཤད་པ་ཡིན། སེང་གེ་དཀར་མོ་འདི་གངས་ནང་དུ་གནས་དགོས་བ་ཞིག་མ་ཡིན་པར་ནགས་ཚལ་དུ་ཡོད་པ་རེད་དམ།མོས་ཀྱང་ངའི་དོགས་སློང་ཕྲན་བུ་དེ་ལ་ཞིབ་མོར་ཉན་ཞོར་ངེས་བར་དུ་གངས་ནང་དུ་ཡོད་དགོས་ཀྱི་མ་རེད་ཟེར། ལྷོ་ཨ་ཧྥེ་རི་ཁའི་ནགས་ཚལ་ནས་རྙེད་པ་རེད་ཟེར།
   གཅིག་བྱས་ན་བོད་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གངས་རི་དང་ནགས་ཚལ་དུ་ཡོད་སྲིད་ཀྱི་རེད་ཟེར། ཡིན་ཡང་སྟག་དཀར་བོ་བོད་དང་པ་ཁཱི་སི་ཐན་དང་ཨ་ཧྥུ་རྒན་སི་ཐན་བལ་ཡུལ་བཅས་ན་ཡོད་པ་རེད་ཅེས་བཤད་སོང་།མོ་རང་གིས་དེ་ལས་གཞན་ཞིག་ལ།ཐོས་རྒྱ་ཆུང་བའི་ཕྲན་གྱིས་རྩ་བ་ནས་ཐོས་མ་མྱོང་བའི་སེང་གེ་ནག་པོ་ཡོད་པའི་པར་ཞིག་ཀྱང་བསྟན་སོང་།
   གང་ལྟར་ང་ཚོ་གངས་ཅན་པ་ཚོས་སེངྒེ་དཀར་བོའི་རིགས་ལ་གངས་སེང་དཀར་མོ་དང་སྤུ་མདོག་སྐྱ་སེར་རིགས་ལ་འདམ་སེང་ཞེས་འབོད་པའི་རྒྱུ་མཚན་ནི།སེངྒེ་ཡི་སྤུ་མདོག་ལ་ལྟས་ཏེ་བཏགས་པ་མིན་ནམ་སྙམ།སེངྒེ་དཀར་བོའི་རིགས་ངེས་བར་དུ་གངས་ནང་དུ་གནས་དགོས་བ་ཞིག་མིན་པར་ནགས་ཚལ་དུ་ཡོད་པ་གསལ་བོ་རེད།དཔེར་ན་ང་ཚོ་ཨ་མདོ་བ་ཚོས་རྒྱན་ཆ་རུ་བརྩི་བའི་སྲམ་ལྤགས་ལ་ཡང་ཆུ་སྲམ་དང་བྲག་སྲམ་ཞེས་འབོད་སྲོལ་འདུག  སྲམ་རིགས་གང་ཡིན་ཡང་ཆུ་ནང་དུ་གནས་ཡོད་པ་གསལ་བོ་ཡིན་མོད།ཡིན་ཡང་སྤུ་མདོག་ཅུང་སྐྱ་བོའི་རིགས་ལ་ཆུ་སྲམ་དང་སྤུ་མདོག་ཅུང་ནག་པོའི་རིགས་ལ་བྲག་སྲམ་ཞེས་སྤུ་མདོག་ལ་ལྟས་ཏེ་བཏགས་པར་སྙམ།
   གང་ལྟར་མཐོང་ཐོས་ཡངས་བའི་གྲོགས་པོ་དག་ལ་མི་ཕན་ཡང་།ཕྲན་ལྟ་བུ་ཐོས་རྒྱ་དང་མཐོང་རྒྱ་ཆུང་བ་དག་གིས་སེངྒེ་དཀར་མོ་མཐོང་མ་མྱོང་བའི་གྲོགས་པོ་དག་ལ་ཕན་པར་བསམ་ནས་འདིར་བཀོད་པ་ཡིན།ཡོ་རུབ་ནས་ནམ་མཁས་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།