གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བྱམས་རྒྱལ་གྱི་རྩོམ་གསར་བ། བོད་པ་ཞིག་གི་མིག་ནང་གི་ཉི་ཧོང་།

2014-12-14 10:48:22 ལྷ་བྱམས་རྒྱལ། ཀློག་གྲངས། མཆན ཡོད།


  སྤྱི་ལོ་༢༠༡༣ལོའི་ལོ་སྨད་དུ་ང་ལ་ཉི་ཧོང་དུ་བསྐྱོད་པའི་གོ་སྐབས་ཤིག་ཐོབ།
  པེ་ཅིང་ནས་གནམ་གྲུར་བསྡད་དེ་ཉི་ཧོང་གི་གྲོང་ཁྱེར་ཆེན་པོ་ཨོ་ས་ཀ་ཟེར་བ་དེའི་གནམ་གྲུའི་འབབ་ཐང་དུ་བསླེབས་པར། ལམ་བར་དུ་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་ལས་མ་འགོར། ང་ནི་པེ་ཅིང་དུ་འཚོ་བ་རོལ་བའི་བོད་པ་ཞིག་སྟེ། སྤྱི་ལོ་༡༩༩༩ལོར་པེ་ཅིང་དུ་ཡོང་བ་ནས་བཟུང་ད་ལྟའི་བར་མི་ལོ་བཅོ་ལྔ་ལྷག་འགོར་ཟིན། ང་ལོ་རེར་སྟོད་ཉི་མ་ལྷ་སར་ཐེངས་རེ་གཉིས་ལ་ལོག་བཞིན་ཡོད། པེ་ཅིང་ནས་ལྷ་སའི་བར་མཁའ་ལམ་བརྒྱུད་ན་ཆུ་ཚོད་ལྔ་ལྷག་འགོར་བཞིན་ཡོད་ཅིང་། ང་ཉི་ཧོང་གི་རྒྱལ་ཁོངས་སུ་འབྱོར་དུས་སེམས་སུ་ས་ཁོངས་ཀྱི་བར་ཐག་ཁོ་ནའི་ངོས་ནས་བལྟས་ན་པེ་ཅིང་ནས་ཉི་ཧོང་གི་བར་ཐག་དེ། པེ་ཅིང་ནས་ངའི་ཕ་ཡུལ་བོད་ཁམས་དང་བསྡུར་ན་ཐག་ཉེ་ཨང་སྙམ་བྱུང་། ཨོ་ས་ཀ་ནས་ཁྱེའོ་ཏའོར་བསྐྱོད་པའི་ལམ་དུ། དུས་ངེས་མེད་དུ་ཆར་ཞོད་ཆེན་པོ་རེ་བབས་ཡོང་། ཆར་ཆུས་བཀྲུ་བཞིན་པའི་ཤེལ་སྒོའི་ཕ་རོལ་གྱི་ལམ་གྱི་ངོགས་གཉིས་སུ་ལྗང་མདོག་གི་ནགས་ཀློང་ཚང་ཚིང་ཏུ་དཀྲིགས་འདུག་པ་དང་། དེ་དག་གི་བར་སྟོང་ཡངས་ས་རེ་ནས་ཚོན་མདོག་གི་ཤིང་གི་སྒམ་ཆུང་བསྒྲིགས་པ་དང་མཚུངས་པའི་ཁང་ཁྱིམ་གྱིས་གྲུབ་པའི་གྲོང་དང་གྲོང་བརྡལ་ངེས་མེད་དུ་མཐོང་ཡོང་།
  སྔོན་ཆད། ངས་ཉི་ཧོང་ལ་རྐང་བཙུགས་ནས་དོ་སྣང་ཆེན་པོ་བྱས་མྱོང་མེད། དེ་བས་ཀྱང་ཉིན་ཞིག་ལ་རང་ཉིད་དངོས་སུ་ཉི་ཧོང་དུ་འགྲོ་ཐུབ་པར་ཀྱང་བསམ་ཚོད་བྱས་མ་མྱོང་། ཡིན་ན་ཡང་། ང་དང་ཐོག་འཚར་ལོངས་བྱུང་སའི་བོད་ཁམས་ཡིན་ན་ཡང་འདྲ། ཕྱིས་སུ་གཞིས་ཆགས་ནས་འཚོ་བ་རོལ་སའི་པེ་ཅིང་གྲོང་ཁྱེར་ཡིན་ན་ཡང་འདྲ། ཉི་ཧོང་དང་འབྲེལ་བ་ཡོད་པའི་བརྡ་འཕྲིན་ནི་བཀག་ཀྱང་མི་ཁོག་པའི་ཚུལ་དུ་ངའི་འཇིག་རྟེན་དུ་འཚང་ཀ་བརྒྱབ་ནས་བསླེབས་ཡོང་། ཕྲུ་གུའི་སྐབས་སུ་གློག་བརྙན་ལས་ཉི་ཧོང་གི་དམག་ཟེར་བའི་གདུག་རྩུབ་ཅན་འབའ་ཞིག་གི་སྣང་བརྙན་མཐོང་ཡོང་བ་དང་དེ་དུས་ཉི་ཧོང་ནི་སྡུག་ཅག་ཟེར་བ་དེའི་ཚབ་བྱེད་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཕྱིས་སུ་སློབ་གྲྭར་བསྐྱོད་དེ་རིག་གནས་སྦྱངས་བ་དང་བོད་ཡིག་དང་རྒྱ་ཡིག་གི་ལམ་ནས་ལྟ་ཀློག་གི་ནུས་པ་ལྡན་པར་གྱུར་རྗེས། ངས་ཉི་ཧོང་གི་རྩོམ་རིག་བརྩམས་ཆོས་ཁ་ཤས་ཀྱི་རྒྱ་འགྱུར་མ་ལ་བལྟས་པ་ཡིན། དེ་ལས《ཨིས་ཟོ་ཡི་གར་མ》ཟེར་བའི་སྒྲུང་གཏམ་དེས་ངའི་ཡིད་དབང་རབ་ཏུ་འཕྲོག་པར་གྱུར་ཅིང་། ཉི་ཧོང་གི་མི་དང་ཉི་ཧོང་གི་རྒྱལ་ཁབ་ལ་ཡང་ངོས་འཛིན་གསར་བ་ཞིག་སྐྱེས་བྱུང་།
  ༡༩༩༩ལོར། ང་པེ་ཅིན་ཏུ་བསྐྱོད། ལོ་དེའི་སྔ་རྗེས་སུ། ངའི་ཁོར་ཡུག་ཏུ་རིམ་བཞིན་གློག་ཀླད་བེད་སྤྱོད་གཏོང་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་དུས་ཁྲོམ་རར་འདོད་སྲེད་ཀྱི་འོད་སྡེར་སྣ་ཚོགས་འཚོང་མཁན་ཀྱང་མང་དུ་འགྲོ་ཞིང་། ངའི་སློབ་གྲོགས་མང་པོ་ཞིག་གིས་ལྐོག་ནས་འོད་སྡེར་དེ་རིགས་ཉོས་ཏེ་མཚན་མོར་ཉལ་ཁང་ནས་གློག་ཀླད་དུ་བཏང་སྟེ་ལྟ་བར་བྱེད། འོད་སྡེར་དེ་རིགས་ལས་མང་ཆེ་ཤོས་ནི་ཉི་ཧོང་གི་མིས་འཁྲབ་སྟོན་བྱས་པ་ཤ་སྟག་ཡིན་པས། དེ་དུས་སྣང་བ་ཞིག་ལ་ཉི་ཧོང་ཟེར་བའི་རྒྱལ་ཁབ་ཀྱི་ཕོ་གཞོན་མོ་གཞོན་དག་གིས་ནི་ལས་ཀ་གཞན་མེད་པར་འདོད་སྤྱོད་ཁོ་ནར་རོལ་ནས་བསྡད་ཡོད་པའི་ཚོར་བ་སྐྱེས།
  ལོ་དེའི་སྔ་རྗེས་སུ། གུང་གསེང་གི་སྐབས་སུ་ང་མཚམས་རེར་ཕ་ཡུལ་ཏུ་ལོག་དུས། ཆུང་ཕྲུ་གུའི་དུས་ཀྱི་ལུ་གུ་འཚོ་རོགས་ཀྱི་གྲོགས་པོ་དག་གི་ངག་ནས་འོད་སྡེར་དེ་རིགས་ཕ་ཡུལ་ཏུ་ཡང་ལྐོག་ནས་དར་ཁྱབ་ཆེ་རབས་བཤད་ཅིང་། ཁོ་ཚོས་ཀྱང་ཉི་ཧོང་གི་མིས་འཁྲབ་སྟོན་བྱས་པའི་འདོད་སྲེད་ཀྱི་བརྙན་གཟུགས་དེ་དག་ཨང་ཞེས་ཧ་ལས་མདོག་བྱེད། ཁོ་ཚོས་ང་ལ་མཚར་གཏམ་འདི་འདྲ་ཞིག་ལབ་མྱོང་ཡོད་དེ། མཚན་མོ་ཞིག་ལ་གྲོང་ཚོའི་ནང་གི་ཁྱོ་ག་ཞིག་གིས་སྐྱེས་པ་དག་ལྷན་ཏུ་འཛོམས་ཏེ་ཉི་ཧོང་གི་འདོད་སྲེད་འོད་སྡེར་ལ་བལྟས་ཚར་རྗེས་ཁྱིམ་ལ་ལོག་ཅིང་། ཁྱིམ་ནས་རང་གི་ཆུང་མར་སྔོན་ཏག་ཏག་ལ་བལྟས་པའི་འོད་སྡེར་ནང་གི་ཆགས་སྤྱོད་བྱེད་སྟངས་ཀྱི་ལད་མོ་བྱས་ཏེ་མུན་ནག་ནང་ནས་དགའ་མགུར་རོལ། ཆུང་མ་ནི་སྲོལ་རྒྱུན་གྱི་བོད་རིགས་བུད་མེད་ཅིག་ཡིན་པས། དགའ་མགུ་ཚར་མ་ཐག་ག་ལེར་ཡར་ལངས་ཏེ་ཕྱིར་བསྐྱོད་ཅིང་། གམ་གྱི་ཁང་བའི་ནང་དུ་གཉིད་ཁུག་ཡོད་པའི་སྒྱུག་མོ་གཉིད་ལས་བསླངས་བ་དང་། ད་སོ་མར་ཁོས་ཇི་སྒྲུབ་ཀྱི་ལས་དེ་དག་སྒྱུག་མོར་ཇི་བཞིན་ལབ་ཅིང་། ཁོ་མཚན་ལ་ཕྱི་ནས་ནང་དུ་ལོག་པའི་ལམ་དུ་འདྲེ་ཡིས་བཟུང་པ་འདྲ་ཞེས་བཤད། དེ་ལ་མ་སྨད་གཉིས་ཀྱིས་ཆོས་དཔེ་ལག་ཏུ་ཐོགས། བསང་དུད་སྦར་ཏེ། ཁོའི་ཉལ་སར་ཡོང་ནས་མགོ་ལ་ཆོས་དཔེས་བརྒྱབ། ལུས་ལ་བསང་བདུག་བྱས་ནས་འདྲེ་གདོན་ཕར་སྐྲོད་པའི་ཚུལ་ལུགས་བྱེད། ཁོ་ནི་སེམས་ནས་ཅི་བྱུང་ཧ་གོ་ཡང་ངག་ནས་གསལ་བཤད་བྱེད་པར་འཚེར་སྣང་བྱུང་བས། རང་ཉིད་འདྲེ་ཡིས་བཟུང་བའི་བཟོ་ལྟ་བསྟན་པ་རེད་ཟེར། ཧཧ།
  གང་ལྟར་ཀྱང་། དུས་རབས་ཉེར་གཅིག་པའི་དུས་མགོའི་ལོ་དེ་དག་ཏུ། ང་རང་ཡང་ལང་ཚོ་དར་བཞིན་པའི་ན་ཆུང་ཞིག་ཡིན་ཞིང་། དེ་དུས་ཉི་ཧོང་ཟེར་བའི་མིང་འདི་ཐོས་དུས་སེམས་སུ་ཕོ་མོ་དགའ་སྦྱོར་གྱི་རྣམ་པ་ཁོ་ན་འཁོར་ཡོང་། གཞན་ཡང་། འཇར་འགོག་དམག་འཁྲུག་རྒྱབ་ལྗོངས་བྱས་པའི་གློག་བརྙན་དང་བརྙན་འཕྲིན་ནི་ཉིན་དང་་་་་་་མཚན་ག་ས་གང་དུ་བལྟ་འདོད་ཀྱི་འདུན་པ་མེད་ཀྱང་མིག་ནང་དུ་འཚང་ཡོང་བ་དང་། དམར་གསོད་དང་གདུག་རྩུབ། ལྐོག་གཡོ་དང་བཙན་འཛུལ་སོགས་ཀྱི་ནང་དོན་ནན་བཤད་བྱེད་བཞིན་ཡོད་པའི་བརྙན་རིས་དག་གིས་ང་ལ་ཉི་ཧོང་གི་མི་ཨང་ཉི་ཧོང་གི་མི་ཟེར་ནས་ཧ་ལས་ཧང་སངས་བའི་སེམས་ཚོར་རེ་སྤྲད་ཡོང་། ཡིན་ན་ཡང་། ལོ་ན་ཚོད་རིམ་གྱིས་སྨིན་པ་དང་མཐོང་ཐོས་ཀྱི་རྒྱ་ཆེ་རུ་བསྐྱེད་པ་དང་བསྟུན་ནས་ང་ལ་ཡང་བདེན་རྫུན་ལ་བརྡར་ཤ་གཅོད་པ་དང་། དཀར་ནག་ལ་གོ་ལྡོག་བྱེད་པའི་འཇོན་ནུས་ཡོད་པར་གྱུར། དེ་ནས་བཟུང་། ང་རང་ནི་གོང་གི་འདོད་སྲེད་བརྙན་ཕབ་དང་། འཇར་འགོག་བརྙན་གཟུགས་སོགས་ཀྱི་སྨྱན་སྦྱོར་བརྒྱུད་ནས་ཉི་ཧོང་ལ་ངོས་འཛིན་བྱེད་པ་ཅན་ཞིག་ནས། རིམ་གྱིས་ཉི་ཧོང་རང་ཉིད་ཀྱིས་ཕབ་བསྐྲུན་བྱས་ཏེ་རྒྱ་སྐད་དུ་བསྒྱུར་བའི་བརྙན་འཕྲིན་དཔེ་བཞག་ན་ཐའོ་ཁེའོ་ཡི་བརྩེ་དུང་གི་གཏམ་རྒྱུད་ཟེར་བ་ལྟ་བུ། ཡང་ཉི་ཧོང་གི་རྩོམ་པ་པོ་སྐྱིད་པན་བྷ་ན་ན་ཡིས་བརྩམས་གནང་མཛད་པའི་སྒྲུང་གཏམ་རྒྱ་འགྱུར་མ་དཔེ་བཞག་ན《ཐབ་ཚང》ཟེར་བ་ལྟ་བུ། ཡང་རྒྱལ་ཁབ་གཞན་གྱི་མིས་བྲིས་གནང་མཛད་པའི་ཉི་ཧོང་གི་སྐོར་གྱི་བརྩམས་ཆོས་ཏེ་དཔེ་བཞག་ན་རུའུ་སི་པིན་ཏིས་ཉིས་ཁུ་ཡི་《ལུག་མིག་མེ་ཏོག་དང་རལ་གྲི》ཟེར་བ་ལྟ་བུ་སྟེ། དེ་དག་ལ་ལྟ་ཀློག་བྱས་པ་བརྒྱུད་ནས་ཉི་ཧོང་ལ་ངོས་འཛིན་བྱེད་མཁན་ཞིག་ཏུ་གྱུར། ངོས་འཛིན་འདི་འདྲ་ཞིག་བརྒྱུད་རྗེས་ངའི་སེམས་སུ་མ་གཞིར་ཉི་ཧོང་ཟེར་བའི་ཤར་གྱི་གླིང་ཕྲན་ཏུ་གནས་བའི་རྒྱལ་ཁབ་དེར་ཡང་ཡར་སྔོན་རང་གི་རྟོགས་ཡུལ་དུ་མ་གྱུར་པའི་ངོས་གཞན་པ་ཞིག་ཡོད་དེ། ངོས་དེ་ནི་ང་རང་གིས་སྔོན་ཆད་ཉི་ཧོང་ལ་ངོས་འཛིན་བྱས་པ་དེ་འདྲ་ཞིག་མ་ཡིན་པར་ཁོ་པ་ཚོའི་རིག་གནས་ཀྱི་ནང་སྙིང་དུ་གཅེས་པར་འོས་པའི་སྙིང་སྟོབས་ཤིག བརྩེ་སེམས་ཤིག སེམས་ཁུར་ཅིག་སྐུང་བསྡད་ཡོད་པ་ཚོར། དེ་བས་ཀྱང་གལ་ཆེ་བ་ནི་ཉི་ཧོང་གི་མི་རྣམས་ཀྱང་ང་ཚོ་ནང་བཞིན་བྱམས་སྙིང་རྗེ་ལྡན་པའི་ཁར་བློ་ཤེས་རབ་ཀྱིས་ཕྱུག་པ་མཐོང་།
  མ་གཞི་ནས་མི་ཞིག་ལ་འདི་ལྟ་བུའི་འཇོན་ནུས་ཤིག་ལྡན་པར་དོན་སྙིང་ཆེན་པོ་ཡོད་པར་སྙམ་ཏེ། འདི་ནི་ཕྱི་ཤུན་ནས་ནང་སྙིང་དང་། རང་ངོས་ནས་གཞན་ངོས། ཧོལ་རྒྱུགས་ནས་ལྷོད་འཇགས། ཟེར་སྒྲོས་ནས་དངོས་བརྒྱུད། སེམས་ཀྱི་འཁྱེར་སོ་ཙམ་ནས་དཔྱད་འཇོག་ཟབ་མོ་བྱེད་པའི་བརྒྱུད་རིམ་ཞིག་ཡིན། འདི་ལྟ་བུའི་བརྒྱུད་རིམ་ནི་སྨིན་བཞིན་པའི་རྟགས་ཤིག་ཡིན་ཞིང་། ང་རང་བོད་པ་ཞིག་ཡིན་པའི་ངོས་ནས་ཀྱང་ཉི་ཧོང་ལ་འཛིན་པའི་འདུ་ཤེས་ཀྱི་འགྱུར་བ་འདི་ལས་ཀྱང་གནད་འདི་གསལ་བོར་ཤེས་ཐུབ།
  ཡིན་ན་ཡང་། ང་ཚོའི་བོད་ཀྱི་གཏམ་དཔེར། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཟེར་བ་བཞིན། སྤྱི་ལོ་༢༠༡༣ལོར་ང་ཟླ་བཞི་ལྷག་གི་རིང་ལ་ཉི་ཧོང་དུ་འཚོ་བ་རོལ་བའི་གོ་སྐབས་ཐོབ་པ་ནི་ཉི་ཧོང་ལ་ངོས་འཛིན་གཏིང་ཟབ་ཏུ་ཡོང་བའི་མཐུན་རྐྱེན་ཡག་པོ་ཞིག་ཏུ་གྱུར། ང་སྡོད་སའི་གྲོང་ཁྱེར་ཁྱེའོ་ཏའོ་ཟེར་བ་དེ་ནི་ཉི་ཧོང་ལོ་རྒྱུས་སུ་གོ་གནས་ངེས་ཅན་ཡོད་པའི་ས་ཆ་ཞིག་ཡིན་པ་དང་། སྤྱི་ལོ་༧༩༤ལོ་ནས་༡༨༦༨ལོའི་བར་གྱི་ཉི་ཧོང་གི་རྒྱལ་ས་རེད། གྲོང་ཁྱེར་འདི་ནི་ཉི་ཧོང་གི་སྲོལ་རྒྱུན་རིག་གནས་ཀྱི་རྫོང་མཐུག་ཅིང་ནང་བསྟན་གྱི་དགོན་སྡེ་ཆེ་ཆུང་ཉིས་བརྒྱ་ལྷག་ཡོད་པའི་ས་ཆ་ཞིག་རེད། གྲོང་ཁྱེར་འདིར་ཁང་བ་མང་ཆེ་ཤོས་ནི་ཐོག་བརྩེགས་བཞི་ལས་བརྒལ་མེད་པ་ཅན་ཤ་སྟག་ཡིན་པ་དང་། རྒྱུས་ལོན་ལྟར་ན་དེ་ནི་སྲིད་གཞུང་གིས་གྲོང་ཁྱེར་གྱི་སྲོལ་རྒྱུན་གྱི་ཇུས་འགོད་དང་གནས་སྟངས་ལ་སྲུང་སྐྱོབ་བྱེད་ཆེད་གཏན་འབེབས་བཟོས་པ་ཞིག་རེད་ཟེར། ཡང་ལོ་རྒྱུས་རྒྱུ་ཆ་ལྟར་ན་ཁྱེའོ་ཏའོ་ཉི་ཧོང་གི་རྒྱལ་ས་ཡིན་དུས། ཀྲུང་གོའི་ཐང་རྒྱལ་རབས་ཀྱི་སྐབས་སུ་ཁེལ་ཡོད་ཅིང་། དེ་དུས་ཉི་ཧོང་གི་མི་མང་པོ་ཞིག་ཐང་གི་རྒྱལ་སར་ཡོང་ནས་རིག་གནས་སློབ་སྦྱོང་བྱས་ཏེ་ཕྱིར་ལོག་རྗེས་སྐབས་དེའི་ཁྲང་ཨན་གྲོང་་ཁྱེར་གྱི་བཟོ་བཀོད་དང་ཇུས་འགོད་ལ་ལད་མོ་བྱས་ནས་ཁྱེའོ་ཏའོ་འཛུགས་སྐྲུན་བྱས་པ་རེད་ཟེར། གང་ལྟར་ཀྱང་དུས་རབས་འཕེལ་འགྱུར་གྱི་ཀློང་ནས་གནའ་བོའི་གྲོང་ཁྱེར་འདི་ཡང་ཆོས་ཐམས་ཅད་མི་རྟག་པའི་དབང་དུ་འགྲོ་བའི་ཆོས་ཉིད་ལས་འགོངས་མེད་པའི་ཉམས་སྣང་སྐྱེས་བྱུང་། ད་ལྟ་ག་ས་གར་དུ་དེང་རབས་ཀྱི་ཁང་པ་ཕྱི་བརྩེགས་ནང་བརྩེགས་སུ་གནས་འདུག་པ་དང་། ང་སྡོད་ས་ནི་དམིགས་བསལ་ཅན་ཏེ། ཐོག་བརྩེགས་བཅུ་ཅན་གྱི་ཐོག་ཁང་ཆེན་པོ་ཞིག་ཡིན་ལ། ང་ཐོག་བརྩེགས་བཅུ་བའི་ཁང་མིག་དེའི་ནང་བསྡད་ནས་སྒེའུ་ཁུང་ལས་གྲོང་ཁྱེར་ལ་མིག་མྱུལ་བྱེད་དུས་ཁང་བ་དམའ་མོ་དེ་དག་གི་བར་གསེང་དང་ཕྱོགས་བཞིའི་རི་ལྡེབས་ཀྱི་ནགས་གསེང་ནས་གསེར་མདོག་གི་ཐོག་ཁེབས་དང་རྒྱ་ཕིབས་ལྡན་པའི་ནང་བསྟན་གྱི་དགོན་སྡེ་དག་མཐོང་ཡོང་། ཕྱིས་སུ་གྲོང ཁྱེར་གྱི་སྲང་ལམ་དག་ཏུ་ཉུལ་དུས་ལག་ཏུ་ས་བཀྲ་ཞིག་ཡོད་ན་ལམ་ནོར་ཐེབས་པའི་ཉེན་ཁ་མེད་པར་གྱུར་ཅིང་། དེ་ནི་ལམ་གྱི་མིང་བྱང་གི་ཡི་གེ་མང་ཆེ་ཤོས་ནི་གཟུགས་རྒྱ་ཡིག་ཡིན་པ་དང་། ཕལ་ཆེར་ཀློག་སྟངས་མི་འདྲ་བའམ་ནང་དོན་ལ་ཧེ་བག་ཅུང་ཙམ་ཡོད་པ་མ་གཏོགས་རྒྱ་ཡིག་གི་ནང་དོན་དང་མཚུངས་པ་ལྟར་སྣང་བས། མཚམས་མཚམས་སུ་རང་ཉིད་རྒྱའི་གྲོང་ཁྱེར་ག་གེ་མོ་ཞིག་ཏུ་ཡོད་པའི་འཁྲུལ་སྣང་སྐྱེས་ཡོང་།
ཡིན་ན་ཡང་། ཞིབ་ཏུ་བལྟས་ན་རིམ་གྱིས་རང་ཉིད་ནི་རིག་གནས་ཀྱི་གནས་སྟངས་མི་འདྲ་ཞིང་འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བའི་རྒྱལ་ཁོངས་གཞན་ཞིག་ཏུ་ཡོད་པའི་ཚོར་བ་ངང་ངམ་ཤུགས་ཀྱིས་འབྱུང་བར་བྱེད་དེ། དེ་ནི་ཉི་ཧོང་གི་མི་ནི་སྐད་ཆ་བཤད་དུས་སྐད་མགོ་དམའ་ཞིང་། མི་གཤིས་འཇམ་ལ། ཁེངས་བ་ཆུང་ཞིང་། གུས་ལུགས་ལྡན། ཞིབ་ཚགས་ཆེ་བ་བཞིན། ཉི་ཧོང་གི་རྒྱལ་ཁབ་འདི་ཡང་ཕར་བལྟས་ཚོད་ཀྱིས་དེ་འདྲ་རྔམ་བརྗིད་ལྡན་ཞིང་མཚར་སྡུག་ཆེ་བ་ཞིག་ཏུ་མ་མཐོང་ན་ཡང་། ཞིབ་ཏུ་ལྟ་དུས་གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ཀུན་ཏུ་ཞིབ་ཚགས་ལས་མངོན་པའི་ཤེས་རབ་ཅིག་དང་། མི་ཆོས་ལས་མངོན་པའི་གུས་ལུགས་ཤིག བརྩི་འཇོག་ལས་མངོན་པའི་སྒྲིག་ལམ་ཞིག གྲལ་དག་ལས་མངོན་པའི་སྤུས་ཚད་ཅིག་དང་གཙང་སྦྲ་ཞིག་རིམ་གྱིས་མཐོང་ཡོང་། ཕལ་ཆེར་ང་ཚོ་བོད་པ་དག་ནི་འཚོ་གནས་ཀྱི་ཁོར་ཡུག་ཅིག་གིས་སམ་ཡང་ན་རིག་གནས་ཀྱི་སྲོལ་རྒྱུན་ཞིག་གི་དབང་གིས་གང་ཡིན་མི་ཤེས་མོད། སྡོད་སའི་