གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲས་མོ་མེ་རིས་ཅིའམ་གཞན་ཞིག་གི་ཉིན་གཅིག

2015-03-25 10:18:54 དུར་སྲི།༼ ལན་ཀྲུ༽ ཀློག་གྲངས། མཆན ཡོད།

  དེ་རིང་གི་གནམ་གཤིས་ནི་ངའི་སེམས་ཁམས་ཇི་བཞིན་ཉིན་གང་བོར་འཐིབ་འཐིབ་ལ་བསྡད་ཅིང་ཆར་བ་ཟམ་ཟིམ་ཞིག་འབབ་པའང་ཉིན་གང་བོ་མཚམས་མ་བཞག དེ་བས་ བདག་གིས་ཁང་མིག་ཆུང་ཆུང་དེའི་ནང་ནས་བརྩམས་སྒྲུང་<<གསང་བའི་མེ་ཏོག་ལྡུམ་རྭ>>ཞེས་པ་རྩོམ་པོ་ཨ་མེ་རི་ཀའི་Frances Hod gsomBurnettཞེས་པ་དེ་ཡིན་ལ་དེ་ནས་རྒྱའི་ལོ་ཙཱ་བ郑志红ཞེས་པས་རྒྱ་ཡིག་ལ་བསྒྱུར་ཞིང་དེ་ནས་ཡང་བོད་ཀྱི་སློབ་མ་འགས་བོད་ཡིག་ལ་བསྒྱུར་བའི་ཨ་འགྱུར་ཡང་འགྱུར་བྱས་པའི་བརྩམས་ཆོས་ཤིག་རེད། ཨ་འགྱུར་ཡང་འགྱུར་བྱས་པའི་བརྒྱུད་རིམ་དུ་སྒྱུ་རྩལ་གྱི་བྲོ་བ་མང་པོ་ཞིག་ཞོར་ལ་བོར་སོང་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད་མོད། གང་ལྟར་ཕྱི་གླིང་པའི་རྩོམ་དག་ལ་དགའ་དྲགས་པའི་ཐེངས་གཅིག་བལྟ་ཁུལ་བྱས་པ་ཡིན། ནང་དུ་ཡང་བོད་ཀྱི་ཚིག་གི་བྲོ་བ་བོར་ཨེ་འདུག་སྙམ་པའི་ཐ་སྙད་འགའ་ཞིག་མཐོང་བའི་མོད་ལ །བདག་གིས་སེམས་པ་དེ་ཡང་བརྩམས་སྒྲུང་ལས་བུད་དེ་རྭ་སྐོར་གཅིག་གི་ནང་དུ་ཡོད་པའི་མེ་ཏོག་ལྟ་བུའི་བུ་མོ་དེའི་ཕྱོགས་སུ་ཤོར་སོང་། ངེད་གཉིས་བར་ལ་གསང་བ་ཅི་ཡང་མེད་ལ་ངོ་ཤེས་ནས་ཀྱང་ཏག་ཏག་ཉིན་འགའ་མ་གཏོགས་འགོར་མེད། དེས་རྐྱེན་པས་མོ་གསང་བའི་མེ་ཏོག་ལྡུམ་རྭ་ལ་འབྲེལ་བ་སྤུ་ཙམ་མེད་ལ། དེའི་ནང་གི་མི་སྣ་གཙོ་བོ་སྲས་མོ་མེ་རིས་ཅི་ལའང་འབྲེལ་བ་ཅི་ཡང་མེད་མོད། བདག་གིས་ཚོད་ཚོད་ལ་སྲས་མོ་མེ་རིས་ཅི་ཁོ་མོ་ཡིན་པ་འཁྲུལ་ཞིང་ཁོ་མོ་ནར་སོན་དེ་བཅུ་དྲུག་ལང་ཚོ་རྫོགས་པའི་མོ་གཞོན་ཞིག་ཏུ་འགྱུར་འདུག་པར་བསམ་ཞིང་། ཁོ་མོས་རྒྱུན་དུ་མཐོང་བའི་མྱ་ངན་ཐང་ཆེན་དེ་ཡང་ད་ལྟ་མིག་ཆུའི་རྒྱ་མཚོ་ཆེན་པོ་ཞིག་འཁྱིལ་ཡོད་པ་དང་། རྒྱ་མཚོའི་འགྲམ་དུ་མོའི་གདོང་གི་འཛུམ་མདངས་འདྲ་བའི་མེ་ཏོག་མང་པོ་སྐྱེས་ཡོད་ལ། རྒྱ་མཚོའི་ནང་དུའང་ངང་བ་དང་གསེར་ཉ་སོགས་རང་རང་གི་ས་ནས་དགའ་སྐྱིད་ཀྱི་དཔལ་ལ་རོལ་འདུག མེ་རིས་ཅི་ཡི་ནམ་རྒྱུན་སུན་སྣང་དང་སྐྱོ་སྡུག་གིས་མནན་ཡོད་པའི་ཐེག་དཀའ་བའི་མགོ་བོ་དེ་ཡང་ད་ལྟ་དགྱེ་ཙམ་བྱས་ཡོད་པ་དང་། གདོང་ལའང་དགའ་སྐྱིད་ཀྱི་ཉམས་ཤིག་ཤར་འདུག་ལ། སྒེའུ་ཁུང་ཆུང་ཆུང་དེ་ལས་མིག་ཆུའི་རྒྱ་མཚོ་ལ་ཅེར་ནས་ཡིད་ཙམ་ལ་བལྟ་བ་དང་། ཕྱིར་དྲན་ཞིག་དང་འདྲ་བའི་རྒྱབ་གཟུགས་དེ་ལ་གསབ་ནན་གྱིས་བལྟས་ཏེ་ལན་རེར་ཅུང་ཙམ་དགོད་པ་དང་ལན་རེར་མཁུར་ཚོས་ནས་མིག་ཆུ་རྡོག་པོ་འགའ་འཐོར་བར་བྱེད་མོད། མོ་རང་ཉིད་ཀྱིས་ནི་ཅི་ཡང་འཚོར་གྱིན་མེད་པ་འདྲ། ད་དུང་མིག་རྡེབ་ཙམ་ཡང་མ་བྱས་པར་མག་མོག་གི་རྒྱབ་གཟུགས་དེར་ཧད་འདུག སྣང་ལ་མི་སྣང་བ་འདྲ་བའི་རྒྱབ་གཟུགས་དེ་མག་མོག་ནས་རབ་རུབ་ཏུ་གྱུར་ནས་ཅི་ཡང་མི་སྣང་བར་གྱུར་སོང་། ཁོ་མོའི་གདོང་མདོག་དེ་ཡང་གློ་རྡེག་ཏུ་དམར་བོར་གྱུར་ལ། མིག་ཆུ་ཡང་ཆད་མེད་དུ་བཞུར་གྱིན་འདུག དེ་མུར་གློ་བུར་དུ་མུན་རུབ་སོང་། སྒེའུ་ཁུང་ཆུང་ཆུང་དེའི་དྲ་མ་ཡང་རླུང་ལྡང་ནས་ཁྲོག་སེ་ནང་ལ་བརྒྱབ། མི་གསོད་ཅིག་དང་འདྲ་བའི་མུན་ནག་གི་ངོ་གདོང་ལ་ཅེར་དུས།ད་གཟོད་མོས་མོ་རང་ཉིད་ཁེར་རྐྱང་ཡིན་པ་ཚོར། དེ་བས་ཁོ་མོ་ཤིན་ཏུ་སྐྲག ཁོ་མོས་ཕ་མེས་ཚོའི་ངག་རྒྱུན་ན་ཡོད་པའི་འདྲེ་ཞེས་པ་དེ་དྲན་པ་དང་ལུས་ཟུང་འདར་ནས་རང་ཉིད་ཀྱིས་རང་ཉིད་ཐེགས་དཀའ་བའི་སྣང་བ་སྐྱེས།ཁོ་མོ་སྐྲག་ནས་རང་ཉིད་ཀྱི་ཀླད་རྩ་ཆད་ནས་ཅི་ཡང་དྲན་རྒྱུ་མེད་ན་འདོད་པར་མ་ཟད་མྱུར་དུ་ཤི་སོང་ན་ཅི་མ་རུང་སྙམ་པའི་ཚད་ལའང་སླེབས། གློ་བུར་དུ་ཕྱི་རོལ་གྱི་རླུང་སྒྲ་དང་བསྡོངས་ནས་རྒྱུས་མེད་ཀྱི་ངུ་སྐད་ཅིག་གྲགས་བྱུང་། ཁོ་མོ་ཧོན་ཐོར་པར་གྱུར་ཞིང་རང་ས་ནས་གཡོ་འགུལ་ཙམ་ཡང་བྱེད་མི་ཕོད་པར་སླར་ཡང་ཕ་མེས་ཚོའི་གཏམ་རྒྱུན་ཁྲོད་ཀྱི་འདྲེ་ཞེས་པ་དེ་དྲན་པར་འགྱུར། ཁོ་མོས་མགོ་གནམ་ལ་ཟུག་ཅིང་རྐང་པ་ས་ལ་ཐུག་པ། སྐྲ་དམར་བོ་གདོང་སྔོན་པོ་རྐང་བ་རྩྭ་འཇག་མ་ཇི་བཞིན་ རབ་ཏུ་ཕྲ་བ་དང་། ཁ་ནས་མེ་འབར་ཞིང་སྣ་ནས་དུ་བ་འོང་བ་ལྟ་བུ་ཞིག་རང་ཉིད་ཀྱི་གམ་དུ་སླེབས་བྱུང་སྙན་ནས་ཨག་སྐད་བརྒྱབ་པ་དང་དུས་མཚུངས་སུ་མོ་རྒྱལ་སོང་། མོ་སད་དུས་ཕལ་ཆེར་སྐྱ་མདའ་བཀྱགས་འདུག ཁོ་མོས་ངག་ནས་༼འཇིག་སྐྲག་ལགས་ང་རང་འཆི་རུ་འཇུག་རོགས༽ཅེས་ཡང་ཡང་བཟློ་བཞིན་འདུག ཉི་མ་ནི་རྒན་པོ་ལོ་ལོན་ཞིག་ཡོང་བ་ལྟར་རི་བོའི་རྩེ་ནས་དལ་གྱིས་འཕགས་ཡོང་། མིག་ཆུའི་མཚོ་མོའང་དལ་ལྷོད་ལྷོད་ངང་འཁྱིལ་འདུག སྐྱོ་གདོང་གི་རི་བོའི་ངོས་ཀྱི་རླངས་པ་ཐན་ཐུན་ཞིག་རྒན་མོ་ལོ་ལོན་ཞིག་གི་གདོང་གི་གཉེར་རིས་ཇི་བཞིན་གྱ་གྱུར་མཁའ་ན་རྒྱུ། ཁོ་མོས་འདོད་ལ་མི་འདོད་ངང་ཡར་ལངས་ནས་སྒེའུ་ཁུང་ཆུང་ངུ་དེ་ལས་ཕྱི་རོལ་གྱི་ཡུལ་ལྗོངས་ལ་བལྟ་བ་དང་། སུན་སྣང་གི་མགོ་བོ་འགྱོག་དཀའ་བར་འགྱུར། ཁོ་མོས་གློ་བུར་དུ་ཕ་ཡུལ་དྲན་པ་དང་གདོང་རབ་ཏུ་དམར་བའི་ཕ་མ་དག་ཀྱང་དྲན་ལ། དེ་ཚོ་རེ་རེ་ཁྲག་དམར་འཁྱིལ་བའི་གཡུལ་འགྱེད་ཅིག་གི་ཁྲོད་ནས་ལུས་ལ་ཁྲག་དམར་འཛར་བཞིན་འགྱེལ་སོང་བ་དྲན་ལ།དེ་ཚོས་འཆི་ཁའི་མིག་ཟུང་རང་ལ་གཏད་ནས་ཁྱོད་རང་ངེས་པར་དུ་གསོན་དགོས་ཟེར་བ་འདྲ་བའི་མིག་ཟུང་རེ་རེ་དྲན་པ་ན།མོས་སྔར་བཞིན་མིག་གོང་མཆི་མའི་གང་བ་དང་།ཡང་བསྐྱར་རང་ཉིད་སྔར་ནས་ཁོ་ཚོ་དང་མཉམ་དུ་ཤི་སོང་ན་ཅི་མ་རུང་སྙམ་པ་དང་མདང་དགོང་གི་རྨི་ལམ་ཡིན་ལ་མངོན་སུམ་ཡིན་པ་འདྲ་བའི་འཇིག་སྐྲག་གི་བྱ་བ་དག་དྲན་པ་དང་།ངག་ནས་ཀྱང་རང་དབང་མེད་པར་རང་ཉིད་ཀྱིས་ཀྱང་ཐེངས་འགའ་མ་གཏོགས་ཐོས་མ་མྱོང་བའི་གླུ་དབྱངས་འདི་ཡང་ཡང་ལེན་དགོས་བྱུང་།
བདག་ནི་ལྷ་ཡུལ་ལྟ་བུའི་རྒྱལ་ཁམས་ན་གནས་ཀྱང་།།
ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག།
མཛེས་སྡུག་ལྡན་པའི་ཕ་ཡུལ་རྩྭ་ཐང་དེ་དྲན་དུས།།
བདག་གི་སེམས་འདི་རྟ་ཕོ་གཤོག་ཐོགས་དང་འདྲ་བྱུང་།།
  དེ་ལྟར་གླུ་དབྱངས་དེ་ལེན་གྱིན་ཁོ་མོའི་མིག་གོང་མཆི་མའི་གང་བཞིན་གཉིད་དུ་ཡུར་སོང་། རྨི་ལམ་དུ་ཁོ་མོས་སྔོན་ཆད་མཐོང་མྱོང་ལ་མ་མྱོང་བ་འདྲ་བའི་རྩྭ་ཐང་དང་ལུག་ཁྱུ་མང་པོ་ཞིག་རྨི་བཞིན་འདུག་ལ། ཁོ་མོས་ལོ་མང་རིང་མཐོང་མ་མྱོང་བའི་ཕུ་ནུ་མིང་སྲིང་ཚོ་ཡང་རྨི་བཞིན་འདུག ང་ཡང་ཁོ་མོའི་མཚར་སྡུག་གི་རྨི་ལམ་དུ་འཛུལ་འདོད་པའི་སྐབས་དེར།ངའི་འགྲམ་ན།ཉེ་ལམ་ངོ་ཤེས་པའི་བུ་མོ་དེས་ང་རང་སྒུལ་གྱིན་འདུག ཁོ་མོས་ང་ལ་ཁ་མཚར་འདྲེས་མས་སྙན་ངག་པ་ཡར་ལོང་། ཉིན་གཅིག་པོར་གཉིད་ནས་ཟས་ཀྱང་ཟོས་མེད། མྱུར་མོར་ལོངས་།ཟ་མ་འདི་ན་བཞག་ཡོད། འཁྱག་གི་མ་འཇུག་ཟེར་ནས། རང་ཁྱིམ་དུ་བུད་སོང་། ངོ་མ་ཉིན་ཐོ་འདི་བྲིས་རྗེས་མུན་ཡོངས་སུ་རུབ་སོང་། ང་ཡང་མུན་ནག་གི་ངོ་དགོང་ལ་འཇིགས་སྐྲག་རབ་ཏུ་སྐྱེས་བྱུང་།

                       ཉིས་སྟོང་བཅུ་བཞི་ལོའི་ཟླ་ཅུ་གཅིག་པའི་ཚེས་བཅུ་གསུམ་ལ་ལན་གྲུ་རུ་གྲུབ།  

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།