གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱར་གནང་སྐབས་ཀྱི་དྲན་འཆར།

2015-05-11 23:15:53 རིན་ཆེན་ཐར། ཀློག་གྲངས། མཆན ཡོད།


  མདུན་རིའི་དེའུ་འབུར་ནས་འགྲེང་སྟེ་རྒྱང་བལྟ་བྱེད་དུས། དཔའ་བོའི་དབུ་རྨོག་ལ་དར་འཕྲུས་བརྒྱན་པ་ལྟ་བུའི་བུ་ངའི་སྐྱེས་ལྷའམ་སྡེ་བའི་རྒྱབ་རི་སྒོམ་པ་རིན་ཆེན་བརྗིད་ཉམས་ཀྱིས་འགྱིང་བ་མངོན་པ་དང་། ལོ་ངོ་སུམ་ཅུའི་སྔུན་གྱི་དབྱར་གནང་གི་དུས་དེ་དག་ལ། དྲིན་ཆེན་ཨ་མས་གསར་རྫི་ལ་མངགས་པའི་རྣམ་པ་དག་ཡིད་ལ་ཝ་ལེར་དྲན་བྱུང་།
  གཉིད་ཧ་ཅང་སྐྱིད་པོ་ཞིག་གི་ཁྲོད་ཨ་མས་འོ་མ་དཀྲོགས་པའི་སྒྲ་དབྱངས་ནི་ཆེད་དུ་གཉིད་ཀྱི་རམ་འདེགས་རོལ་དབྱངས་ཞིག་དང་མཚུངས་བར་སིམ་པར་བྱེད་པ་དང་།ག་ཤེད་འགོར་བ་མ་ཤེས་བར། ཆེས་གཏིང་རིམ་ གཏིང་རིམ་ཞིག་ནས། ཡར་ལོངས། ད་ཡར་ལོངས། ནམ་ལངས་ལ་ཡོད་གི་ཅེས་འཇམ་ཞིང་སྙན་མོའི་ངག་གིས་འབོད་པར་བྱེད་ཅིང་།གླལ་རྒྱངས་བྱེད་ཞོར་འདོད་ལ་མི་འདོད་ཀྱིས་ཡར་ལངས་ཏེ་ནངས་མོ་རེ་རེ་བཞིན་ བཞོས་ཚར་མ་ཐག་གི་མཛོ་མོ་རྣམས་དེད་དེ།རྫི་བོ་ལ་སོང་བ་དྲན་འོང་། རྐང་འབོབ་མེད་པར་རས་ལྷམ་དམག་མདོག་ཅན་གོན་ཏེ།དོར་མ་པུས་མོའི་བར་རྡོག་ནས།མུ་ཏིག་ལྟ་བུའི་ཟིལ་བ་རྡོག་པས་གཏོར་ཞིང་གཏོར་ཞིང་འགྲོ་བའི་རྣམ་པ་དག་དྲན་འོང་།རྒྱབ་རི་སྒོམ་པ་རིན་ཆེན་གྱི་རི་ངོར་འགོ་བ་དང་ཆུ་ཚོད་བཅུ་གཅིག་ཡོལ་ཙམ་ལ་ཕྱིར་དེད་ཡོང་སྟེ། སླར་ཡང་ཨ་མས་གུང་བཞོས་བྱ་དགོས།དེ་དུས་མཛོ་མོ་ཤག་ཤག་ཏུ་བཞོ་བཞིན་པའི་ཨ་མའི་འགྲམ་དུ་བསྡད་དེ། བརྔན་པ་ལ་མར་ལོ་ཆེ་ཙམ་གཡུག་པའི་རྩམ་པ་ལྡོད་ཀྱིན་ཟིལ་བ་སྐམ་ལ་མ་སྐམ་གྱི་གྲེས་མའི་གསེང་དུ་འགྲེ་ལྡོག་རྒྱག་པ་དང་། བཞོས་ཚར་རྗེས་འོ་མ་ཅ་ནེ་གང་ཡང་བརྔན་པར་ལྡུག་སྲིད་པས། སྒོག་སྒོག་ཏུ་འཐུང་ཚར་བར་བྱས་རྗེས། སླར་ཡང་ལུང་བའི་ནང་ཡར་དེད་ནས་འགྲོ་བ་དང་། ཉིན་ངོས་སྤང་དང་སྲིབ་ངོས་ནགས་ཀྱིས་ཟིན་པའི་ལུང་བའི་ཉིན་ངོས་སུ་བརྒྱབ་རྗེས། ནགས་འདབས་ཀྱི་ཁང་རྒན་ཞིག་དང་མཚུངས་བའི་སྡོང་རྒན་དེའི་འོག་ནས་བ་མ་ནག་རིལ་དེ་སྒྱེད་པུར་བཞག་རྗེས་ཇ་སྐོལ་ཞོར་རྩེད་འཇོར་གཡེང་ཚུལ་ཡང་དྲན་འོང་།
  ཏག་ཏག དབྱར་གནང་སྐབས་ནི། རོང་འབྲོག་གཉིས་གཉེར་གྱི་ཕ་ཡུལ་ལ་མཚོན་ན། ལས་ཀ་ཆེས་མང་དུས་ཀྱི་དུས་ཚིགས་ཡིན་ལ། ཕྲུ་བསློག་པ།ཡུར་མ་ཡུར་བ། ཆེ་ལྡུམ་བསལ་བ། སྡོད་ཁང་ཞིག་གསོ་བྱེད་ མཁན་ཡང་མང་བས་ཕན་ཚུན་ལས་རོགས་བྱེད་དགོས་བ། སྟོན་བསྡུ་སོགས་ཧ་ཅང་བྲེལ་བ་ཆེ་ལ། མར་ཆུར་གསོག་པའི་དུས་ཚོད་ཀྱང་ཡིན་གཤིས། ནམ་མ་ལངས་གོང་ཨ་མས་སྔ་ཉིན་གསོག་པའི་འོ་མ་དཀྲོགས་པ་དང་དེ་ ནས་བཟའ་ཕོ་ལོག་མོ་ལོག་གིས་ལས་ཀ་གཞན་དག་ལས་དགོས།སློབ་གྲྭ་བ་ནི་ལས་རོགས་བཟང་བོ་ཞིག་ཏུ་གྱུར་ཡོད།
  ཕྱིང་ཞྭའམ་རྩྭ་ཞྭ་ཟད་པོ་རེ་གྱོན་ཅིང་གོན་པ་རྙིང་ཧྲུལ་དུ་སོང་བ།བ་མ་ཆུང་ཆུང་དུ་རྩམ་ཁུག་དང་བ་རེས། ཕོར་བ །ཇ་ནག་ཉུང་ཙམ་བཅས་བཅུག་རྗེས་ཏ་ལེན་དུ་བརྫངས་ནས་ཕྲག་པར་གཟར་ཞིང་། རྒྱབ་ཏུ་ཆར་གདུགས་བོའུ་རིང་བཞིན་ཁུར་ནས་འགྲོ་བའི་རྫི་བོ་རྒན་པ་དེ་ཚོ་དྲན་འོང་ལ།ཁོ་ཚོ་ནི་ལོ་ཆེ་བའམ།རྐང་ལག་དེ་འདྲ་མི་བདེ་བ་སོགས་ཀྱིས་ལས་ཀ་གཞན་ལས་མི་ཐུབ་པ་དག་རེད།ཁོ་ཚོས་ང་ཚོ་རྫི་བོ་བྱིས་བ་ཚོར་ཁ་འཚོ་མིག་འཚོ་དང་བཀོད་འདོམས་བྱ་སྲིད་པ་དང་།ཇ་སྐོལ་ཞོར་གནའ་གཏམ་མང་པོ་བཤད་ལ། རྫི་བོར་འགྲོ་མཁན་མེད་པའི་དུད་ ཁྱིམ་གཞན་པ་ཚོའི་རྫི་གོའང་ཆོད་པར་བྱེད། རྒན་པ་དེ་དག་ཕལ་ཆེ་བ་ད་ལྟ་མེད་སོང་བ་དང་།ཡོད་པ་དག་ཀྱང་འཁར་བར་བརྟེན་ཏེ་མ་ནི་སྐོར་ཁང་དུ་འགྲོ་བཞིན་ཡོད་ལས་ཆེ། སྐབས་དེའི་རྫི་བོར་འགྲོ་རོགས་སམ་རྩེད་གྲོགས་ན་ཟླ་དེ་དག་ད་ལྟ་ལོ་ཚོད་ལས་བརྒལ་བའི་རྒས་ཉམས་ཤིག་མངོན་གྱིན། ཕྲེང་བ་འདྲེན་ཞོར། ཁ་མུག་མུག་ཏུ་འགྲོ་བཞིན་འཚམས་འདྲི་རེ་བྱས་རྗེས་སླར་ཡང་སྨྲ་བ་མེད་པར་གང་ཞིག་ལ་འཚབ་འཚུབ་ཀྱིས་བུད་འགྲོ།
  སྡེ་མདུན་གྱི་མ་ནེ་སྐོར་ཁང་མཐའ་རུ་རྒན་རྒོན་འགའ་རེ་གྱོལ་མ་ལྡིང་གིས་བསྐོར་བར་འགྲོ་བ་མཐོང་ཞིང་། འགའ་ཤས་འགྲམ་ལོགས་སུ་འཕྲེད་དུ་བསྙལ་བའི་སྡོང་དུམ་སྟེང་བསྡད་དེ་རྒྱ་ལམ་དུ་ཡར་མར་འགྲོ་བའི་འཕྲུལ་ཆས་རིགས་ལ་མིག་སྐྱེལ་རེ་བྱ་བཞིན་ཅི་ཞིག་ཤབ་ཤུབ་ཏུ་ཤོད། འགྲམ་གྱི་ལམ་ནང་དུ་ཆུ་ལེན་བུད་མེད་གཉིས་གསུམ་རེ་འགྲོགས་ནས་འགྲོ་བ་མཚམས་མཚམས་མཐོང་ལ།དེའི་ཁྲོད་དུ་རྒྱ་ལ་གྱོན་མཁན་གཞོན་ནུ་མ་འགའ་རེ་ ཡང་ལན་རེར་མཐོང་རྒྱུ་ཡོད་པ་ཕལ་ཆེར་དབྱར་གནང་ལ་ལོག་པའི་སློབ་གྲྭ་བ་རེ་ཡིན་ཀྱང་སྲིད། ཚང་མས་འགྱིག་སྣོད་ཁུར་ཏེ་འགྲོ་བ་ལས་ཤིང་ཟོ་ཁུར་མཁན་མཐོང་རྒྱུ་མེད་ལ་ཁུར་ཤེས་མཁན་ཡང་ཧ་ཅང་ཉུང་བར་སྙམ། ཁ་པར་ལ་རེག་བཞིན་དལ་བྲེལ་ཅི་ཡང་མེད་པར་འགྲོ་མཁན་ཡང་མི་ཉུང་བ་ཞིག་མཐོང་།
  མཚམས་ཤིག ཡུལ་ཚོའི་སྲིད་གཞུང་ཕྱོགས་སུ་བརྐྱངས་པའི་གཞུང་ལམ་ནས་གཉིས་འཕོང་གསུམ་འཕོང་གིས་ཞོན་པའི་འཕྲུལ་རྟ་འགའ་རྡུལ་ཕུང་འཚུབ་བེ་ཤོར་ཡོང་ཞིང་། ང་ཡོད་སའི་དེའུ་འབུར་གྱི་འདབས་ནས་ཧྲག་སྒྲ་དང་བཅས་ཏན་སེ་བསྒགས་རྗེས། ས་ལ་བབས་ནས་ཡར་ལ་འཛེགས་ཡོང་། སྐྲ་ལོ་ཟ་འགྲམ་ནས་རྣ་མཆོག་ཀླད་བར་བཞར་ནས་བྱ་ཕོའི་ཟེ་བ་ལྟར་བཞག་ཡོད་མཁན་གཅིག་གཉིས་རེ་ཡོད་ལ།ལ་ལས་སྐྲ་ལོ་སེར་པོ་བསྒྱུར་འདུག སྤུས་ལེགས་ཚོང་རྟགས་ཅན་གྱི་གོན་པ་གྱོན་མཁན་ཡང་རེ་གཉིས་ཡོད་ལ་ཕལ་ཆེ་བས་གོན་པ་གྲ་དག་རེ་གྱོན་འདུག འདི་དག་སྐྱ་ཉིལ་ལེའི་སྡེ་འདི་དང་བར་ཁྱད་ངེས་ཅན་ཞིག་ཡོད་པ་ལྟར་སྣང་། གཅིག་ཟུར་ལ་བུད་ནས་འཚམས་འདྲི་བྱས་བྱུང་།དེ་ནི་ངའི་ཚ་བོ་ཞིག་རེད།གཞན་པ་ཚོས་ཀྱང་འཛུམ་རེ་སྟོན་བཞིན་མགོ་བོ་ལྕོག་ཙམ་རེ་བྱས་ནས་འགྲམ་ཙམ་ནས་བསྡད། དེ་དག་ཚང་མ་ང་ཚོའི་སྡེ་བ་ནས་ཡིན་འདུག སློབ་མ་དང་སློབ་མ་མ་ཡིན་པའི་ན་གཞོན་ཏག་ཏག་རེད།ཁོ་ཚོས་སླར་ཡང་ལབ་གླེང་གི་འཕྲོས་བསྐྱངས། ཨ་རིའི་ཆེས་མཐོའི་དྲ་འཕེན་སྤོ་ལོ་འགྲན་བསྡུར་དང་།མཇུག་རྫོགས་མ་ཐག་པའི་འཛམ་གླིང་བུམ་པའི་རྐང་གྲུག་འགྲན་བསྡུར་སོགས་མང་དག་ཅིག་གླེང་ཞིང་།ཡང་ས་ཆ་གང་ཞིག་ནས་སྤོ་ལོ་འགྲན་སྡུར་གང་འདྲ་སྤེལ་རབས་དང་།བྱ་དགའ་གང་དང་གང་ཞིག་སྟེར་རབས། གང་ཞིག་ནས་ཚད་མཐོའི་འགྲན་སྡུར་སྤེལ་ལ་ཉེ་རབས་དང་སྤེལ་རྩིས་ཡོད་རབས། རྫོང་ག་གེ་མོའི་སྤོ་ལོ་རུ་ཁག་གང་དེ་འགྲན་ཡ་མེད་ལུགས། སྡེ་བ་གང་ཞིག་གི་སྤོ་ལོ་བ་གང་དེ་རྩེད་སྟངས་ཡག་ལུགས། གཞན་དེ་རྩལ་ཆེ་ལུགས། ས་ཆ་གང་ཞིག་ནས་རྟ་རྒྱུགས་འགྲན་ཚོགས་སྐོང་ལུགས་དང་ད་དུང་གང་དང་གང་ནས་ཚད་རིམ་མི་གཅིག་པའི་འགྲན་སྡུར་སྐོང་རྩིས་ཡོད་ལུགས།རྟ་གང་དེ་མིང་དུ་གྲགས་ལུགས། གོང་ཆེན་ནམ་མིང་ཆེན་གང་དེས་ཨང་རིམ་མ་ཐོབ་ལུགས་སོགས་ཡས་མས་ཀུན་གླེང་ཅི་ཐུབ་བྱེད་ཀྱི་འདུག།གཅིག་གི་ལག་ན་སྤོ་ལོ་ཞིག་གཡུགས་གཡུགས་བྱེད་གི་ཡོད་ལ།ཚུགས་ཀ་ལ་བལྟས་ན་ཁོ་ཚོས་ཀྱང་གང་ཞིག་ནས་ཡིད་ཚིམ་པ་ཞིག་རྩེ་ཟིན་པ་འདྲ།མཐའ་འཁོར་དུ་འགའ་རེ་ཁ་གདང་མིག་ཅེར་གྱིས་ཁོ་ཚོའི་ལབ་གླེང་ལ་ཧད་ནས་འདུག་ཅིང་། འགའ་རེས་ཁ་པར་རེག་རེག་གཏོང་གིན་རྣ་བ་ཁོ་ཚོའི་ཕྱོགས་ལ་གཏད་ནས་འདུག ཡར་མར་གང་མང་ཞིག་གླེང་གིན་འདུག་ཀྱང་ང་ལ་ཉན་སྤྲོ་བ་ནི་མི་འདུག་ལ་ལོ་ཡི་ཆ་ནས་ཀྱང་ཧེ་བག་ངེས་ཅན་ཞིག་སྣང་བ། ངའི་ལྷིང་འཇགས་ཁྲོད་ཀྱི་ཕྱིར་དྲན་ལ་ཡང་བར་ཆད་བྱས་པས་ད་ང་རང་སོང་ན་འགྲིག་སྙམ་པའི་ཚེ། སྟབས་ལེགས་པ་ཞིག་ལ་སྤོ་ལོ་བཟུང་བའི་གཞོན་ནུ་དེར་ཁ་པར་ཐོན་ཏེ་སྡེ་བ་གང་ཞིག་གི་སྤོ་ལོ་བ་སློབ་གྲྭའི་སྤོ་ལོ་ར་བར་སྒུག་ཡོད་ལུགས་བཤད་པས་ཁོ་ཚོ་སླར་ཡང་ཞོགས་སོང་།ཅི་ཡང་དྲན་ཆོག་པའི་རང་དབང་དང་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་སླར་ཡང་ཤར།
  སྡེ་བའི་འདབས་ནས་སྨད་ལ་བརྐྱངས་བའི་རྐང་ལམ་དེ་ཐད་ཀར་དགོན་པ་ལ་གཏུགས་འདུག ང་ཆུང་དུས་སུ། སློབ་གྲྭ་དགོན་པའི་ཉེ་འགྲམ་དུ་ཡོད་པས། ཁ་ཆར་འདྲེས་མ་འབབ་པའི་སྟོན་མཇུག་གི་ནངས་མོ་ཞིག་ལ།སྐྲ་ལོ་སྐྱ་ཕྱེད་སྔོ་ཕྱེད་ཀྱི་རྨོ་མོ་བདེ་བ་ཅན་མ་ལགས་ནས་དཔེ་ཁུག་མཆན་ལ་བཙིར་ཏེ་ཐེངས་དང་བོ་སློབ་གྲྭར་བསྐྱལ་བའི་ངང་ཚུལ་ཡང་དྲན་ཞིང་།ང་དང་ངའི་ན་ཟླ་ཚོས་ལམ་བྲོ་ཟ་གིན་ལོ་ལྔ་ལ་རྐང་ལམ་འདི་བརྒྱུད་དེ་སློབ་གྲྭར་ཞུགས་པའི་ངང་ཚུལ་དག་ཁ་སང་ལ་བྱུང་བའི་དོན་དག་ཅིག་དང་མཚུངས་བར་བརྗེད་པ་མི་འདུག ལྷག་པར། དཔྱིད་འགོ་ཚེས་བ་ནས།རྐང་ལམ་གཡས་ངོས་ཀྱི་རི་ངོར་འགོས་ཏེ།རི་སྒོག་འཚོལ་བཞིན་ཆུར་ཁུས་བརྫིས་བའི་རྩམ་པ་ལམ་བྲོ་ལ་འཁྱེར་ཡོད་པ་དང་སྤགས་ནས་བཟས་བ་དང་།རྩམ་པ་འགྲང་ཚོད་ཅིག་སྤགས་ནས་ཟ་ཐུབ་རྒྱུ་བྱུང་ན་དེ་ལས་ལྷག་པ་ཅི་ཡང་དྲན་རྒྱུ་མི་འདུག མ་གཞི་སྐབས་དེ་དུས་འཚོ་བའི་ཆུ་ཚད་ཧ་ཅང་སྐྱོ་བོ་ཡིན་ལ་རྩམ་སྐྱ་ཆད་འགྲོ་མཁན་གྱི་དུད་ཁྱིམ་ཡང་གང་མང་ཞིག་ཡོད་རབས་བཤད།
  དུད་ཚང་ལྔ་བཅུར་ཉེ་བའི་སྡེ་བའི་ཆགས་རིམ་ལ་འགྱུར་བ་ཅི་ཡང་མེད་པར་སྔར་གྱི་སྐྱ་ཉིལ་ལེའི་མཁར་གྱང་དག་ཡིན་ལ། ནང་གི་ཁང་བ་དག་གཅིག་ལས་གཅིག་ལྷག་གསར་དུ་བརྒྱབ་ཡོད་ཀྱང་། རྒྱང་ནས་བལྟས་ཚེ་ཤེལ་སྒོ་སྤྲད་ཡོད་པ་ལས་གཞན་སྔར་བཞིན་འགྱུར་བ་ཅི་ཡང་མེད་པ་ལྟར་མཐོང་བས། ཆུང་དུས་བཞིན་རྒྱང་ནས་ཀྱང་ཁྱིམ་ཚང་རེ་རེ་ངོས་འཛིན་བྱ་ཐུབ།
  དེ་བཞིན། སྡེ་མདུན་དུ་ནུབ་ནས་ཆས་ཏེ་བྱང་དུ་འཁྱོག་བཞིན་ཆལ་ཆིལ་དུ་རྒྱུ་བའི་ཀླུ་ཆུ་དང་།ལུང་བའི་ནང་ནས་འབབ་པའི་དྭངས་ཀྲིག་ཀྲིག་གི་ཆུ་བོ། སྡེ་བའི་མར་འགྲམ་གྱི་ལོ་ལེགས་སྙེ་མ་གཡུར་དུ་ཟ་བའི་ཞིང་ཐང་། མདུན་རིར་ཚང་ཚིང་འཁྲིགས་པའི་ནགས་ཀླུང་། རྒྱབ་རིའི་ཉག་ཁ་དག་ན་ཐར་ཐོར་དུ་བཀྲམས་པའི་ཟོག་ཁྱུ་སོགས།ཡས་མས་ཀུན་ལ་བལྟས་ཚེ་ཡིད་དུ་འོང་བའི་རྣམ་པས་ཁྱབ་ཅིང་སེམས་པ་སྤྲོ་ཆིལ་ལེར་འགྲོ་བ་དང་།དེ་དག་མིག་ལམ་དུ་མངོན་ཐེངས་རེ་ལ་དགའ་སྐྱོ་འདྲེས་མའི་ཆུང་དུས་ཀྱི་བྱ་བ་མང་དག་ཅིག་ངང་ངམ་ཤུགས་ཀྱིས་དྲན་འོང་། ཕྱིར་དྲན་ཁྲོད་།གཏན་དུ་གྱེས་ཟིན་པའི་སྡེ་མི་གང་མང་ཞིག་གི་གདོང་རིས་ཀྱང་མིག་ལམ་དུ་འཆར་བྱུང་བས་སླར་ཡང་སེམས་པ་སྐྱོ་ལྷང་ངེ་བ་ཞིག་བྱུང་།
  ང་ལ་མཚོན་ན་ཕོ་ལོ་བཞི་བཅུ་བརྒལ་བའི་དེ་རིང་ཡང་ཕ་མ་གཉིས་འཛོམས་ཡིན་ལ།འཇིག་རྟེན་འདིར། ཆུང་དུས་ནས་ཕ་མ་འདས་ཟིན་པའམ། ཕ་ངོ་མ་ངོ་མ་མཐོང་མཁན་ཡང་གང་མང་ཡོད་པས་དེ་དག་དང་བསྡུར་ན་རང་ཉིད་ནི་ལས་བསོད་ཅན་ཞིག་རེད་ཨང་སྙམ་ལ། ཡང་ཨ་ཆེ་གཅིག་དང་ཕུ་བོ་གཅིག་པུའང་།གཉེན་ཉེ་དང་། སྒོས་སུ་ལོ་ན་བདུན་ཅུར་སོན་པའི་ཕ་མ་གཉིས་བསྐྱུར་ནས་དུས་མིན་འཆི་བདག་གིས་འཁྱེར་ཟིན་པས། ངེད་མིང་སྲིང་རྣམས་དང་ཡང་སྒོས་ཕ་མ་གཉིས་ཅི་འདྲའི་ལས་ངན་རེ་རེད་ཨང་སྙམ་བཞིན། མིག་ཟུང་མཆི་མས་ བརླན་ཞིང་ཡ་ཁོག་སྡུག་གིས་མནར་དུས་ཀྱང་མཆིས།
  སེན་མགོ་ཁྲག་དང་སེན་རྟིང་རྣག་གིས་ངའི་སློབ་ཡོན་དང་འགྲོ་གྲོན་སྒྲུབ་ཅིང་།ཨ་མས་མཛོ་མོ་འགའི་མར་ཆུར་བསགས་ཅིང་ཨ་ཕས་སྟོད་འབྲོག་ཕྱོགས་དང་སྨད་རྒྱ་ནང་ཀུན་ཏུ་དཀའ་སྡུག་གིས་བསྐྱོད་དེ་ཚོང་ཕྲན་ཙམ་རྒྱག་པའམ། ཤིང་སྡོང་བཅད་དེ་བཙོང་བ་སོགས་གང་ཐུབ་ཀྱིས་འགྲོ་གྲོན་བཏང་ཞིང་།རང་ནས་ཀྱང་སེམས་ཆུང་བསྲི་ཚགས་ཀྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱས་བ་དང་དམའ་འབྲིང་སྐབས་སྦྱང་འབྲས་རྩེར་སོན་གྱི་གྲས་སུ་གཏོགས་པས། དགེ་རྒན་ནས་མཐོ་འབྲིང་འགྲིམ་པར་རེ་བ་བཏོན་ཡང་། ཁྱིམ་ཚང་གི་དཀའ་ངལ་ལ་གཞིགས་ཏེ་ཆེད་འབྲིང་བདམས་ནས་མྱུར་དུ་མཐར་ཕྱིན་ཐབས་བྱས།སྐབས་དེ་དུས།སློབ་གྲྭ་ནས་དུས་རྒྱུན་དྲིན་ཆེན་ཕ་མའི་གདོང་རིས་ཡིད་ལ་འཁོར་ཞིང་རྔུལ་ཆུ་ཧྲིག་ཧྲིག་ཏུ་དཀའ་སྡུག་གིས་ངལ་རྩོལ་བྱེད་པའི་རྣམ་པ་དང་།སྐྱ་ཟས་སྐྱ་འཐུང་གི་འཚོ་བ་ངན་ངོན་དྲན་ཐེངས་རེར། སློབ་ལ་ཧུར་བརྩོན་བྱ་རྒྱུའི་ཆོད་སེམས་ཡང་ཡང་བཞག་མྱོང་ལ། སློབ་མཐར་ཕྱིན་ནས་བྱ་བ་རེ་རེག་ཚེ་ཕ་མ་གཉིས་ལ་བདེ་སྐྱིད་རེག་ཏུ་འཇུག་རྒྱུའི་བསམ་བློ་ཡང་ཡང་འཁོར་མྱོང་།ལས་བགོས་བྱས་པ་ནས་མི་ལོ་ཉི་ཤུ་འགོར་ཡང་།ཞིབ་འདང་ཞིག་བྱས་ཚེ་ཕ་མར་དྲིན་དུ་གཟོ་བའི་ལས་གང་ཡང་བྱ་མ་ཐུབ། ཁོམ་སོང་ཞེ་ན་བྲེལ་ཟིང་དང་།བྲེལ་ཟིང་ཞེ་ན་ཁོམ་པ་འདྲ་བའི་བྱ་བའི་དབང་གིས་ཕ་མར་རྒྱུན་བཅར་མ་ཐུབ་ལ་ཟ་མ་གཡོ་སྐོལ་གྱི་ཞབས་ཞུ་ཙམ་ཡང་སྒྲུབ་ཐུབ་མ་སོང་ཡང་།མ་མཐའ་ཡང་ཤ་གསར་བ་རྒྱ་མ་འགའམ་ཤིང་ཏོག་སྣ་ཁ་རེ་བཟུང་སྟེ་ཟླ་རེར་སྐོར་རེ་རྒྱག་ཐུབ་པར་བྱ་གི་ཡོད།ལྷ་སར་མེ་འཁོར་གཏོང་འགོ་ཚུགས་པའི་ལོ་དེར། བུ་བུ་མོ་གཉིས་དང་ཆུང་མ་བཅས་བཟའ་མི་ཡོངས་ལྷ་སར་འགྲོ་བའི་འབྱོར་བས་མ་ལོངས་ཀྱང་། ལ་འགོའི་ཉི་མ་ལྟ་བུའི་ཕ་མ་གཉིས་ནམ་ཞིག་སྐལ་བ་མི་ལྡན་ཡང་སྲིད་སྙམ་བཞིན།རང་གཅིག་པུས་ཆེད་དུ་དགུན་གནང་གི་དུས་ཚོད་བེད་སྤྱོད་ཀྱིས་ལྷ་ས་དང་གཙང་ས་སྐྱ་སོགས་ལ་མཇལ་སྐོར་དུ་ཁྲིད་ཐུབ་པ་བྱུང་།ལོ་འགའི་རྗེས་སུ་རང་གིས་རླངས་འཁོར་ཞིག་ཁུག་ཙམ་བྱུང་བ་བེད་སྤྱོད་ཀྱིས་ཡས་མས་འགའ་ལ་མཇལ་སྐོར་དུ་ཁྲིད་ཐུབ་པ་བྱུང་ལ།ན་ཚ་རེ་བྱུང་བའང་སྨན་ཁང་དུ་སྨན་བཅོས་བྱ་གང་ཐུབ་བྱས་བས་ཕན་ཙམ་བྱུང་བ་དགའ་བའི་གནས་སུ་སྒོམ་ཡོད། ད་ཐེངས་སོས་དལ་སྒོས་ཕ་ཡུལ་ནས་ཉིན་འགའ་ལ་བསྡད་ཅིང་།ཤ་ཚ་ཉེ་རིང་དང་ཁ་ཡ་ན་ཟླ་རྣམ་དང་འབྲེལ་འདྲིས་དང་ཁ་བརྡ་གང་མང་ཞིག་བྱ་སྐལ་ལྡན། དཔལ་འབྱོར་ལ་འཕེལ་རྒྱས་བྱུང་ཡོད་པ་ནི་དུས་རབས་སྤྱིའི་གནས་བབས་བཞིན་མིག་མཐོང་ལག་ཟིན་དུ་སྣང་ལ། དེ་བཞིན་མིའི་བསམ་བློ་ལའང་འགྱུར་བ་ཤུགས་ཆེར་བྱུང་སྟེ།སོ་ནམ་དང་ཕྱུགས་ཟོག་འཚོ་སྐྱོང་ཁོ་ན་ཙམ་ལས་འདས་ཏེ་ཉོ་ཚོང་གི་ལས་ལ་བྲེལ་ཞིང་།གནས་ཚུལ་ཁྱད་པར་བ་མིན་ན་བྱིས་པ་སློབ་གྲྭར་མངགས་ཚད་བརྒྱ་ཆའི་བརྒྱ་ཟིན་པས་བསམ་བློ་ལ་ཐོད་བརྒལ་ཆེན་པོ་བྱུང་འདུག ང་ཚོ་སློབ་གྲྭར་སོང་བའི་ལོ་དེར་ས་ཞིང་དང་རྒྱུ་ནོར་སྒེར་ལ་བགོ་འགྲེམས་གཏོང་འགོ་ཚུགས་ཤིང་།རོང་འབྲོག་གཉིས་གཉེར་གྱི་ས་ཁུལ་ཞིག་ཡིན་གཤིས། སློབ་མ་མང་ཤོས་ཤིག་སློབ་གྲྭར་གཏོང་མཚམས་བཞག་ནས་ནོར་རྫི་དང་ཞིང་ལས་གཉེར་རོགས་བྱེད་དུ་བཅུག སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་ལྔ་ཟིན་ཨེ་ཡོད་སྙམ། མུ་མཐུད་དུ་སློབ་གྲྭར་སོང་བ་དག་ཁྱིམ་གཅིག་ཏུ་མིང་སྲིང་འགའ་ཡོད་པས་ཁྱིམ་ལ་མཁོ་བ་མེད་པ་དག་ཡིན་ལ། ཡུལ་མི་ཚོས་མི་ལྷག་ཏུ་འབོད་པ་དག་རེད། སྐབས་དེར་ངེད་ཚང་ལ་མིང་སྲིང་མང་བས་ང་རང་སློབ་གྲྭར་མུ་མཐུད་དུ་འགྲོ་བའི་སྐལ་བ་ལྡན་ལ་དགེ་རྒན་ལྷག་བསམ་ཅན་བན་དེ་བཀྲ་ཤིས་ལགས་ནས་རྩིས་རིག་དང་བོད་ཡིག་འཛིན་བདག་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཏེ་ལོ་གཉིས་ལྷག་ཏུ་བསྐྱངས་མཚམས་སློབ་སྦྱོང་ལ་རྨང་གཞི་ལེགས་པོ་ཞིག་ཞོག་ཏེ།སློབ་ཆུང་མཐར་ཕྱིན་སྐབས་རྫོང་ཡོངས་ཀྱི་ཨང་གཉིས་པའི་སྐར་གྲངས་ཐོབ་སྟེ་སློབ་འབྲིང་དུ་ཞུགས།
  ཕ་ཡུལ་ནས་སློབ་འབྲིང་གནས་སའི་རྫོང་ཐོག་དང་སྤྱི་ལེ་བརྒྱ་ལ་ཉེ་བས་ཆོད་ཅིང་། སྐབས་དེར། སྐྱེལ་བསུ་མཁན་སུ་ཡང་མེད་ལ་ནགས་འདྲུད་རླངས་འཁོར་སྟེང་འགོས་ནས་འགྲོ་བ་དང་རྩམ་པ་ཁུག་མ་གང་དང་མར་རྡོག་རྡོག་གཅིག་ཁྱེར་ནས་འགྲོ སློབ་སྐབས་རེར་བསྐོར་རྒྱག་ཏུ་ཐེངས་གཅིག་ཐོན་ན་རབ་རེད། དམའ་འབྲིང་སྐབས་ཨ་ཕ་ང་ལ་བསྐོར་རྒྱག་ཏུ་ཡོངས་ཐེངས་གཉིས་ལ་འགྲོ་སྤྱད་མ་ལྡན་པས་སྤྱི་ལེ་བརྒྱ་ལ་ཉེ་བའི་ལམ་ཐག་ལ་རྐང་ཐང་གིས་ལོག་པ་རྗེས་སུ་སྡེ་མི་འགའ་རེའི་ངག་ནས་གོ་བ་དང་མཁུར་ཚོས་ནས་མིག་ཆུ་འགྲིལ།
  དབྱར་དགུན་གནང་སྐབས་ཡུལ་མི་དང་ལྷན་དུ་ངལ་རྩོལ་ལ་ཞུགས་པར་སྤྲོ་ཞིང་།བུད་ཤིང་གཅོད་པ།ཞིང་བསློགས་པ། སྟོན་བསྡུ་བའི་ལས་སོགས་ལ་ཚེགས་མེད་དུ་འབུངས།རྒན་བཀུར་ཆུང་བྱམས་ཀྱི་འདུ་ཤེས་ཀྱང་ད་ལྟ་དང་བསྡུར་ན་ལྡབ་འགྱུར་གྱིས་ལྡན་ཞེ་ནའང་སྐྱོན་དུ་མི་འགྱུར་སྙམ་ལ། ད་ལྟའི་བྱིས་བ་དག་ནི་ལྡབ་འགྱུར་གྱིས་གཅེས་ལང་དུ་བཏང་བས། གང་བསམ་ཅི་འདོད་ཀྱི་མཐུན་རྐྱེན་སྦྱོར་ཅི་ཐུབ་ཀྱིས་རྒྱལ་སྲས་ཤིག་གི་བརྟུལ་ཞུགས་ཀྱིས། དབྱར་དགུན་གནངས་སྐབས།རྫི་བོར་འགྲོ་མཁན་ཉུང་ལ། རྔུལ་ཆུ་ཁྲོམ་ཁྲོམ་དུ་ཞིང་བསློག་མཁན་དང་བཙས་མ་བརྔའ་མཁན་དེ་བས་ཀྱང་ཉིན་མོའི་སྐར་མ་ལྟར་མཐོང་། ཐ་མ་གོན་པ་སྣོག་ཙམ་ཡང་མེད་པར་གྲོང་ཁྱེར་བ་དང་འདྲ་བར་ལག་ངོས་སུ་རྡུལ་འགོས་བ་ཙམ་ལའང་སྐྲག ཕ་མས་རྔུལ་ཆུ་ཧྲིག་ཧྲིག་གིས་ངལ་རྩོལ་བྱེད་བཞིན་ཡོད་ཀྱང་ལག་པས་ལག་པ་བཅིངས་ཏེ་འགྲམ་དུ་སྡོད་ལ། ཇ་སྐོལ་ཁུལ་ཙམ་བྱེད་མཁན་དག་ཕ་མས་བསམ་བཞིན་དུ་འདུག་ཏུ་བཅུག་པའི་སློབ་གྲྭ་ཆེ་འབྲིང་བ་དག་རེད། སློབ་གྲྭ་ནས་ཀྱང་ཟས་གོས་རྒྱས་སྤྲོས་དང་།ཇ་ཁང་དང་ཆང་ཁང་།དྲྭ་ཁང་དུ་ཉི་མ་གཏོང་བ།ཁ་པར་ལ་རེག་པ་བཅས་ཀྱིས་དུས་ཚོད་གང་མང་ཞིག་ཆུད་ཟོས་སུ་གཏོང་བཞིན།སློབ་ལ་སྤྲོ་བ་ཧ་ཅང་ཉུང་ཡང་། ཁོ་ཚོ་ཡུལ་མི་ལས་རྫིག་མདོག་གི་ཉམས་ཤིག་མངོན་འདུག སྐབས་འདིར་ཉིན་འགའི་སྔོན་ལ་བཀླགསཔའི་རྩོམ་ཐུང་ཞིག་དྲན་འོང་ལ། དེ་རུ། རོང་འབྲོག་པའི་འཚོ་བར་བྲལ་བའི་སློབ་གྲྭ་བ་འགས། རང་ཉིད་ཀྱིས་ཡིག་རྡོག་རེ་འགའ་ཤེས་བ་རྒྱུ་མཚན་དུ་བྱས་ཏེ་ཕ་ཡུལ་དུ་ཡོད་དུས་ཕ་ཡུལ་ཆེ། ཕ་ཡུལ་ལ་ཕྱིར་བལྟ་བྱེད་དུས་ཕ་ཡུལ་དངོས་གནས་ཆུང་ཞེས་ལབ་ཀྱིན།ཡུལ་མིའི་འགྲོ་སྟངས་ཙམ་ལའང་མགོ་རྨོངས་ཀྱང་།གཞན་ལ་ཡིག་རྨོངས་ཅེས་འཕྱ་ལ་རང་ཉིད་ཀྱིས།ཀྱེ་སྦྲ་ནག ཀྱེ་རྩྭ་ཐང་ཅེས་འབྲི་བཞིན་གང་ཞིག་ལ་མདུང་རྩེ་གཏད་དེ་དགག་པར་སྤྲོ་ཞིང་ངོ་ལྤགས་སྟུག་པོས་རྡོ་ཆག་བཙན་སྒྲིག་ལྟ་བུའི་རྗོད་པ་རེ་སྤེལ་ཁུལ་གྱིས་སྙན་གྲགས་སྤུར་ལ་རྔམ་ཅེས་བ་དེ་དྲན་བྱུང་།
  དགུང་ཨ་སྔོན་སྔོ་ཞིང་དྭངས་ལ་ས་དོག་མོ་དྲོ་ཞིང་འཇམ་པའི་དབྱར་གཞུང་གི་ཕྱི་དྲོ་འདིར། དམིགས་ཡུལ་དང་གཏད་སོ་ཅི་ཡང་མེད་པར། ནེམ་ལྗང་སྤང་དུ་འགྲེ་ལྡོག་རྒྱག་གིན། ཡས་མས་ཀུན་ལ་བསམ་གཞིགས་ཐན་ཐུན་རེའི་ངང་ཁ་པར་དུ་ཡིག་ཚོགས་ཇི་སྙེད་ཅིག་གཏགས་གཏགས་མཐར་མིག་ཟུང་རབ་རིབ་ལྟ་བུར་གྱུར། སྐབས་དེར་ཉི་མའང་ནུབ་རིར་ཡོལ་བས་གྲང་སྣང་ཞིག་སྐྱེས།
  ཏག་ཏག་སྐབས་འདིར་རྫི་བོ་དག་གིས་མང་ཉུང་མི་མཉམ་པའི་མཛོ་མོ་སྐོར་རེ་དེད་དེ་སྡེ་མདུན་དུ་འགྲོ་བཞིན་འདུག རྫི་བོ་མང་ཆེ་བ་རྒན་པ་དག་རེད། མཛོ་མོའི་ཁ་གྲངས་སྔུན་དང་བསྡུར་ན་ལྡབ་འགྱུར་གྱིས་མང་བར་མཐོང་།སྐོར་དང་སྐོར་བྱས་ནས་འགྲོ་བའི་ཟོག་གི་བར་བརྒྱུད་ནས་ང་ཡང་ཡུལ་དུ་ལོག་འགྲོ་སྐབས།ཁྱོད་བུད་ཡོང་ངམ་ཅེས་འཚམས་འདྲི་བྱས་བྱུང་བར། འོ་ལེ་ཟེར་ཞོར་བལྟ་དུས་ལོ་བདུན་ཅུར་ཉེ་བའི་ཨ་ཡེ་སྒྲོལ་མ་རེད།སྐྲ་ལོ་དུང་ལྟར་དཀར་ཞིང་ལག་གཡས་པས་འཁར་བ་འཛུག་གིན་གྱོལ་མ་ལྡིང་གིས་འགྲོ་བཞིན་འདུག འོ ཁྱོད་ཟོག་རྫིར་སོང་ངམ། ནང་མི་གཞན་པ་དག་གང་བུད་ཐལ། ངས་དེ་ལྟར་དྲིས་དུས། ཁོ་མོས། བུ་དང་མནའ་མ་རྒྱ་ནང་དུ་ཞོར་ལས་ལ་སོང་རབས་དང་།དེའི་བུ་བུ་མོ་གཉིས་ཀ་སློབ་གྲྭར་འགྲོ་བཞིན་ཡོད་པ། ད་ལྟ་དབྱར་གནངས་ལ་ལོག་ཡོད་ཀྱང་ལས་བྱ་འབྲི་རུ་བཅུག་སྟེ་ལས་ཀ་ལས་སུ་འཇུག་གིན་མེད་ལུགས་སོགས་ངེད་གཉིས་གྱེས་རག་བར་མང་པོ་ཞིག་བཤད་བྱུང་།ངེད་གཉིས་ཁ་གྱེས་ནས་ཡུལ་ལ་འགྲོ་དུས་དྲན་སྣང་དུ་འཁོར་བ་ནི་སློབ་མ་དག་ཡིན་ལ། དཀའ་ལས་ཇི་སྙེད་ཅིག་མྱངས་དང་མྱོང་བཞིན་འགྲོ་གྲོན་གང་མང་ཕུལ་བའི་ཕ་མ་ཚོའི་རེ་བའི་ཟབ་སར་འཁྱིལ་བ་ནི། བུ་དང་བུ་མོར་ཤེས་ཡོན་སྨིན་ཞིང་འཇོན་ནུས་ཅན་དུ་འགྱུར་རྒྱུ་དེ་ཡིན་པ་གདོན་མི་ཟ་བས། རང་ཉིད་ཀྱི་ཕྲག་ཏུ་བབས་པའི་དགེ་རྒན་གྱི་འགན་བབ་ཡིད་ལ་དྲན་ཏེ་སླར་ཡང་གྲང་འདར་ཞིག་བརྒྱབ་བྱུང་།
                                         ༢༠༡༤ལོའི་ཟླ༨པར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།