གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱ་མདོ་དང་ས་ཁུག

2015-07-09 13:13:49 བྱ་གཞུང་དབང་ཆེན་ཚེ་རིང་། ཀློག་གྲངས། མཆན ཡོད།

  ངའི་ཕ་ཡུལ་ནི་བོད་ཨ་མདོ་བྱ་མདོ་ས་ཆ་ཡིན། སྔོན་ཆད་མང་འབའ་བྱ་གསུམ་ཞེས་འདི་དང་མང་ར། འབའ་གསུམ་ག་ད་ལྟའི་གཅན་ཚ་ས་ཆའི་ལ་མོ་སྡེ་ཆེན་དགོན་པའི་ལྷ་སྡེ་ཡིན། བཅིངས་འགྲོལ་བཏང་རྗེས་བྱ་མདོ་དང་མང་ར་གཉིས་རྫོང་གཅིག་དང་། འབའ་རྫོང་གཅིག་བཅས་གཉིས་ཀ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་བསྡུས། ང་ཚོའི་རྫོང་ལ་སྤྱིར་བཏང་བོད་ཡིག་ཏུ་མང་རྫོང་ངམ་ཡང་ན་མང་ར་ཞེས་འབྲི་བཞིན་ཡོད་ཅིང་། རྒྱ་མིང་ལ་གཞི་བཅོལ་ཏེ་ཁྲི་ཀའི་ལྷོ་ཕྱོགས་སུ་གནས་པས་ཁྲི་ལྷོ་ཞེས་འབྲི་མཁན་ཡང་འདུག འོན་ཀྱང་། སྒོ་བྱང་དང་སྲིད་གཞུང་གི་ཡིག་ཆ་དག་ཏུ་གཅིག་ལྕོགས་ཀྱིས་རྒྱ་མིང་ཐད་སྒྱུར་བྱས་ནས་ཀོས་ནན་ཞེས་པ་འབྲི་བཞིན་འདུག
  སྒྲ་ཡངས་པའི་དབང་དུ་བྱས་ན་བྱ་མདོ་ས་ཆ་ནི་བྱ་ཆུ་དཀར་མོའི་འགྲམ་རྒྱུད་དུ་ཆགས་པའི་ཡུལ་སྟོད་སྨད་བར་གསུམ་ཀུན་ལ་བྱ་སྟེ། བྱ་སྟོད་དང་། བྱ་གཞུང་། བྱ་མདོ་གསུམ་ཡོད། དེ་ལས་བྱ་སྟོད་ནི་འབྲོག་ས་དང་། བྱ་གཞུང་དང་བྱ་མདོ་ནི་རོང་གི་ས་ཆ་ཡིན། གནས་བསྟོད་སོགས་སུ་འདི་ལ་བྱ་དྲུག་གླིང་ཞེས་བྲིས་པ་མཐོང་ཞིང་། དེའང་བྱའི་མིང་ཅན་གྱི་རི་དྲུག་གིས་མཐའ་ནས་བསྐོར་བའི་གནས་ཡིན་པས་བྱ་དྲུག་གླིང་ཟེར་བར་གྲགས་ཀྱང་། ང་རང་གིས་ཤེས་ཚོད་ལ་བྱང་ཕྱོགས་ན་ཁྱུང་གཟར་དང་། ལྷོ་ཕྱོགས་ན་ཁྲ་རྡེའུ་གཉིས་མ་གཏོགས་བརྩི་ཐུབ་ཀྱི་མི་འདུག བྱ་མདོ་དང་བྱ་གཞུང་གི་ཁྱད་པར་གླེང་དུས། མ་བཤད་ཐུ་མེད་ཀྱི་གནས་ཤིག་ཡོད་པ་ནི་ལུང་ཡངས་འགག་རེད། འགག་འདི་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་རྨ་ཆུ་རབ་ཁའི་གློག་འདོན་འགག་ཆེན་བཞིའི་ཡ་གྱལ་ཡིན་ཞིང་། བྱ་གཞུང་ལུང་བའི་མདོ་འགག་འདི་ལ་ཐུག་ཡོད། ངས་ཤེས་དུས་སུ། འགག་འདི་ལ་ཤིང་གི་ཟམ་པ་ཆུང་ངུ་ཞིག་ལས་མེད་ཅིང་། རྗེས་མ་ཇེ་ཆེ་ནས་ཇེ་ཆེར་བསྐྱེད་པས་ང་ཚོའི་སྡེ་བའི་གཤམ་ན་ཡོད་པའི་བྱ་མདོའི་སྡེ་བ་མང་བོ་ཞིག་དགོན་པ་དང་བཅས་གནས་སྤར་དགོས་པ་བྱུང་ཞིང་། དེ་ལ་བརྟེན་ནས་ང་ཚོའི་སྡེ་བའང་རིམ་གྱིས་རིམ་གྱིས་བྱ་གཞུང་ནས་བྱ་མདོའི་གྲས་སུ་མ་བརྫངས་རང་ཚུད་རེད། ངས་ཇི་ལྟར་བསམ་བློ་གཏོང་ཁུལ་བགྱིས་ཀྱང་ནམ་ཡང་འདང་མི་དཔོག་པ་ནི། སྤྱིར་འགག་ཆེན་པོ་དེ་འདྲ་ཞིག་གི་ཆུའི་རྒྱས་ཚད་ནི་འཆར་གཞི་དང་ལྡན་པ་ཞིག་ཡིན་ངེས་མོད་ཀྱང་། ལུང་ཡངས་འགག་གི་རྨ་ཆུ་བསྐྱི་དུས་ངེད་ཚང་གི་ཁང་ཀླད་ནས་རྨ་ཆུ་མཐོང་ཐུབ་ཀྱང་། བྲི་དུས་མིག་རྒྱངས་ཙམ་བྲི་འགྲོ། ཆུ་བྲི་རྒྱས་ཆ་མི་འཚལ་ཞིང་ནམ་བྲི་ངེས་མེད་ཡིན་པའི་ཕྱིར་ན། ལུང་བ་འདིའི་ཡུལ་ལྷ་གཞི་བདག་གི་ལྷ་ཁང་སྤར་ཐེངས་གཉིས་བྱས་ལ། ད་དུང་ཡང་སུམ་སྤར་དང་བཞི་སྤར་བྱ་མི་དགོས་པའི་ཡིད་ཆེས་སུ་ལའང་མེད། ད་ལྟ་རྨ་ཆུ་དང་ཆེས་ཉེ་སའི་སྡེ་བ་དེའི་མིང་ལ་དགོན་ཐང་ཟེར་ཞིང་། དཔྱིད་ཀ་ཞིང་ས་གཤིན་པོར་འབྲུ་རིགས་བཏབ་ཀྱང་སྟོན་ཁ་འབྲུ་ཞིང་ཐམས་ཅད་རྨ་ཆུས་ནུབ་འགྲོ་བའི་དཔེ་ཐེངས་གཅིག་ག་ལ་ཡིན། མཚམས་མཚམས་སུ་སྟོན་ཁ་བརྔ་བསྡུ་ལ་ཉེ་དུས་ཏག་ཏག་རྨ་ཆུ་རྒྱས་ནས་ཡུལ་མི་ཚོས་ནམ་ཞག་ཁྲིགས་སུ་བསྒྲིགས་ཏེ་སྔོ་འདྲེག་བྱེད་དགོས་པའང་ཡོད།
  ལུང་ཡངས་ནི་བྱ་གཞུང་ས་ཆའི་ལུང་མདོ་ཡངས་པོ་ན་འགག་ཅིག་བཙུགས་པས་ལུང་ཡངས་འགག་ཟེར་བ་ཡིན་མོད། གལ་ཏེ་ཁྱེད་རང་འགག་ལ་སོང་མྱོང་ན། གྲོང་གི་ཐང་དཀྱིལ་དུ་ཀ་བ་ར་མགོ་ཅན་ཞིག་ལ་འབྲུག་གིས་དཀྱིལ་བརྒྱབ་པའི་རྡོ་བརྐོས་ཤིག་བཙུགས་ཡོད་པ་དེ་ནི་ད་ཆ་ལུང་ཡངས་གྲོང་གི་མཚོན་རྟགས་བྱེད་ཀྱིན་ཡོད། དོན་ལ་དེ་ནི་རྒྱ་ཡིག་གི༼龙羊峡༽ཞེས་པ་དེ་བཞིན་བཙན་སྦྱོར་བྱས་པ་ཞིག་དང་། ཡང་བོད་ཀྱི་ལོ་རྒྱུས་སྨྲ་བ་ཞིག་གིས་རྒྱ་མིང་ཡང་སྒྱུར་བྱས་ནས༼གསེར་འབྲུག་གཡང་ལུག་འགག༽ཅེས་བྲིས་འདུག ཕ་མེས་ཡང་མེས་ནས་ཐོགས་ཟིན་པའི་ས་མིང་སྣང་ཆུང་སོར་འཇོག་གིས། བླུན་པོ་འགས་རང་སྣང་གང་ཤར་གྱིས་འདོད་འདོད་ཅིག་བྲིས་ཏེ་སྤྲང་བོ་རྒྱལ་བོར་བྱེད་པ་མང་དུ་ཡོད་དེ། ངའི་ཕ་ས་བྱ་མདོ་མ་མོ་བྲང་འགོ་འདྲ་བོ་འདི་ནའང་། རི་དྭགས་རྣམས་བསད། ལྗོན་ཤིང་ནགས་ཚལ་རྣམས་རྩ་ནས་བཀོག་པ་ལ་བརྟེན་ནས་རྩྭ་ས་བྱེ་མར་གྱུར། ཞིང་ས་བྱེ་མས་མནན་པ། དཔྱིད་ཀ་རླུང་འཚུབ་རྒྱུགས་དུས་སུ་ས་བྱེ་མ་དང་གནམ་བྱེ་མའི་སྣང་ཚུལ་སྡུག་པོ་ཞིག་བྱུང་བ་ལ་བརྟེན་ནས། ཡུལ་འདིར་འོངས་བའི་རྒྱ་མི་རྣམས་ཀྱིས་ས་ཁུག༼沙沟༽ཅེས་བྱེ་མའི་ལུང་ཀྱོག་ཏུ་བཏགས།
ཡང་མཚམས་འདི་ནས་གསལ་བཤད་ཞུ་དགོས་པ་ཞིག་ལ། བྱ་གཞུང་ན་ད་ལྟ་རྒྱ་སྡེ་གསུམ་ཡོད་པ་ནི་ག་དུས་གནས་འདིར་ཡོང་བ་མ་ཤེས་ཀྱང་། བྱ་མདོའི་སྡེ་བ་རེ་ན་རྒྱ་ཁྱིམ་འགའ་རེ་ཡོད་པ་ནི། ༨༧༨༡ཞེས་རྨ་ཕ་རི་ན་དམག་སྡེ་དང་འབྲེལ་བའི་ས་ཚིགས་ཤིག་ཡོད་པ་དེའི་ལས་བཟོ་བ་རྣམས་སྡེ་བ་རེ་ལ་མི་འགའ་རེ་བགོས་པ་ཡིན་འདུག དུས་ཚོད་ནི ༡༩༨༣ལོའི་ཡར་སྔོན་ཙམ་ལ་ཡིན་འདུག ཅིའི་ཕྱིར་ཞེ་ན། ང་ཚོའི་ཡུལ་འདིར་འགན་གཙང་བྱེད་པའི་ལོ་ནི ༡༩༨༣ལོར་ཡིན་ཞིང་། ལོ་དེར་ང་ལ་ནུ་བོ་ཞིག་སྐྱེས་ཀྱང་ཁོང་ལ་ས་ཞིང་གི་སྐལ་དང་། ར་ལུག་གི་སྐལ། སྡོང་སྐལ་སོགས་ཅི་ཡང་མེད་པའི་ཁར་ད་དུང་ཆད་པ་དངུལ༣༠༠བཅད། འོན་ཀྱང་། སྡེ་བར་སླེབས་པའི་རྒྱ་མི་དེ་ཚོར་སྐལ་ཐམས་ཅད་གཅིག་ཀྱང་ཆད་མེད།
  ལོ་འགའི་སྔོན་དུ་ངེད་ཚང་གི་སྒོའི་ཡས་རྒྱག་གི་དར་རྡང་འོག་ལ་ལྕགས་ལེབ་ཅིག་སྦྱར་འདུག དེ་ནི་སྤྱི་བདེ་ཅུས་སྦྱར་བའི་བདེ་འཇགས་ཁྱིམ་གཞིའི་མཚོན་རྟགས་ཤིག་རེད། སྟེང་དུ༼ས་ཁུག་ཞང༽ཞེས་བྲིས་འདུག དེ་མཐོང་མ་ཐག་ཏུ་ང་རང་ཧང་སངས་སོང་། ངའི་སེམས་ལ་མིག་འཁྲུལ་བྱུང་བ་མིན་ནམ་སྙམ་ནས་སླར་ཡང་ལན་ཅིག་བལྟས། དངོས་ནས་དེ་ལྟར་བྲིས་འདུག གལ་ཏེ་ཁྱེད་ནི་མཚོ་སྔོན་གྱི་རྒྱའི་ལུང་སྐད་མི་ཤེས་མཁན་ཞིག་ཡིན་ཚེ། གུས་པས་འདི་ནས་གསལ་བཤད་ཞིབ་མོ་ཞིག་མ་བྱས་ཚེ་ཁྱོད་ཀྱིས་ས་ཁུག་ཅེས་པའི་ཡིག་འབྲུ་གཉིས་པོ་འདིའི་ཁུངས་ཅི་ཡིན་ཤེས་མི་སྲིད་ཅིང་། སྟབས་མ་ལེགས་ན། ས་ཡི་ཁུག་ན་ཡོད་པའི་ས་ཁུག་དང་། གནམ་གྱི་ཁུག་ན་ཡོད་པའི་གནམ་ཁུག་ཅེས་པའི་ས་མིང་ཡུལ་མིང་ཞིག་ཀྱང་འདུག་གོ་སྙམ་ཡང་སྲིད། དོན་ལ། དེ་ནི་གོང་དུ་ཞུས་པ་ནང་བཞིན་བྱ་མདོ་ལ་རྒྱ་ཡིག་གིས་བྱེ་མའི་ལུང་ཀྱོག་ཅེས་བྲིས་ཏེ། དཔོན་གཡོག་དང་རྒྱ་བོད། རོང་འབྲོག་མེད་པར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ནས་མིང་དེ་བཏོན་ཁ་བྱང་ལ་སོང་། རྒྱུགས་ཆེ་བར་སྤྱད་པས་བྱ་མདོ་ཞེས་པའི་ཐོག་མའི་མིང་བོར་ཅིང་། རྒྱའི་མཚོ་སྔོན་ལུང་སྐད་དུ༼沙沟༽ལ༼ས་ཁུག༽དང་ཆ་འདྲ་བ་ཞིག་འདོན་པས། མངོན་སུམ་འཛེམ་མེད་ཀྱིས་ས་ཁུག་ཅེས་བྲིས་པ་ཡིན། ཨ་ཁ་ཁ། དངོས་ནས་ཕ་བསད་པ་ལ་རྒྱལ་རྔ་བརྡུང་ཟེར་བ་དང་། སྤྲང་བོ་རྒྱལ་བོར་བསྐོས་ཟེར་བ་འདི་མ་ཡིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།