གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་ཁྱིམ་དེ།

2015-07-19 10:04:18 འབྲོག་བུ་དཀོམ་བཀྲ ཀློག་གྲངས། མཆན ཡོད།

  ནམ་རྒྱུན་ངའི་དྲན་འཛིན་གྱི་ཡུར་བ་རུ་ཤག་ཤག་གིས་འབབ་པ་ནི་ཡུལ་མི་རྣམས་ཀྱི་ངག་རྒྱུན་གྱི་ཆུ་སྣ་ཀྱ་ཀྱུ་དེ་ཡིན་ལ། ཆུ་སྣ་དེ་ནི་ཁ་དོག་སྣ་ལྔ་ལྡན་པའི་འཇའ་འོད་ཀྱི་གཞུ་རིས་ཤིག་གཤེར་ཁུའི་གཟུགས་སུ་གྲུབ་པ་ལྟར་ཤིན་ཏུ་གསོན་ཉམས་དོད་ལ་སྣ་མང་སྣེ་འདུས་ཤིག་ཀྱང་ཡིན། ངས་འདི་ནས་གླེང་འདོད་པ་ནི་ངག་རྒྱུན་དེའི་ཕྲེང་ཐག་ཏུ་བརྒྱུས་པའི་འབྲོག་ཁྱིམ་དགེ་འདུན་ཚང་གི་སྐྱིད་སྡུག་གི་བྱུང་བ་ཡིན། དགེ་འདུན་ཚང་གི་མེས་པོ་གོང་མ་དག་ནི་བོན་ཆོས་ལ་ཞེ་ཐག་པ་ནས་དད་པ་དག་སྣང་ཆེ་བ་ཞིག་ཡིན་པ་མ་ཟད། ཁྱིམ་དེ་ནས་སྐུ་འཇའ་ལུས་སུ་འཐིམས་པའི་བོན་གྱི་གྲུབ་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་མང་དུ་འཁྲུངས་མྱོང་ཟེར། མཐར་བོན་ཁྱིམ་དེ་ཡུལ་དེའི་སྲིད་འཛིན་གྱི་དཔོན་པོ་དང་མ་འཆམ་པས་གངས་རི་དང་སྤང་ཐང་། ཆུ་དང་གཙང་བོ་གྲངས་མེད་བརྒལ་ཏེ་སྟོད་མངའ་རིས་ནས་སྨད་མདོ་ཁམས་ཀྱི་ཡུལ་འདིར་འཁྱམས་ནས་ཐོན་པ་ཞིག་ཡིན་ལ། ཡུལ་མདོ་སྨད་དུ་སླེབས་ནས་ཀྱང་བོན་གྱི་གནས་རི་གྲགས་ཅན་རྨ་རྒྱུད་སྐུ་བླ་བྲག་དཀར་ཞེས་པ་གཟས་ཏེ་རི་རྒྱུད་དེའི་འདབས་སུ་ཡོང་ནས་ཕྱུགས་འཚོས་ཏེེ་འཚོ་བ་རོལ་བར་གྲགས།
  དེ་ལྟར་ལྷིང་ཞིང་འཇགས་པའི་རྩྭ་ཐང་ནས་ཁུ་སིམ་མེར་འཚོ་བ་རོལ་ནས་མི་ལོ་ག་ཙམ་འགྱངས་པ་མི་ཤེས་མོད།བར་གླགས་དེར་མི་འདོད་རྐྱེན་ངན་གྱི་རླུང་ནག་བསྐྱར་དུ་ལྡང་བྱུང་། དགེ་འདུན་གྱི་སྤོ་བོའི་སྲོག་སྙིང་ལྟ་བུའི་སྡིག་བོའུ་ཁྲ་རིང་དེ་རྐུན་ལ་ཤོར་སོང་། འབྲོག་པ་ཞིག་ལ་མཚོན་ན་བོའུ་ནི་སྲོག་གི་ཁེབས་མ་དང་ལུས་ཀྱི་སྲུང་སྐོར་ཡིན། དེ་ནི་ཕྱིའི་དགྲ་ཇག་དང་རིའི་གཅན་གཟན་གྱི་འཇིགས་པ་འགོག་བྱེད་ཀྱི་ལག་ཆ་གཅེས་སུ་འོས་པ་ཞིག་ཀྱང་ཡིན། སྒོས་སུ་མེ་མདའ་དེ་ནི་བོན་ཁྱིམ་འདིའི་མེས་པོ་ན་རིམ་དག་གི་ཟུངས་ཁྲག་གིས་བསྒྲེས་ཏེ་དམར་ནག་ཏུ་ཆགས་ཡོད། དགེ་འདུན་གྱི་སྤོ་བོས་ཕྱི་སྡེ་བའི་མྱི་ཁ་དང་ནང་ཕུ་ནུའི་འཕྱ་གཏམ་མ་བཟོད་པར་ཚད་བརྒལ་གྱི་སེམས་སྡུག་བྱས་པས་མཐར་སྙིང་ནད་བྱུང་སྟེ་ཚེ་ལས་འདས། འཆི་ཁ་ཡང་བདེ་བར་གཟིམ་རྒྱུ་ཕར་ཟད། ཞེ་སྡང་དྲག་པོའི་དབང་གིས་ཁ་སྣ་གཉིས་ནས་མཚལ་མདོག་གི་ཁྲག་དམར་སྐྱུག་བཞིན་གདའ་ཟེར། སྐབས་དེ་ཤེད་ནས་བཟུང་སྟེ་དགེ་འདུན་ཚང་ནི་རྒྱབ་ན་སོག་པ་དང་སྔུན་ན་ལག་པ་མ་གཏོགས་མེད་པའི་འབྲོག་ཁྱིམ་ཁེར་ཆད་ཅིག་ཏུ་གྱུར་བ་དང། བྱ་གཤོག་ཆད་ཐང་ལ་ལྷུང་བ་ལྟ་བུའི་རྩིད་སྦྲ་ནག་པོ་དེ་དུས་བཞིའི་ཁ་ཆར་གྱི་ཀློང་ན་ནམ་ཀུན་ཧྲེང་ངེར་ལུས། ཡིན་ནའང་། ཕ་མཐའ་མི་མངོན་པའི་སྤང་ཐང་དང་དྭངས་ཤིང་བསིལ་བའི་རྨ་ཆུ་སྔོན་མོ། སྟོང་ཡངས་པའི་ཨ་སྔོན་གནམ་དང་། གནམ་གྱི་བདེན་ཚབ་ཏུ་ཀེ་རེར་འགྲེང་བའི་བོན་གྱི་གནས་རི་རྨ་རྒྱུད་སྐུ་བླ་བྲག་དཀར་གྱིས་འབྲོག་ཁྱིམ་འདི་སྐད་ཅིག་ཙམ་ལའང་བློས་བཏང་མ་མྱོང་ངོ་། །
  དགེ་འདུན་གྱི་ཕ་ལགས་ཕོ་ལོ་བཅོ་ལྔར་སོན་པའི་ལོ་དེར། ཁོས་ཕ་འདས་པོའི་མནའ་མཆེད་ཅིག་བརྒྱུད་དེ་མེ་མདའ་ཞིག་བསྐྱར་དུ་ཉོས་ཤིང་། ཁོས་མེ་མདའ་ཁུར་ཏེ་རི་དྭགས་རྔོན་པའི་ལས་སུ་ཞུགས་པ་རེད། ལོ་ན་ཕྲ་ཞིང་རི་དྭགས་རྔོན་པའི་ཉམས་མྱོང་མེད་པས། ཟླ་བ་འགའི་རིང་ལ་རྔོན་པ་རྒན་པ་རེ་གཉིས་ཀྱི་རྗེས་དེད་དེ་ཇ་སྐོལ་བ་དང་ཞོན་རྟ་བརྟོད་པའི་གཡོག་རྒྱུག་བྱས་སྟབས། ཁོལའང་གནམ་གཤིས་ལ་བརྟག་པ་དང་རྙི་རྒྱ་འཇོག་ཚུལ་དང་། རི་དྭགས་བསྒུག་སྟངས་སོགས་ཀྱི་ཐད་ནས་ཤེས་བྱ་ཅུང་ཆ་ཚང་བ་ཞིག་འབྱོར།
  རྔོན་པ་ཁེར་འགྲོ་དེས་བྲག་དམར་གནས་ཚང་དང་ཆུ་རྐྱང་ལྟོ་ཆས་བྱས་ཏེ་བགྲང་བྱའི་འཁོར་ལོ་ལྔ་དྲུག་ཙམ་ཕྱིན། བྱ་བ་གང་ཡིན་ཡང་གོམས་པའི་གཤིས་དེ་ཤུགས་ཆེ་སྟབས། ཁོ་ནི་རྔོན་ལ་རབ་རུ་མཁས་པ་ཞིག་ཏུ་གྱུར།
འབྲོག་ཁྱིམ་དེའི་འབྱོར་བའང་སྔོན་དང་བསྡུར་ན་ཅུང་ལེགས། མགོ་སྦྲ་ཧྲུལ་བོ་དེ་ལ་རྙིང་ལས་བྱས་ཏེ་དྲ་ཁུང་མེད་པ་ཞིག་ཏུ་བཅོས་ཡོད་ལ། ཁྱིམ་དུའང་ཕྱིང་བུ་དང་ལུག་ལྤགས་ཀྱིས་བཟོས་པའི་གདན་རེ་གཉིས་མཐོང་རྒྱུ་ཡོད། རྔོན་པའི་མ་ལགས་ཀྱིས་ད་ནི་འུ་ཅག་བཀྲེས་ལྟོགས་ཀྱིས་མནར་བ་ལས་ཐར་བ་དང་། སྒོ་ཕྱུགས་འགའ་ཡང་འཚོ་རྒྱུ་ཡོད་པས་རི་དྭགས་རྔོན་མཚམས་བཞག་ན་དགའ། རི་དྭགས་རྔོན་པ་ནི་དཀའ་སྡུག་ཆེ་བའི་ལས་ཤིག་ཡིན་པ་མ་ཟད་སྲོག་ཉེན་ཡང་ཆེ། རི་ཁའི་རྩྭ་གཟན་བསད་ན་ཉེས་པ་ནི་ལྷག་པར་ཆེ་བ་ཞིག་ཡིན་པས་ངེས་པར་མཚམས་འཇོག་དགོས་ཞེས་རང་གི་བུ་ལ་སྐུལ་མ་ཡང་ཡང་བཏང་། ཡིན་ཀྱང་། རྔོན་པར་མཚོན་ན་རྔོན་རྒྱག་པ་ནི་ཁ་གསོ་བྱེད་ཙམ་མ་ཡིན་པར། ཁོའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་ཆགས་འདུག རྔོན་ལ་མ་སོང་ན་ཐུག་པའི་ནང་དུ་ཚྭ་མེད་པ་ལྟར་འཚོ་རོལ་བར་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་གང་ཡང་མེད་པ་ལྟ་བུ་ཞིག་ཏུ་གྱུར། རི་དྭགས་རྔོན་པ་ནི་ཁོའི་ལས་ལ་བསྐོས་པའི་བྱ་བཞག་རླབས་པོ་ཆེ་ཞིག་ཡིན་པ་ལྟར་ཚེ་མཇུག་གི་དབུགས་ཐུང་རྟ་རྔ་འདྲ་བོ་ཡང་རྔོན་པའི་ཆས་ནས་རྫོགས་དགོས་བྱུང་།
  ལོ་ཞིག་གི་དབྱར་ཟླ་དྲུག་པའི་ཉིན་གཅིག་ལ། ནམ་མཁའ་དྭངས་ཤིང་གསལ་བ་དང་ཉི་འོད་ཀྲིག་ཀྲིག་ཏུ་འཚེར། ཡུལ་དེའི་སྐྱེ་དངོས་ཡོད་དོ་ཅོག་ཙད་པས་གཟིར་ཏེ་སྐེམ་ལ་ཉེ། དགེ་འདུན་གྱི་ཨ་ཕས་སྔར་སྲོལ་ལྟར་མེ་མདའ་ཁུར་ཏེ་དགྲ་འདུལ་ཞེས་པའི་ལབ་རྩེ་དེའི་རྫ་ལུང་དུ་རི་དྭགས་རྔོན་པར་ཆས་སོང་། ཁོ་རྫ་ལུང་དེའི་བྲག་འགག་དོགས་མོ་དག་བརྒྱུད་དེ་རི་སྐེད་ཅིག་ཏུ་སླེབས་པ་ན། ལུས་སེམས་ཤིན་ཏུ་ཐང་ཆད་པའི་སྣང་བ་ཞིག་བྱུང་ལ། རྐང་འོག་གི་ཁེར་ལམ་ཕྲན་བུ་དེའང་སྨུག་པ་སྐྱ་བོ་ཞིག་གིས་ཡོངས་སུ་བཏུམས་ཤིང་བགྲོད་ལམ་གཏན་ནས་མི་མངོན་པ་ཞིག་ཏུ་གྱུར་བས། ཁོ་རྡོ་ཕ་བོང་ཞིག་ལ་བསྙེས་ཏེ་ངལ་ཅུང་ཙམ་གསོས་པ་ན། བསམ་དབང་དྲན་དབང་མེད་པར་གཉིད་དུ་ཡུར་སོང་། གཉིད་དུ་ཡུར་ནས་ཡུད་ཙམ་ཕྱིན་པ་ན། ཁོའི་རྨི་ལམ་དུ་མི་ནག་རྟ་ནག་ཅན་ཞིག་ཡོང་ནས་འདི་སྐད་སྨྲས་པ། ཁྱོད་ཀྱིས་ཚེ་གང་བོར་ངས་བདག་གིར་བཞེས་པའི་རི་རྒྱུད་འདི་ནས་རི་དྭགས་ཕོ་མོ་གྲངས་ལས་འདས་པ་ཞིག་བསད། དེའི་ཤ་ཟོས་ཤིང་ཁྲག་འཐུང་སྟེ་ལྤགས་པ་གྱོན། ད་ནི་ཤ་ལན་ཁྲག་ལན་འཇལ་བའི་དུས་ལ་བབས་སོ་ཞེས་ཁ་གདངས་ཤིང་མིག་བགྲད་པ་ན། གློ་བུར་དུ་གློག་འཁྱུག་ཅིང་འབྲུག་ལྡིར་ནས་ཆར་བ་དྲག་ཏུ་བབས། བཙག་རླུང་ཤུགས་ཀྱིས་ལྡང་བས་ཁོ་ལ་གྲང་སྣང་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་སྟེ་ཁོང་འདར་སིག་སིག་ཏུ་བརྒྱབས། ནགས་ཚལ་གྱི་ཡལ་ག་དང་མེ་ཏོག་གི་འདབ་ལོ་འཐོར། རྒོ་བ་དང་འབྲོང་རྒོད། གནའ་གཡག་དང་རྐྱང་ཁྱུ་སོགས་ཀྱིས་ཁོའི་མཐའ་ནས་རུབ་སྟེ་ངར་སྐད་སྒྲོག་ཅིང་མིག་ནས་ཁྲག་དམར་ཙར་ཙར་འཛགས། བྲག་རི་ཞིག་སྟེ་ཁོའི་ལུས་སྟེང་དུ་འགྱེལ་སྙམ་བྱེད། ཁོ་དེ་ལྟར་རྨི་ལམ་གྱི་འཇིགས་པས་བསྣད་དེ་ཤི་མིན་རོ་མིན་དུ་བཏང་ཞིང་གཉིད་ལས་སད་པ་ན་མུན་ཡང་ཡོངས་སུ་རུབ་འདུག
  དགེ་འདུན་གྱི་ཕ་ལགས་རྨི་ལམ་དེ་ལ་རྐྱེན་བྱས་ཏེ་ནད་ཀྱིས་གཟིར་ནས་ཚེ་ལས་འདས་ཤིང་། འཆི་ཁར་བུ་དགེ་འདུན་ལ་ཁ་ཆེམས་འདི་འདྲ་བ་ཞིག་བཞག་མྱོང་ཟེར། ངས་ཚེ་ཐོག་འདིར་རི་དྭགས་རྔོན་ནས་དེའི་ཤ་ཁྲག་གིས་ཁྱིམ་ཚང་གང་བོའི་ལྟོ་གོས་འཕྱིད་ཐབས་བྱས་པ་རེད། མ་དྲིན་ཆེན་མས་ལས་འདི་སྔོན་ནས་མཚམས་འཇོག་དགོས་པའི་སྐུལ་མ་ལན་མང་དུ་བྱས་མྱོང་མོད། རང་ཡང་ལས་འདི་ལ་འཇུག་སྤྲོ་བ་དང་ཤིན་ཏུ་གོམས་པའི་སྟབས་ཀྱིས་བསྐྱུར་མ་ཐུབ་པ་རེད། ད་ཡིན་ན་རྣམ་སྨིན་འཁོར་ཏེ་སྲོག་འཆོར་དགོས་འདུག གཉན་པོ་དགྲ་འདུལ་གྱིས་ང་རང་དགར་བསྐྱུར་མི་སྲིད། ང་ཁོའི་འཁོར་གཡོག་ཏུ་སྐྱེ་ཤ་སྟག་རེད། ངས་ཉིན་རེར་ལྕགས་ལྷམ་དགུ་རེ་ཟད་པའི་ལམ་ཐག་ཏུ་གཡོག་རྒྱུག་བྱ་དགོས་པ་རེད། ཁྱོད་ཀྱིས་གཉན་པོ་དགྲ་འདུལ་ལ་ཉིན་བསང་གི་རྒྱུན་མ་གཅོད། ཟས་གོས་གཏམ་གསུམ་གྱི་ཕུད་གཉན་པོ་དགྲ་འདུལ་ལ་མཆོད་དགོས། ངས་ཁོང་ལ་ཆད་པའི་བུ་ལོན་འདི་ནམ་ཞིག་ལ་འཇལ་ཐུབ་ན་དེ་དུས་ང་གཏོང་ངེས་རེད་ཟེར། དགེ་འདུན་ལོ་ན་ཕྲ་ཡང་ཕ་ལགས་ཀྱི་ཁ་ཆེམས་ལྟར་ཉིན་ལྟར་བསང་ཕུལ་ཏེ་གཞི་བདག་གིས་ཕ་རྒན་སྔ་མོ་གཏོང་བར་སྐྱབས་འཇུག་ཞུ་བཞིན་མཆིས།
སྡེ་བའི་རྒད་པོ་ཚོས་བཤད་ན། འདས་པོ་དེ་གཞི་བདག་གི་འཁོར་གཡོག་ལ་སྐྱེས་ཡོད་པ་མངོན་གསུམ་རེད། དགོང་མོ་རེ་རེར་དགེ་འདུན་ཚང་གི་ལྷས་འདབས་ནས་རྟ་བ་ཞིག་ཕར་འགྲོ་ཚུར་འོང་བྱེད་པའི་སྒྲ་ཐོས་མོད། ཟླ་འོད་རབ་ཏུ་གསལ་བའི་མཚན་མོར་ཡང་རྟའི་རྨིག་སྒྲ་དང་སྲབ་ཀྱི་སིལ་སྒྲ་ཙམ་ཐག་ཉེ་ཐག་ཉེ་ནས་གྲགས་པ་མ་གཏོགས་གཟུགས་ནི་འདིའོ་སྙམ་ཞིག་གཏན་ནས་འཛིན་རྒྱུ་མི་རྙེད། རྟ་བ་དེའི་སྲབ་ཀྱི་སིལ་སྒྲས་ལོ་ངོ་མང་བོར་སྡེ་བ་འདིའི་སྐྱེས་ཕོ་མོ་ཡོངས་ལ་འཇིགས་སྣང་སྐུལ་ཏེ་སྡོད་མི་བཟོད་པ་བཟོས་མྱོང་མོད། དགེ་འདུན་གྱི་ཨ་ཕས་ཁོང་རྣམས་ལ་ཤ་ལན་སློག་པར་སྐྲག་པས། ༡ཁོ་ཚོས་དགེ་འདུན་ཚང་སྡེ་གྲལ་ནས་ཕུད་དེ། ཁྱིམ་མཚེས་ཀྱི་འབྲེལ་ཐག་གཅོད་མ་ཕོད།
  ལོ་ཞིག་ལ་སྡེ་བ་འདི་དང་སོག་པོའི་ཚོ་བའི་བར་ལ་རྩྭ་ས་རྩོད་གླེང་གི་གྱོད་ཅིག་བྱུང་སྟེ། མཁྲེགས་པོའི་མདའ་དང་རྣོན་པོའི་གྲི་འགྲན་པའི་སྐབས་སུ། ལག་ཏུ་མདུང་རིང་ཐོགས་པའི་སྐྱ་མི་ཞིག་བོའུ་རྡེའུ་ཆར་ལྟར་འབབ་པའི་སོག་པོའི་དམག་སྒར་དུ་བརྒྱུགས་ཏེ། སོག་པོའི་དམག་དར་བཅད་ཅིང་སོག་དམག་གི་དཔའ་ཞུམ་པར་བྱས་ནས། དེ་མུར་གཉན་པོ་དགྲ་འདུལ་གྱི་རི་རྩེའི་སྨུག་སྤྲིན་དུ་འཐིམ་པར་གྲགས། སྡེ་མི་རྣམས་ཀྱིས་མི་དེ་ནི་དགེ་འདུན་གྱི་ཕ་འདས་པོའི་སྤྲུལ་བ་ཡིན་པར་བཤད་ཅིང་། ཉིན་དེ་ནས་བཟུང་སྟེ་སྡེ་བ་འདིའི་རྒན་གཞོན་ཚང་མས་དགེ་འདུན་ལ་བརྩི་འཇོག་བླ་ལྷག་བྱེད་པ་རེད། ཁོང་ཚོས་དགེ་འདུན་སྡེ་དཔོན་དུ་བསྐོས་ཤིང་སྡེ་མི་ཚང་མས་ཁོའི་བཀོལ་འདོམས་ལ་ཉན་དགོས་པའི་ཁྲིམས་བཞག དགེ་འདུན་ཡང་སྤྱི་བའི་ཞིང་སར་སྒེར་གྱི་ཐོང་བཤོལ་རྒྱག་པའི་མི་ཐ་ཤལ་བ་ཞིག་མིན་སྟབས། སྡེ་མི་རྣམས་ལ་བྱམས་ཤིང་བརྩེ་བ་དང་། ཁོག་པ་ཡོངས་མོས་སྡེ་འབངས་སྐྱོང་བཞིན་མཆིས།
  ཡུན་རིང་མ་ལོན་པར་བོད་ཀྱི་ཡུལ་གྲུ་ཀུན་ལ་རྙིང་བཞི་རྩ་གཏོར་གྱི་རླུང་དམར་འུར་འུར་དུ་ལྡང་སྟེ། བསྟན་པའི་ལྷ་ཆོས་བཤིག་ཅིང་འཇིག་རྟེན་མི་ཆོས་གཏོར་ནས་རི་མཐོ་ས་གཙང་གི་ལུང་བ་དེ་གྲ་ཆག་གྲུ་ཉམས་སུ་བཏང་། བསང་མཆོད་དེ་གཞི་བདག་གསོལ་བ་ཕར་ཟད། མི་ཤི་ཡང་མཆོད་མེ་རྐོང་བུ་གང་བསྒྲོན་དབང་མེད། དགེ་འདུན་གྱིས་གཉན་པོ་དགྲ་འདུལ་ལ་བསང་བཏང་སྟེ་ཕའི་ཆེད་དུ་སྐྱབས་འཇུག་ཞུ་བའི་རྒྱུན་ཡང་དུས་དེ་ནས་བཟུང་སྟེ་ཆད་སོང་། འབྲོག་ཁྱིམ་ཞིག་གི་སྦྲའི་ལྟག་རྒྱབ་ནས། ནམ་ཀུན་བསང་མེ་ལམ་ལམ་འབར་བའི་སྣང་བརྙན་ཡིད་དུ་འོང་བ་དེ་མི་རྣམས་ཀྱི་མིག་ལམ་ནས་སྐད་ཅིག་ཉིད་ལ་ཡལ་བར་གྱུར། དེ་ལྟ་བུའི་སྐྱ་ཆད་སྔོ་སྡུག་གི་ཉིན་ཞིག་ལ། དགེ་འདུན་ལྐོག་ཏུ་གཉན་པོ་དགྲ་འདུལ་གྱི་ལབ་རྩེ་ཡོད་སའི་ལུང་ཁོག་དེར་སོང་ནས། མདུང་མོ་ལྟར་གཟེངས་པའི་ཕྱོགས་བཞིའི་རི་ཚོགས་ལ་ཅེ་རེར་བལྟས་ཏེ་མིག་ཆུ་དབང་མེད་དུ་ཤོར། ཁོས་རྒྱབ་རི་སྨུག་པོ་ལྟ་བུའི་ཕ་འདས་པོ་དེ་སྙིང་ནས་དྲན་བཞིན་ཡོད། ཕ་ལགས་ཡང་བསྐྱར་སྨུག་པ་དུམ་བུ་ཞིག་དང་ལྷན་དུ་ཕ་གིའི་རི་ངོས་ནས་ཉིན་བྱེད་ལྟར་མངོན་ཡོང་ན་ཅི་མ་རུང་སྙམ་གྱིན་འདུག ཁོས་ད་ལྟ་ཉིད་དུ་བསང་ཞིག་བཏང་སྟེ་གཉན་པོ་དགྲ་འདུལ་ལ་ཕ་ལགས་མྱུར་བར་བཀྲོལ་བའི་རེ་བ་ཞུ་སྙམ་མོད། བསམ་པས་རི་ཁྱབ་ཀྱང་ཞོན་རྟའི་བང་ཟད་ཅེས་པའི་དཔེ་ལྟར་བསང་ཕུད་བྱེད་ཀྱི་མར་རྩམ་ཞིག་གང་དུ་མཆིས་ཨང་།

                                        2015.3.23

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།