གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རིགས་འཕེལ་རྒྱས་ཀྱི་དོན་དུ་ཨང་རྩིས་བོད་ཡིག་གི་ནང་གཏན་འབེབས་བྱ་དགོས།

2015-07-26 10:59:42 མི་ཉག་ཀུན་དགའ་བཀྲ་ཤིས། ཀློག་གྲངས། མཆན ཡོད།


  ལུང་པ་ཞིག་དང་མི་རིགས་ཤིག་འོད་སྟོང་འཕྲོ་བའི་ཡར་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་ན། ཆ་རྐྱེན་གཙོ་བོ་གཉིས་ངེས་པར་དུ་ཚང་དགོས། དང་པོ། ལུང་པ་དེའི་ངོ་བོའམ་བླ་སྲོག་ཏུ་གྱུར་པའི་རང་མི་རིགས་ཀྱི་སྐད་ཡིག་གི་རྨང་གཞི་ཧ་ཅང་བརྟན་པོ་ཞིག་འཛུགས་དགོས། གཉིས་པ། མི་རིགས་དེའི་སྐད་ཡིག་དེ་རང་གི་ནང་ཆེད་དུ་གཏན་འབེབས་བྱས་པའི་རང་རྐྱ་ཐུབ་པའི་ཨང་རྩིས་རིག་པ་དེ་ཡོད་དགོས། དེ་གཉིས་ཟུང་སྦྲེལ་གྱི་ལམ་ནས་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་མ་བྱུང་བ་དང་། མཐར་ཕྱིན་པ་ཞིག་སློབ་སྦྱོང་བྱེད་པར་མི་རིགས་གཞན་གྱི་སྐད་ཡིག་ལ་མུ་མཐུད་དུ་བརྟེན་དགོས་པ་ཞིག་ཆགས་སོང་ན། མི་རིགས་དང་རྒྱལ་ཁབ་འཕེལ་རྒྱས་ཟེར་བའི་སྐད་ཆ་དེ་ཡང་ཁ་སྟོང་ནང་གི་ཚིག་སྟོང་ཙམ་རེད།
  ཚན་རིག་དང་སྤྱི་ཚོགས་བདེ་དོན། ཆབ་སྲིད་དང་དཔལ་འབྱོར། ལོ་རྒྱུས་རིག་པ་དང་བཟོ་སྐྲུན་རིག་གནས། སྨན་བཅོས་འཕྲོད་བསྟེན་དང་བརྡ་འཕྲིན་རིག་གནས། དངོས་ཁམས་དང་ས་ཁམས། སྒྱུ་རྩལ་དང་གློག་བརྙན་སོགས་ཤེས་རིག་ཐམས་ཅད་ཀྱི་གནས་ལ་ཧ་ཅང་ཡར་ཐོན་གྱི་ཚད་གཞིར་སླེབས་པའི་ཡར་ཐོན་ཅན་གྱི་མི་རིགས་དག་གིས་ནི། ཐོག་མར་སོ་སོའི་སྐད་ཡིག་དང་། དེ་ནས་དེའི་ནང་ཨང་རྩིས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ཡོད་པ་མི་རིགས་དེ་དག་གི་ལོ་རྒྱུས་ལ་བལྟས་ན་གསལ་པོ་རེད། དཔེར་ན་སྟོབས་ཤུགས་དང་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ། ཉི་ཧོང་དང་ཨ་རི། དབྱིན་ཇི་དང་ཇར་མེ་ནི་སོགས་ལྟ་བུ་རེད། ད་ལྟའི་ཆར་རྒྱ་གར་དང་རྒྱ་ནག་གཉིས་འཛམ་གླིང་གི་ཨང་རྩིས་ཤེས་རིག་གི་ལྡུམ་རྭའི་ཁྲོད་རྩེ་ཏོག་གི་གྲས་སུ་སླེབས་ཐུབ་པ་བྱུང་བ་དང་མཉམ་དུ་རྒྱལ་ཁབ་དེ་དང་དེའི་དཔལ་ཡོན་དང་ཚན་རྩལ་རིག་པའི་དཔུང་པའི་ཞེང་ཁ་ཡང་ཉིན་རེ་བཞིན་ལུང་པ་གཞན་ལས་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
  བོད་མི་རིགས་འདི་ཡར་ཐོན་ཅན་གྱི་མི་རིགས་གཞན་གྱི་རྗེས་ཟིན་པར་བྱེད་དགོས་ན། ཐོག་མར། ཛ་དྲག་གི་ཚུལ་དུ། ཕྱོགས་མཐའ་ཁག་གི་མཁས་པ་དང་། ཆེད་ལས་པ། དེ་བཞིན་ལམ་སྟོན་པ་གང་མང་གདན་དྲངས་ནས་མགྱོགས་མྱུར་བོད་ཡིག་གི་ནང་ཨང་རྩིས་གཏན་འབེབས་བྱེད་ཐུབ་པར་བྱ་དགོས། ཨང་རྩིས་རིག་གནས་མ་ལག་དང་བཅས་པ་ནང་འདྲེན་བྱེད་པའི་གལ་གནད་ཆེ་བའི་ལས་གཞི་དེ་ལྟ་བུ་ཞིག་ལེགས་གྲུབ་བྱུང་ན། ད་གཟོད་ད་སྔ་བཞིན་གཞན་ནས་དབྱིན་སྐད་དང་རྒྱ་སྐད་སོགས་གཡར་པོ་བྱེད་མི་དགོས་པར་བོད་ཡིག་རང་གི་ནང་ཨང་རྩིས་ཀྱི་སློབ་ཁྲིད་བྱ་ཐུབ་རྒྱུ་དང་། རིམ་བཞིན་ཚན་རིག་སོགས་གནའ་དེང་རིག་གནས་ཡོངས་སུ་རྫོགས་པ་བོད་ཡིག་ནང་ཡོད་པའི་སློབ་དེབ་བསྒྲིག་རྒྱུ་དང་སློབ་ཁྲིད་བྱ་རྒྱུར་དཀའ་ངལ་མེད་པར་ཅི་ནས་ཀྱང་ཆགས་འགྲོ། རྒྱུ་མཚན་ནི། ཨང་རྩིས་ནི་ཤེས་བྱ་ཐམས་ཅད་ཀྱི་ཨ་མའམ་རྩ་བ། ཡང་ན་གཞི་མ་དངོས་གནས་དེ་རེད།
  བོད་མི་རིགས་ཀྱི་ཡར་རྒྱས་དང་མདུན་སྐྱོད་ལ་སྨན་པའི་བཟོ་སྐྲུན་རིག་གནས་སོགས་སློབ་ཚན་ཆ་ཚང་བོད་ཡིག་གི་ནང་འཁྲིད་རྒྱུ་ཡོད་པ་ཞིག་བྱུང་བའི་ཉིན་མོ་དེ་ནས་བཟུང་བོད་སྐད་ཡིག་གཉིས་ཀྱང་ངང་ངམ་ཤུགས་ཀྱིས་དར་སྤེལ་འགྲོ་བ་ནི་རང་བཞིན་ཞིག་དང་ཆོས་ཉིད་ཅིག་ཀྱང་རེད་ལ། མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་འདི་ཉམས་པ་སླར་གསོ་དང་། མི་ཉམས་རྒྱུན་འཛིན། ད་ཡོད་གོང་འཕེལ་དུ་གཏོང་བའི་ཕུགས་རྒྱང་རིང་བའི་དམིགས་འདུན་གྱི་འཕྲུལ་ཆས་དེའི་ངར་སྒྲ་སྒྲོག་པའི་ཐོག་མ་དང་རྒྱལ་ཁའི་མགོ་འཛུགས་ཀྱང་རེད།
  ལོ་རྒྱུས་དང་། སྙན་ངག། རྩོམ་རིག ཆབ་སྲིད། དེ་བཞིན་ནང་བསྟན་སོགས་ལ་མཁས་པའི་མིང་དུ་གྲགས་པའི་འདས་པ་དང་། ད་ལྟའི་བོད་ཀྱི་མཁས་པ་ཕལ་མོ་ཆེ་ནི་མཐའ་ན་ཆེས་དམའ་རིམ་གྱི་ཨང་རྩིས་རིག་པ་ལ་ཤིན་ཏུ་རྨོངས་པས་རྒྱལ་སྤྱིའི་སྟེང་བོད་མིས་ཤེས་རིག་དང་ཚན་རིག་སོགས་ཀྱི་ཐད་ལ་བག་ཆགས་གཏིང་ཟབ་བཞག་ཐུབ་མེད་པ་མ་ཟད། ད་ལྟ་མི་རིགས་གཞན་དག་གི་གཙུག་ལག་སློབ་གཉེར་ཁང་འབུམ་ཕྲག་མང་པོའི་ནང་ལོ་བརྒྱ་ཕྲག་སྔོན་ནས་ངོ་སྤྲོད་བྱས་ཟིན་པའི་བརྗོད་བྱ་མི་འདྲ་བའི་ཡར་ཐོན་ཅན་གྱི་སློབ་ཚན་ཁྲི་ཕྲག་མང་པོའི་ནང་གི་བརྒྱ་ཆ་གཅིག་ཙམ་ཡང་འུ་ཅག་བོད་མི་རིགས་ཀྱི་སློབ་གྲྭ་ཁག་ཏུ་མེད་པ་རེད། དེའི་རྐྱེན་གྱིས་ང་ཚོ་ད་དུང་རྗེས་ལུས་ཀྱི་འདམ་རྫབ་ལས་ཐར་ཐུབ་མེད་པ་རེད་ལ། དེ་ལས་ཐར་དགོས་ཚེ། ད་དུང་མི་རབས་འགའ་ཤས་ཀྱི་དུས་ཚོད་དགོས་ངེས་རེད། འོན་ཀྱང་ད་ལྟ་བོད་ཡིག་རྩ་བརླག་ཏུ་སོང་མེད་པའི་གོ་སྐབས་དང་བསྟུན་ནས་ཨང་རྩིས་བོད་ཡིག་ནང་སྦྱང་ཆོག་པ་ཞིག་བཟོ་དགོས་ལ། ལས་གཞི་འཐུས་ཚང་དང་ཡང་དག་པ་བསྒྲིག་དགོས། དེ་བརྩམ་པར་ཕྱིར་འཐེན་དང་དུས་འགྱངས་རྐྱང་རྐྱང་བྱས་ནས་སང་ཉིན་ལ་རེ་སྒྲུག་བྱེད་ན། ནམ་ཞིག་ཕྱི་དྲགས་འགྲོ་བ་ལས་ལམ་ཁ་གཞན་ཞིག་ནི་བསྐྲུན་ཐབས་མེད།
  ཨང་རྩིས་བོད་ཡིག་གི་ནང་ནང་འདྲེན་དང་བསྒྱུར་རྒྱུའི་ལས་འགན་གཙོ་བོ་དེ་གཞིས་བྱེས་གཉིས་སུ་ཡོད་པའི་ཨང་རྩིས་དང་བོད་ཡིག་ལ་མཁས་པའི་ཤེས་ཡོན་པའི་སྡེ་ཁག་དང་གནས་ཡོད་མི་སྣ་རྣམས་ལ་འཁྲི་ཡོད། གང་བསྒྱུརད་བ་དང་ནང་འདྲེན་བྱས་པ་ཁག་བོད་ཕྱི་ནང་གཉིས་སུ་མིང་ཚིག་དང་ཐ་སྙད་ཀྱི་ཐད་གཅིག་གྱུར་དང་ཡོངས་ཁྱབ་བཟོ་དགོས་པ་ལས་གཞིས་བྱེས་གཉིས་སུ་གྱེས་པ་ལྟར་ཨང་རྩིས་ཀྱི་ཐ་སྙད་རྣམས་ཀྱང་ཕྱོགས་གཉིས་སུ་གྱེས་ན། མ་འོངས་པར་དོན་མེད་བསྐྱར་སྒྲིག་གི་ལས་དོན་གསར་པ་འཛུགས་དགོས་པའི་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་མི་སྲིད་པ་གཏན་ནས་མ་རེད།།
                                                                              དབྱིན་ཡུལ་ནས་སྤྱི་ལོ་༢༠༡༥ ཟླ་ ༠༣ ཚེས་ ༡༤ ལ་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།