རྨ་འོད་ཀྱིས་མཚོ་སྔོན་བོད་སྐད་རླུང་བརྙན་འཕྲིན་ཁང་ལ་བྲིས་པའི་གཏམ།༼ དམར་དམར་པོ ༽

  ༼ ༡ ༽ ང་ནི་མཚོ་སྔོན་རླུང་བརྙན་འཕྲིན་ཁང་གིས་བོད་སྐད་ལེ་ཚན་ལ་ཉན་ནས་ནར་སོན་པ་ཞིག་ཡིན་ལ།རྒན་ཕུར་བ་དང་དབྱངས་ཅན།སྨན་བླ་དང་ཕག་མོ་བཀྲ་ཤིས་སོགས་ཀྱི་སྨྲ་བརྗོད་དང་སྒྱུ་རྩལ་ནམ་ཡང་ཤ་དང་རུས་ལ་ཟུག་ཅིང་།བོད་པའི་སྐད་ཆ་དང་རིག་གནས་གྱིས་མཚོན་པའི་ལུང་བ་རེ་རེའི་ཡུལ་སྲོལ་གོམས་གཤིས་དང་།འགྲོ་འདུག་སྤྱོད་གསུམ་ལ་ཡང་བག་ཆགས་ཟབ་མོ་བཞག་མྱོང་།ལྷག་ཏུ་རྫ་སྐྱེ་རྒུའི་ས་འགུལ་དེས་མཚོ་སྔོན་པ་དང་རླུང་བརྙན་འཕྲིན་ཁང་ལ་དུངས་ཤིང་།མཚོ་སྔོན་རླུང་བརྙན་འཕྲིན་བོད་ལ་དཀའ་དྲིན་ཆེ་བའི་སྣང་བ་ཞིག་ཀྱང་འགོག་མེད་སྐྱེས་ལ།སྐབས་དེའི་གསར་འགོད་པ་ལྷ་མོ་སོགས་ལ་མོས་གུས་དང་།ནམ་ཞིག་ཆེད་དུ་ཐུགས་རྗེ་ཞུ་བའི་འདུན་པ་ཡང་ཐེངས་གཅིག་མིན།
  ༼ ༢ ༽མཚོ་སྔོན་རླུང་བརྙན་འཕྲིན་ཁང་ནི་བོད་ཀྱི་རླུང་བརྙན་འཕྲིན་ཁང་ཡིན་ལ།དེས་བོད་པ་སྤྱིའི་རིག་གནས་ཤིག་མཚོན་ཡོད།གོམས་གཤིས་ཤིག་བསྐྱངས་ཡོད།ཡུལ་སྲོལ་ཞིག་སྲུང་ཡོད།དེས་ལེ་ཚན་རེ་རེ་དང་འཁྲབ་ཚན་རེ་རེས་ང་ཚོ་ལ་བླང་དོར་གྱི་བློ་མིག་ཞིག་གླེང་ཡོད།བསམ་གཞིགས་ཀྱི་སྒོ་མོ་ཞིག་འབྱེད་ཡོད།རེ་བཞག་དང་ཞེན་ཆགས་ཤིག་ཀྱང་སྐུལ་ཡོད། དེ་ང་ཚོ་བོད་པའི་རིག་གནས་ཀྱི་སྒོ་ཆེན་གཅིག་དང་རེ་བའི་ལྕགས་རི་གཅིག་ཡིན།
  མདོར་ན།དེས་ང་ཚོ་བོད་པ་མཚོན་པ་བཞིན།བོད་པའི་རིག་གནས་མཚོན།ཡུལ་སྲོལ་གོམས་གཤིས་མཚོན།འགྲོ་ལམ་སྤྱོད་སྟངས་མཚོན།
  ༼ ༣ ༽ དེ་བཞིན་གར་སྟེགས་དེ་ནས་སྒྱུ་རྩལ་བ་དང་འཁྲབ་སྟོན་པ།མདོ་འཛིན་པ་དང་གསར་འགོད་པས་ཀྱང་ང་ཚོ་མཚོན།བོད་པ་སྤྱི་མཚོན།དེའི་སྐད་ཆ་དང་རིག་གནས་མཚོན།དེའི་སྤྱོད་ལམ་དང་ཆས་གོས་མཚོན།དེའི་འཇོན་ཐང་དང་སྒམ་བརླིང་མཚོན།
གར་སྟེགས་དེ་སུ་ཚང་གི་སྒེར་གཞིས་མིན།མདོ་འཛིན་པ་དང་གསར་འགོད་པས་སྒེར་ཚུགས་འཇོག་སའང་མིན།
དེ་མི་སྒེར་གྱི་སྐྲ་གཟེངས་ས་མིན།སྐྲ་སེར་ས་དང་མཆུ་དམར་སའང་མིན།མིག་སྔོ་ས་དང་ལྗང་ས་མིན།ཆགས་ཉམས་དང་ཆགས་འཛུམ་གྱིས་ཚུལ་འཆོས་བསྐྱེད་སའང་མིན
དེ་ནི་བོད་པ་ཞིག་གི་ཤེས་རབ་དང་བློ་གྲོས་ཀྱི་མེ་ལོང་ཡིན།
ཐོས་བསམ་དང་ལྟ་སྤྱོད་ཀྱི་ཞིང་ས་ཡིན།དེ་ནི་རི་རབ་ལྟ་བུའི་ལྷུན་ཆགས་ཤིག་དང་གཙང་ཆུ་ལྟ་བུའི་དྭངས་བསིལ་ཞིག་ཀྱང་ཡིན།
  ༼ ༤ ༽ངོ་ལོ་འདི་དག་ཏུ།ངའི་སེམས་ཀྱི་ཟབ་ས་ན་འཁྱིལ་བ་དེ།ངའི་རུས་ཀྱི་དཀར་ས་ན་བཞད་པ་དེ།ངའི་རྩ་སྦུབས་དང་ཁྲག་རྒྱུན་ན་འབབ་པ་དེ།སྐད་ཅིག་སྐད་ཅིག་ཏུ་ཁ་དོག་ཡལ་ལ།སྐད་ཅིག་སྐད་ཅིག་ཏུ་སྐྱུར་དྲི་འཐུལ་ཡོང་།དེ་ནི་༼པ་ལོ་དམག༽དང་༼ཅིན་ལིས་མར༽་ལྟ་བུས་བསླངས་པའི་གཟེར་ཤད་གཅིག་མ་ཡིན་པར།སྒལ་ཚིགས་འཐོར་ལ་ལྷུ་རྐང་རལ་བའི་རུས་སྲིན་གྱི་རིགས་ཤིག་ཏུ་བརྩི་རུང་སྙམ།གནའ་སྔ་མོའི་མཚོ་སྔོན་རླུང་འཕྲིན་ཁྱོད་གང་ན་ཡོད།དེ་དང་ཤ་ཁྲག་གིས་འབྲེལ་བའི་རྒན་པ་ཚོ་གང་ན་ཡོད།
ཁྱེད་ཚོའི་གཟབ་ནན་དང་ཁོག་དཔུང་གང་ན་ཡོད། ངས་ཁྱེད་ཚོ་དྲན་ཡོང་།ཁྱེད་ཚོའི་སྒམ་བརླིང་དང་ལྷག་བསམ་དྲན་ཡོང་།
  ༼ ༥ ༽རླུང་འཕྲིན་བརྙན་འཕྲིན་ལ་འཐིམས་རྗེས་།་༼གངས་རིའི་སྐར་རྒྱན༽་དེ་༼གཞས་ར་ཕྲ་མོ༽ས་བལྡད་རྗེས།༼ཁ་བའི་ཞབས་རྗེས༽་སུ་རྐང་རྗེས་མེད་པ་ཁག་གཅིག་བྱོན་རྗེས།༼ལོ་སར་སྤྲོ་ཚོགས་༽་ཁྲ་མ་ཁྲ་དང་།སྒྲིག་སྦྱོར་བརྙན་ཕབ་ཀྱང་ཡ་མ་ཡང་དུ་གྱུར་སོང་།ད་ནི་གསར་འགྱུར་ཁོ་ན་བཤད་ནས་ཉི་མ་ཕུད་དམ།
མུ་འབྲེལ་ཟློས་གར་དག་བསྐྱར་གཏོང་བྱའམ།
ཡང་ན་ཚོང་རྫས་རྫུན་མ་ཁག་གཅིག་ཡང་ཡང་སྒྲོགས།
མདོ་འཛིན་པ་བློ་འཛིན་པ་ཚོ་གང་ན་ཡོད། ཡིག་ངོ་ཙམ་ཆོད་རྗེས། མདོ་ཚིག་འགའ་བློ་ལ་སྐྱོར་རྗེས།རིག་རྩལ་མདོ་འཛིན་དེ་ཡང་གསར་འགྱུར་ལྟར་བཤད་རྗེས།ཡིག་ནོར་དང་ཁ་འཁྱོག་འགའ་བསྟུད་རྗེས།མཆུ་དམར་ནས་ཨེ་ཡོད།སྐྲ་སེར་ནས་ཨེ་ཡོད།མགོ་གཟེངས་ནས་ཨེ་ཡོད།ཆགས་སྐད་དང་ཆགས་ཟེད་འདྲ་བྱས་ནས་ཨེ་ཡོད།
  ༼ ༦ ༽ ཨ་མདོའི་བརྙན་འཕྲིན་ཁང་གིས་འབྲེལ་སྒྲ་བོར་རྗེས།ཨ་མདོ་བརྙན་འཕྲིན་བོད་དང་འབྲེལ་བ་མེད་སོང་བ་ཨེ་ཡིན།ཨ་མདོའི་རོང་འབྲོག་ཉན་མཁན་དང་འབྲེལ་བ་མེད་སོང་བ་ཨེ་ཡིན།སྔོན་ཆད་དབུགས་ཐེངས་གཅིག་ལ་རོང་འབྲོག་ཉན་མཁན་ཚོས་བགྲང་ཐུབ་པའི་རྒན་ཕུར་བ།དབྱངས་ཅན།སྨན་བླ།འབྲུག་ལྷ།ཕག་མོ་བཀྲ་ཤིས།བཀྲ་ཤིས་དབང་ཕྱུག་སོགས་མང་པོ་མང་པོ་ཡོད།ད་ལྟ་ཚེ་མགོན་དང་བཀྲ་ལོ་གཉིས་ལས་དེ་འདྲའི་ཤ་ལ་ཟུག་པ་དུ་ཡོད།ཁྲག་ལ་འབབ་པ་གང་ཡོད།
  ༼ ༧ ༽ཨ་མདོའི་༼ མདོ ༽བརྙན་འཕྲིན་ན་ད་ལྟའང་རྒན་པ་ལྷག་བསམ་ཅན་ཡོད་ཁོ་ཐག་ཡིན།གཞོན་པ་རྣམ་དཔྱོད་ཅན་ཡང་ཡོད་ཁོ་ཐག་ཡིན།ད་ནི་ཁྱེད་ཅག་གིས་དཔུང་བ་གཤིབ་རན།
ལག་པ་སྦྲེལ་རན།སྙིང་སྟོབས་དང་དཔའ་མཛངས་ངོམ་རན།
  ང་ཚོའི་ཐུན་མོང་གི་མེ་ལོང་དེ་འཕྱིད་རན།བོད་མི་དམངས་ཀྱི་མིག་སྔོ་རིལ་ཅེར་ནས་ཡོད།ཕྱི་རབས་རྒྱུད་འཛིན་པའི་མིག་ཁྲ་རིལ་ཅེར་ནས་ཡོད།མདོར་ན།རྒྱལ་སྤྱི་དང་འཛམ་གླིང་གི་མིག་སེར་རིལ་ཡང་ཅེར་ཅེར་ནས་ཡོད།

                          ༢༠༡༥•༩•༩

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་འོད་ཀྱིས་མཚོ་སྔོན་བོད་སྐད་རླུང་བརྙན་འཕྲིན་ཁང་ལ་བྲིས་པའི་གཏམ།༼ དམར་དམར་པོ ༽

2015-09-18 རྨ་འོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།