གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོ་བའི་གོམས་གཤིས།

2015-10-23 21:07:21 དབུ་རུ་དོན་འདུར། ཀློག་གྲངས། མཆན ཡོད།


  ང་རང་བོད་མི་རིགས་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་ལ་རྟག་ཏུ་བསམ་གཞིགས་དང་། མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་གོམས་གཤིས་ལ་བསྡུར་བ་བྱེད་འགྱུར་དགའ་བོ་ཡོད། མ་ཟད་དཔེ་ཀློག་ལ་ཤིན་ཏུ་དགའ་བའི་རྐྱེན་གྱིས་ང་ཚོ་མ་འགྲིག་པའི་དོན་དངོས་མང་པོ་ཞིག་ངོས་འཛིན་ཐུབ་ཀྱི་འདུག ང་ཚོ་ཡག་རབས་དང་འཇོན་རབས་ག་ཚོད་བཤད་ཀྱང་དགོས་པ་མེད་པར་ང་ཚོས་མ་འགྲིག་པ་དང་། མ་བྱུང་བར་བསུན་འབྱིན་བྱེད་རྒྱུ་དེ་ངའི་རྩོམ་ཡིག་འབྲི་བའི་དམིགས་ཡུལ་ཡིན།
  ད་རེས་ང་རང་གཞུང་གྲོན་བཏང་ནས་སློབ་སྦྱོང་ལྟ་སྐོར་དུ་ཡོང་བ་མིན་ལ་རང་གི་དཔལ་འབྱོར་ལེགས་པས་ཡུལ་སྐོར་སྤྲོ་གསེང་དུ་ཡོང་བ་དེ་བས་མིན་པར་སྤུན་མཆེད་ནད་པ་ཞིག་གི་ནད་གཡོག་ཏུ་རྒྱ་ནག་སྤོས་ལྡན་གྲོང་དུ་དུས་ཡུན་ཟླ་བ་གཅིག་ཙམ་སྡོད་དགོས་བྱུང་།
  དེའི་རིང་ངའི་ལྟ་ཞིབ་བསྡུར་བ་བྱེད་པའི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་ཀྱིས་འཚོ་བའི་ཕྱོགས་མང་པོར་ལྟ་ཞིབ་ཟིན་ཐོ་བཀོད་པ་ཡིན།

              དང་པོ། ཐ་མ་ཁའི་འཐེན་ལུགས།
 
  ཐ་མ་ཁས་གཟུགས་གཞི་བདེ་ཐང་ལ་གནོད་ཞེས་པའི་ཡིག་འབྲུ་གསལ་པོ་ཞིག་དུ་བའི་སྒམ་ཆུང་ཚང་མའི་ཐོག་བཀོད་ཡོད་པ་དང་། དུ་ཆང་སྤྱོད་མཁན་ནི་རྒྱུན་ལྡན་མི་ལས་ལོ་ལྔས་ཚེ་ཐུང་བའི་ཚན་རིག་གི་བརྟག་དཔྱད་འབྲས་བུ་ཞིག་ཀྱང་ཤེས་ཡོད་པས་དུ་བ་གང་བྱུང་དུ་འཐེན་མི་རུང་བ་ནི་མི་ཚང་མའི་གཟུགས་གཞི་དང་འབྲེལ་བ་ཡོད་པ་མ་ཟད། དུ་བས་འཐེན་པ་པོ་རང་ཉིད་ལ་གནོད་པ་ཨ་ཅང་བརྗོད་མེད་ཐོག་འཁྲིས་ལ་ཡོད་པའི་མི་ལ་རང་ཉིད་ལས་ཀྱང་གནོད་ཚབས་ཆེ་བའི་དོན་ཡང་ང་ཚོ་ཚང་མས་ཤེས་མི་ཐུབ་པ་མ་རེད།
  ང་གཉིས་ས་ཆ་འདིར་སླེབས་ནས་དུས་ཡུན་གཟའ་འཁོར་གཅིག་ཙམ་འདས་ཟིན་པ་དང་ལམ་སང་ནད་ཁང་དུ་སྡོད་ཆོག་པའི་འགྲོ་ལུགས་མ་རག་པའི་དབང་གིས་སྤྱི་གླིང་དང་། ཇ་ཁང་སོགས་ཀྱི་ནང་དུ་ཐེངས་མ་ཁ་ཤས་སོང་བ་ཡིན། མ་ཟད་སྨན་ཁང་དང་དངུལ་ཁང་སོགས་ལ་འགྲོ་དགོས་པ་ཡང་བརྗོད་ག་ལ་དགོས། ང་གཉིས་གང་དུ་སོང་ཡང་བོད་ནས་རྒྱུན་པར་མཐོང་ཐུབ་པའི་གནས་ཚུལ་གཅིག་སྟེ་གང་སར་ཐ་མ་ཁ་འཐེན་པའི་སྣང་ཚུལ་དེ་འདྲ་རྩ་བ་ནས་མཐོང་རྒྱུ་མི་འདུག
  ང་གཉིས་ཡ་མཚན་ཆེན་པོས་གྲོང་ཁྱེར་འདིའི་མི་ཚང་མས་དུ་བ་འཐེན་གྱི་མེད་པ་ཡིན་ནམ་སྙམ་ནས་གཞན་ལ་སྐད་ཆ་དྲིས་པ་ཡིན། སྨན་ཁང་དང་ལས་ཁུངས་སོགས་ལ་དུ་བ་འཐེན་ཁུལ་ཟུར་འཛུགས་བྱས་ཡོད་པ་དང་། ཟ་ཁང་དང་སྤྱི་གླིང་སོགས་ཀྱི་ནང་དུ་མི་རྣམས་རང་འགུལ་གྱིས་དུ་བ་འཐེན་གྱི་མེད་པ་དང་། གལ་ཏེ་འཐེན་དགོས་ན་མི་མེད་པའི་ས་ཆར་འགྲོ་བ་ཤེས་རྟོགས་བྱུང་། གནས་ཚུལ་དེ་དག་ཤེས་པའི་རྗེས་སུ་ངའི་སྣང་ངོར་དུ་བའི་ཨ་ལོང་ཆགས་པའི་བོད་ཀྱི་ཟ་ཁང་དང་། ཨར་ཁང་སོགས་ཡིད་ལ་ཤར་བ་དང་། དུ་བའི་ཨ་ལོང་འཁྲིགས་པའི་གཞུང་ལས་ཁང་དང་ཚོགས་ཁང་དག་དྲན་པ་མ་ཟད་མི་གཞན་ཕར་བཞག་རང་གི་ཕ་མ་བུ་ཕྲུག་ཀྱང་མི་བསམ་པར་དུ་བའི་ཨ་ལོང་འཁྲིགས་པའི་ཁྱིམ་ཚང་དག་ཀྱང་ཡིད་ལ་ལྷང་ ངེར་ཤར་བྱུང་། མི་རིགས་ཤིག་ཕྱོགས་ཡོངས་ནས་བྱང་ཚད་ལྡན་པར་ཡོང་དགོས་ན་མི་རིགས་དེའི་མི་རེ་རེའི་བྱ་སྤྱོད་ནས་འགྱུར་བ་གཏོང་དགོས་པ་ལྟར་ང་ཚོས་ང་ཚོ་དཔའ་རབས་དང་འཇོན་རབས་ཁོ་ན་བཤད་ནས་མ་བསྡད་པར་སྤྱོད་ཚུལ་ལེགས་པོ་འདི་ལྟ་བུ་ལ་སློབ་སྦྱོང་བྱས་ནས་མི་དམངས་བསྡུ་འཛོམས་བྱེད་ས་གང་ཡིན་དང་། ཟ་ཁང་སྤྱི་གླིང་སོགས་ཀྱི་ནང་དུ་རང་འགུལ་གྱིས་དུ་བ་འཐེན་མི་རུང་བ་དང་། གཞུང་ལས་ཁང་དང་སློབ་གྲྭ སྨན་ཁང་སོགས་སུ་དུ་བ་འཐེན་ས་ཟུར་འཛུགས་བྱས་གཞུང་གིས་དོ་དམ་དང་། སྒྲིག་འཛུགས་བྱས་ན་ཕན་པ་ཤིན་ཏུ་ཆེ་བར་བསམ། མ་ཟད་རང་གི་ཕ་མ་བུ་ཕྲུག་འཛོམས་པའི་ཁྱིམ་ཚང་ནང་དུ་རྩ་བ་ནས་འཐེན་མི་རུང་བ་ཤེས་པ་མ་ཟད་ལག་ལེན་དུ་ངེས་པར་འཁྱོལ་བ་གནང་དགོས་སོ།།

              གཉིས་པ། གྲལ་སྒྲིག་པའི་གོམས་གཤིས།

  མི་དམངས་བསྡུ་འཛོམས་ཀྱིས་བྱ་བ་སྒྲུབ་ས་གང་ཡིན་དང་། བྱེད་སྒོ་སྤེལ་ས་གང་ཡིན་ལ་མི་རྣམས་སླེབས་སྔ་ཕྱིའི་གྲལ་འགྲིག་རྒྱུ་ནི་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་མ་ཆགས་པ་དང་། ལས་རིགས་གང་ཡང་བདེ་བརླག་མྱུར་སྒྲུབ་ཡོང་བའི་མངོན་འགྲོའི་ཆ་རྐྱེན་རེད།
  ད་ལྟ་ང་གཉིས་སྨན་ཁང་དུ་ཞུགས་ནས་ཉིན་ཤས་སོང་ཟིན་པ་དང་། འདིར་སླར་ཡང་ང་ཚོ་བོད་དང་མི་འདྲ་བར་གྲལ་འགྲིག་པའི་གོམས་གཤིས་ བཟང་པོ་ཞིག་ཡོད་པ་སྟེ་མི་གྲལ་རིང་པོ་ག་ཚོད་ཡོད་ཀྱང་རང་ཉིད་ག་ནས་ སླེབས་ན་དེ་ནས་གྲལ་འགྲིག་པ་ལས་མི་རྣམས་མཐོང་བཞིན་དུ་མདུན་ལ་ཤོར་འགྲོ་མཁན་གཅིག་ཀྱང་མི་འདུག ཐོག་མར་ང་གཉིས་ཀྱིས་བོད་ལ་ཡོད་པའི་གོམས་གཤིས་ལྟར་མི་རྣམས་གྲལ་འགྲིག་པར་ཇི་མི་སྙམ་པར་མདུན་དུ་ཤར་རེར་སོང་ནས་སྨན་པ་བསྟེན་པ་དང་།སྨན་ལེན་པ་སོགས་བྱས་པ་ཡིན།
  ཐེངས་གཅིག་ང་ཚོ་ཉལ་ཁང་གཅིག་པའི་ཨ་མདོ་རྔ་བའི་བོད་རིགས་ཕོ་གསར་དེ་རུ་མཇུག་ཏུ་འདུག་པས་ངས་ཁོང་ལ་མདུན་དུ་ཡོང་དགོས་པའི་བརྡ་ཞིག་བསྟན་པས་ཁོང་གིས་སླེབས་མ་བྱུང་། དགོང་མོ་ང་ཚོ་ཉལ་ཁང་དུ་འཛོམས་དུས་སྐད་ཆ་མང་པོ་ཞིག་བཤད་ཀྱང་གོ་ཐབས་མི་འདུག་པས་རྒྱ་སྐད་མ་སྤྱོད་རང་སྤྱོད་རེད། སྐབས་དེ་དུས་ངའི་བསམ་པར་རྒྱ་སྐད་ཀྱི་སྤྱི་སྐད་ཐོག་ལ་རེ་བ་ནན་པོ་འདོན་པའི་དགོས་པ་ཤེས་པ་མ་ཟད་ང་ཚོ་བོད་དུ་ཡང་ངེས་པར་དུ་བོད་མི་ཚང་མས་གོ་བའི་སྤྱི་སྐད་ཅིག་དགོས་པའི་ངོས་འཛིན་ཟབ་མོ་བྱུང་།
  ང་ཚོས་རྒྱ་སྐད་ཐོག་ནས་ཕན་ཚུན་ནད་གཞི་ལྕི་ཡང་དང་འཚོ་བ་སོགས་ཀྱི་ཐད་ལབ་གླེང་ཅུང་ཟད་བྱས་རྗེས་ཁོང་གིས་སྨན་པ་བསྟེན་ས་དང་སྨན་ལེན་ས་གང་དུ་ཡིན་ཡང་ངེས་པར་དུ་གྲལ་སྒྲིག་དགོས་པ་ལས་དེ་ལྟར་མི་གཞན་གྲལ་སྒྲིག་པ་མཐོང་བཞིན་དུ་མདུན་ལ་སོང་ན་མི་རིགས་གཞན་གྱིས་བོད་མི་རིགས་ལ་བྱང་ཚད་མི་འདུག་ཟེར་གྱི་རེད་ཅེས་གསལ་བཤད་གནང་བ་དེས་ངའི་ངོ་གདོང་ཚ་ལམ་ལམ་དུ་གྱུར་བ་དང་ཉིན་དེ་དག་རིང་རང་ཙམ་མ་ཟད་མི་རིགས་ཀྱི་ངོ་གདོང་ཆུ་ལ་སྐྱུར་བའི་ལས་ཀ་ངན་པ་བྱས་པའི་གནོང་འགྱོད་ཅིག་རང་ཤུགས་སུ་སྐྱེས་ནས་ཁས་ལེན་བྱས་པའི་ཟོལ་གྱིས་མགོ་བོ་ལྕོག་ལྕོག་བྱས་པ་ལས་ཁོང་ལ་ལྟ་བའི་སྤོབས་ཡང་མེད་པ་ཆགས་སོང་།
  དེའི་དགོང་མོ་གཉིད་ཀྱི་དྲི་ཙམ་ཡང་མི་གོས་པའི་སེམས་པ་དེ་སླར་ཡང་ཕ་ཡུལ་གྱི་མཆོད་མཇལ་ཞུ་ས་དང་སྨན་པ་བསྟེན་ས། གསུངས་ཆོས་ཉན་ས་སོགས་ཀྱི་རྣམ་པ་དག་ཡིད་ལ་འཁོར་བ་དང་། དེ་དག་ཏུ་མི་རྣམས་གྲལ་མ་སྒྲིག་པར་མདུན་དུ་ཤོར་འགྲོ་བའི་སྣང་ཚུལ་ངན་པ་དེ་ཡིད་ལ་འཁོར་བ་མ་ཟད་སྣང་ཚུལ་དེ་དག་གིས་ང་ཚོའི་མི་རིགས་འདི་ཉིད་ད་ཆ་བྱང་ཚད་མེད་པའི་མི་རིགས་ངན་པ་ཞིག་ཏུ་ཆགས་འགྲོ་བའི་སྣང་ཚུལ་ཞིག་ཀྱང་ཡིད་ལ་ལྷང་ངེར་འཁོར་བྱུང་། ལོ་གསར་མ་ཚེས་པའི་གོང་གི་ཉིན་གསུམ་པ་སྟེ་བོད་ཚེས་ཉི་ཤུ་བདུན་གྱི་ཉིན་མོ་ནི་ལོ་གཅིག་དུས་གཅིག་གི་སེ་ར་ཕུར་ མཇལ་ཞུ་བའི་ཆོས་ལུགས་བྱེད་སྒོ་དེ་ཡིན་པ་དང་། ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་བོད་མི་ཤིན་ཏུ་མང་པོ་འཛོམས་ཀྱི་ཡོད། དེ་དག་ཕུར་མཇལ་ཞུ་རྒྱུའི་དོན་དུ་དགོང་མོ་ནས་སེ་ར་དགོན་པར་གྲལ་འགྲིག་པ་ དང་། ཉི་ཤུ་བདུན་གྱི་ཉིན་མོ་གྲོང་ཁྱེར་ལྷ་སའི་སྤྱི་བདེའི་མི་སྣ་ཡོད་ཚད་བསྡུས་ནས་ཁ་ལོ་བྱས་ཀྱང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཞེས་པའི་དམིགས་ཚད་ཤིན་ཏུ་མཐོ་བའི་མི་རིགས་འདིས་རང་ཁོ་ནར་ཕུར་མཇལ་ཐོབ་རྒྱུའི་དོན་དུ་རྒན་གོག་དང་བྱིས་པ་ལ་མི་བརྩི་ལ་སྤྱི་བདེའི་མི་སྣ་དང་། དགེ་འདུན་པར་ཡང་མ་བརྩིས་པར་མདུན་དུ་ཤོར་འགྲོ་སྟངས་ནི་ངོ་མ་རིག་གནས་མེད་པའི་བླུན་པོ་རྐྱལ་སྟོང་གི་ཁྱུ་ཚོགས་ཤིག་མིན་ནམ་སྙམ་ནས་ཡིད་སྐྱོ་བའི་མིག་ཆུ་ཡང་ཡང་བཞུར།
  སྤུན་ཟླ་རྣམ་པ་ལགས། ང་ཚོས་བྱེད་སྒོ་གཞན་རྣམས་སྨོས་ཅི་དགོས། དུས་རྒྱུན་དད་པའི་སྤུ་ལོང་གཡོ་བའི་ཆོས་ལུགས་བྱེད་སྒོ་དེ་ལ་ཡང་གྲལ་མ་སྒྲིག་པར་སྤྱི་ཚོགས་སྒྲིག་ལམ་འཁྲུག་འགྲོ་བ་རིག་མྱོང་ལ། རང་ཁོ་ནར་ཕྱག་དབང་དང་བྱིན་རླབས་ཡོང་རྒྱུའི་དོན་དུ་མི་གཞན་སུ་ལ་ཡང་བསམ་ གཞིགས་མི་བྱེད་པའི་ཆོས་བྱེད་སྟངས་འདི་དག་མཐོང་དང་བྱེད་བཞིན་དུ་ང་ཚོས་མིག་བཙུམ་ནས་ཨུ་ཚུགས་བྱེད་དོན་གང་ཡིན་ནམ།
  གཞན་ལ་མི་འཚེ་བ་ནི་སངས་རྒྱས་བསྟན་པ་ཡིན་པ་ཤེས་ཡོད་ན་དེ་རིང་ནས་བཟུང་མི་དམངས་བསྡུ་འཛོམས་བྱེད་སའི་ས་ཆ་གང་འདྲ་ཞིག་དང་དངུལ་ཁང་དང་། སྨན་ཁང་སོགས་ལས་དོན་གང་ཞིག་སྒྲུབ་ས་ལ་སླེབས་སྔ་ཕྱིའི་གྲལ་འགྲིག་རྒྱུ་ནི་དོན་ཆུང་ཞིག་ལ་རྩ་ནས་མ་བརྩི་རོགས།  སླེབས་སྔ་ཕྱི་རང་གི་གནས་ཚུལ་ཡིན་པ་དང་སླེབས་སྔ་ཕྱིའི་གྲལ་སྒྲིག་རྒྱུ་ནི་སྤྱི་ཚོགས་སྒྲིག་ལམ་ཡག་པོ་ཡོང་བའི་སྔོན་འགྲོ་དང་། བྱ་བ་གང་
ཡང་བདེ་བླག་མྱུར་སྒྲུབ་ཡོང་བའི་སྔོན་འགྲོ་ཡིན་པ་མ་ཟད་མི་རིགས་ཤིག་གི་བྱང་ཚད་མངོན་ཐུབ་པའི་གལ་འགངས་ཆེ་བའི་དོན་ཞིག་ཡིན་པ་ཚང་མས་ཤེས་དགོས་སོ།

                གསུམ་པ། ཟས་སྤྱོད།

  མི་ནད་ཐམས་ཅད་ཟས་ནད་ཡིན་ཞེས་པའི་དཔེ་ལྟར་ཟས་སྤྱོད་ཚད་ལྡན་ཞིག་མ་བྱུང་ན་ནད་རིགས་སྣ་ཚོགས་ཤིག་གིས་ན་རྒྱུ་ཡིན་པ་ནི་གསོ་རིག་ཀྱི་ གཞུང་ལས་ཀྱང་གསལ་པོར་བསྟན་ཡོད་པས་དམིགས་སུ་བཀར་ནས་བརྗོད་དགོས་དོན་མི་འདུག
  གྲོང་ཁྱེར་འདིའི་སྨན་ཁང་གི་གཡས་གཡོན་དུ་ཟ་ཁང་མང་པོ་ཡོད་པ་དང་ཟ་ཁང་དེ་དག་ལ་དམིགས་བསལ་ཁྱད་ཆོས་ཤིག་ཡོད་པ་ནི་ཞོགས་པ་ཆུ་ཚོད་བདུན་པ་ནས་བརྒྱད་པའི་བར་དང་ཉིན་དགུང་ཆུ་ཚོད་བཅུ་གཅིག་ནས་བཅུ་གཉིས་བར། དགོང་མོའི་ཆུ་ཚོད་བདུན་པ་ནས་བརྒྱད་པའི་བར་(སྤྱི་ཟླ་༣)ལས་སྒོ་ཕྱེ་གྱི་མེད་པ་དང་། སྐབས་དེ་དག་ལ་མ་གཏོགས་མི་ཡང་ཟ་མ་ཟ་བར་ཡོང་གི་མི་འདུག དུས་ཚོད་དེ་དག་གི་རིང་ལ་ཨར་པོ་རྒྱག་མཁན་དང་སྨན་ཁང་བསྟེན་མཁན། གཞུང་ལས་བྱེད་མཁན་སྣ་ཚོགས་འཛོམས་ནས་ཟ་མར་རོལ་བའི་སྣང་ཚུལ་ཞིག་བསྟུད་མར་མཐོང་བྱུང་། མ་ཟད་ང་ཚོ་ནད་ཁང་གཅིག་པའི་ལོ་ན་མཐོ་བའི་རྒད་གོག་དེ་དག་ཀྱང་དགོང་མོ་འཕྱི་པོ་བར་རང་རང་སོ་སོའི་གནས་ཚུལ་སྣ་ཚོགས་ལབ་གླེང་བྱས་ནས་བསྡད་ཀྱང་ཆུ་ཚོད་བདུན་པའི་ལྟོ་ཆས་ལས་ཉལ་ཁར་སུས་ཀྱང་ཟ་མ་སྤྱོད་སྐྱོར་བྱེད་ཀྱི་མི་འདུག ཁོང་ཚོ་ཆེས་དགའ་ས་ནི་ཆུ་འཐུང་བ་དེ་རེད། སྨར་ཁམས་ནས་ཡིན་པའི་ནད་པ་བོད་རིགས་ཤིག་གིས་ང་ལ་ཅི་ཡིན་ནམ། རྒྱ་རིགས་ལོ་ན་དགུ་བཅུར་སོན་པ་ཡང་ཤིན་ཏུ་མང་པོ་འདུག ང་ཚོ་བོད་རིགས་ལོ་ན་དྲུག་ཅུ་བདུན་ཅུ་ཡང་དེ་ཙམ་མང་པོ་མི་འདུག་ཞེས་སྐད་ཆ་འདྲི་ཡི་འདུག ངས་ཁ་ཚོན་བཅད་ནས་ལན་འདེབས་མ་ཤེས་པར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཟས་སྤྱོད་སྐོར་ནས་ལེགས་པོ་ཡོང་གི་མེད་པའི་གནས་ཚུལ་བྲིས་པའི་རྩོམ་ཡིག་གཅིག་ཁོང་ལ་ངོ་སྤྲོད་བྱས་པ་ཡིན།
  མ་གཞི་ཚེ་ཐུང་བ་དང་ནད་མང་བའི་རྒྱུ་རྐྱེན་ཚང་མ་ཟས་རིགས་རེད་ཟེར་ན་རྣ་བར་འགྲོ་དཀའ་རུང་དེ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ནི་ཚང་མས་ཤེས་གསལ་རེད།  དེའི་དགོང་མོ་སླར་ཡང་ང་རང་ཕ་ཡུལ་གངས་ལྗོངས་སུ་རང་ཉིད་ཚུད་པའི་ནང་མི་སྤུན་ཟླ་མང་པོར་ཡོད་པའི་ཟས་སྤྱོད་ཀྱི་གོམས་གཤིས་ངན་པ་ དྲན་གསོ་བྱེད་པའི་དབང་དུ་ཤོར་ནས་གཉིད་ཡེ་ནས་ཁུག་གི་མི་འདུག  ང་ཚོ་ལས་ཀ་བྲེལ་བ་འཚབ་དུས་ལྟོགས་པར་ཡུན་རིང་སྡོད་པ་དང་། ཞིམ་པོ་དང་དལ་པོ་ཡོད་དུས་མང་ཟ་བྱེད་པ། ཞོགས་པ་མི་ཟ་བ་དང་། དགོང་མོ་ཉལ་ཁར་ཐུག་པ་སོགས་ཡང་ཡང་འཐུང་བ། དུས་རྒྱུན་ལས་ཀ་གལ་ཆེར་འཛིན་པ་ལས་ལྟོ་ལ་དང་དོད་མེད་པ། ཐུག་པ་སོགས་རྙིང་པ་ཡང་ཡང་བསྲོས་ནས་འཐུང་བ་དང་། གཙང་སྦྲར་དེ་ཙམ་དོ་སྣང་མི་བྱེད་པ། ཟ་ཁང་དུ་ཟ་རྒྱུར་དགའ་བ་ལས་ནང་དུ་བཟོ་རྒྱུ་ཉུང་བ། ཕྱི་ཚུལ་གཙང་མར་དགའ་བ་ལས་
ཤ་མོག་སོགས་ཀྱི་ནང་དུ་ཟ་ཁང་ནས་གང་ཞིག་བླུག་ཡོད་མེད་ལ་མི་དཔྱད་པ། བསྲེག་ཟས་སྣ་ཚོགས་དང་འཐུང་བྱ་གང་བྱུང་བཏུང་རྒྱུར་དགའ་བ་ལས་རང་ལུས་ལ་འཕྲོད་པོ་ཡོད་མེད་དང་། དེ་དག་གི་གཙང་སྦྲ་ཡོང་ཁུངས་སོགས་ལ་དེ་ཙམ་དོ་སྣང་མི་བྱེད་པ། ཚོང་ཁང་ནས་ཟས་རིགས་སྣ་ཚོགས་ཉོ་ཤེས་པ་ལས་ཁྲོམ་རར་ཐོན་པའི་དུས་ཚོད་དང་། བཟོ་གྲྭ་ནས་ཐོན་པའི་དུས་ཚོད་སོགས་ལ་བལྟས་ནས་རྫུན་མ་དང་། དུས་ཚོད་ཡོལ་ཡོད་མེད་བལྟ་མི་ཤེས་ལ་བལྟ་ཡི་མེད་པ་སོགས་གཟུགས་གཞི་བདེ་ཐང་ལ་དོ་སྣང་མི་བྱེད་སྣང་ཚུལ་ཤིན་ཏུ་ཚབས་ཆེན་ཡོད། དཔེར་ན་ལྟོ་ཆས་ནང་ནས་མིའི་བཙོག་པ་ཐོན་པའི་སྐོར་དང་། ཙིག་ཤ་སོགས་བསྲེག་ནས་མི་ན་བའི་སྣང་ཚུལ་བྱུང་བས་མཚོན་དཔང་རྟགས་ཡོད་མེད་ཀྱི་གནས་ཚུལ་ཅི་རིགས་བརྗོད་རྒྱུ་ཡོད་ཀྱང་བདེན་རྫུན་བརྟག་ནས་ཁྲིམས་གཏུགས་བྱས་པའི་སྐོར་ཙམ་ཡང་གོ་རྒྱུ་མེད།
  ད་དུང་ཟ་ཁང་ལག་རོགས་བྱེད་པའི་བུ་མོ་ཞིག་གིས་པད་ཚལ་མ་བཀྲུས་པར་ཐུག་པ་སོགས་ཀྱི་ནང་དུ་བཏབ་ཀྱི་ཡོད་པའི་གནས་ཚུལ་ཞིག་བཤད་ཀྱི་འདུག་ཀྱང་དཔང་རྟགས་ཁུངས་བཙན་བཟུང་ནས་ཁྲིམས་ལྟར་ཐག་གཅོད་བྱེད་པའི་བསམ་ཚུལ་རྩ་བ་ནས་མེད་པ་མིག་མཐོང་ལག་ཟིན་བྱུང་།
  གོང་དུ་བརྗོད་པ་ནི་དཔེ་མཚོན་ཙམ་ཡིན་པ་ལས་དེ་ལྟ་བུའི་ཡོང་འབབ་ཁོ་ ན་ལས་མི་བསམ་པའི་མ་རབས་ཐ་ཤལ་གྱི་སྐྱེ་བོ་མང་པོས་མིའི་ཚེ་སྲོག་དང་ ཁྲིམས་ལུགས་ལ་ཇི་མི་སྙམ་རང་གི་ཡོང་འབབ་ཁོ་ན་བསམ་ནས་བྱ་སྤྱོད་ངན་པ་མང་པོ་མི་བྱེད་སྣ་མེད།
  ད་ནས་བཟུང་ང་ཚོས་ཟས་སྤྱོད་ཀྱི་དུས་ཚོད་དང་། ཟས་སྤྱོད་ཀྱི་མང་ཉུང་། ཟ་རིགས་སྤུས་ཚད་སོགས་ལ་མ་བཟས་གོང་ནས་ནན་པོ་ཞིག་ལྟ་དགོས་པའི་གོམས་གཤིས་ཆགས་པ་དགོས་པ་དང་། རང་ལུས་པོ་ཟ་
རིགས་དང་འཕྲོད་མི་འཕྲོད་ཀྱི་གསོ་རིག་ཐད་ཀྱི་བསླབ་བྱ་མང་པོ་རང་འགུལ་གྱིས་ལེན་དགོས་ངེས། སྤྱིར་ང་ཚོ་ལྷ་ས་ཁུལ་དུ་དབྱར་ཁ་ཞོགས་པའི་ཆུ་ཚོད་བདུན་པ་ནས་བརྒྱད་ པའི་བར་དང་ཉིན་དགུང་ཆུ་ཚོད་དང་པོ་ནས་གཉིས་པའི་བར། དགོང་མོ་ཆུ་ཚོད་དྲུག་པ་ནས་བདུན་པའི་བར་དང་།  དགུན་ཁ་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་དགུ་པའི་བར་དང་། ཉིན་དགུང་ཆུ་ཚོད་གཉིས་པ་ནས་གསུམ་པའི་བར། དགོང་མོ་ཆུ་ཚོད་ལྔ་པ་ནས་དྲུག་པའི་བར་ཟ་མ་སྤྱོད་པའི་དུས་ཚོད་འཚམས་པ་དང་། རྒྱའི་གཏམ་དཔེ་ལྟར་ཞོགས་པ་མང་ཟ་དང་། ཉིན་དགུང་ཞིམ་ཟ། དགོང་མོ་ཉུང་ཟ་བྱས་ན་ཕན་པ་ཆེན་པོ་ཞིག་མེད་དམ་སྙམ། ད་དུང་དུས་ཚོད་ཟིན་པ་དང་། ལས་བྲེལ་ག་ཚོད་ཡོད་ཀྱང་དུས་ཐོག་ཟ་མ་སྤྱོད་ཐུབ་པ་གནང་རྒྱུ་དེ་རང་གི་གཟུགས་གཞི་བདེ་ཐང་ལ་ཕན་པ་མ་ཟད་བྱིས་པ་ཚོར་གོམས་གཤིས་ཡག་པོ་ཞིག་ཆགས་ཐུབ་པའི་མིག་དཔེ་བཟང་པོ་བསྟན་ཐུབ། ཁྲིམས་ལུགས་ཀྱི་འདུ་ཤེས་མཐོ་རུ་བཏང་ནས་དུས་ཚོད་ཡོལ་བའི་ཟ་རིགས་དང་། སྤུས་ཚད་མ་ལོན་པའི་ཟ་རིགས། གཙང་མ་མ་བཟོས་པའི་ཟ་རིགས། ཤ་རྫུན་མ་དང་སྨན་རྫུན་མ་སོགས་ལ་ཁྲིམས་མཐུན་འགན་འཁྲི་བརྩད་ནས་མེད་པ་བཟོ་ཐུབ་ན་རང་ཙམ་མ་ཟད་སྤྱི་དམངས་ཚང་མར་ཕན་པ་ཤིན་ཏུ་ཆེན་པོ་ཡོད་ པས་རྒྱལ་ཁབ་ནས་ཀྱང་གདེང་འཇོག་རོགས་རམ་ཐོབ་ངེས་ཡིན་པ་ལས་སྲང་ལམ་ནང་དུ་ཤེས་དང་མ་ཤེས་པ་དང་། མཐོང་དང་མ་མཐོང་བ་ཚང་མ་གང་བྱུང་དུ་བཤད་ནས་ཕན་པ་མེད། དེ་དག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུར་འབད་བརྩོན་བྱས་ན་དེ་རིགས་རྒྱ་ཡན་དུ་མི་འགྲོ་བའི་ཕན་པ་ཡོད་ལ་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕན་པ་ཤིན་ཏུ་ཆེའོ།།

             བཞི་བ། སྨན་ཁང་བསྟེན་པའི་འདུ་ཤེས།

  ན་ཚ་ཞིག་ལུས་ལ་བྱུང་ཚར་བའི་རྗེས་སྨན་པ་བསྟེན་ནས་སྨན་ཟ་བའམ་ཁབ་ཆུ་བླུག་པ་སོགས་མ་བྱས་ན་རང་བཞིན་དུ་དྲག་སྐྱེད་འགྲོ་བའི་ན་ཚ་སྤྱིར་ན་ཡོད་ཁག་པོ་རེད། ད་དུང་ན་ཚ་རེ་འགའ་ནི་དུས་ཡུན་གང་ཙམ་མ་སོང་ན་ཚོར་བ་སླེབས་མི་སྲིད་པས་དུས་རྒྱུན་ཁོམ་པ་རེ་བྱུང་ན་སྨན་ཁང་ལ་སོང་ནས་བརྟག་དཔྱད་བྱེད་རྒྱུ་ནི་རང་སྲོག་ལ་གཅེས་འཛིན་བྱེད་སྟངས་ལེགས་པོ་ཞིག་རེད།
  སྨན་ཁང་འདི་ཆ་རྐྱེན་རྒྱལ་ཡོངས་ཀྱི་ཨང་གཉིས་པ་ཡིན་པའི་དབང་གིས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ནད་པ་ཧ་ཅང་མང་པོ་ཡོད་པའི་ཐོག་ལུས་ལ་ན་ཚ་མེད་པའི་མི་མང་པོ་ཞིག་ཀྱང་གཟུགས་པོ་བརྟག་དཔྱད་ བྱེད་པར་ཡོང་གི་འདུག ང་ཚོ་བོད་ནས་ངོ་ཤེས་རྒྱ་མི་ཞིག་ཡོད་པ་དེ་ཡང་ཕར་བལྟས་ན་གཟུགས་པོ་ཤིན་ཏུ་ཐང་པོ་འདུག་ཀྱང་བརྟག་དཔྱད་བྱས་རྗེས་སྒོར་མོ་བརྒྱད་བརྒྱ་ལྷག་ཙམ་གྱི་སྨན་བླངས་ནས་ཟ་ཡི་འདུག
  དོ་དགོང་མི་རྣམས་ཉལ་ཚར་བས་ཁ་ཁུ་སིམ་པའི་སྨན་ཁང་འདིའི་ང་རང་སླར་ཡང་བསམ་གཞིགས་ཀྱི་སློང་དུ་ཚུད་སོང་།
  ང་ཚོ་བོད་རིགས་མང་ཆེ་བར་སྡུག་རུས་བྱེད་པའི་གོམས་གཤིས་ལེགས་པོ་ཞིག་ཡོད་ཀྱང་བརྟག་དཔྱད་བྱེད་རྒྱུ་དང་། སྨན་བཅོས་བྱེད་རྒྱུའི་བྱ་བ་གལ་ཆེན་དེ་ལ་སྡུག་རུས་བྱས་དྲགས་པའི་ཞན་ཆ་ཤིན་ཏུ་ཚབས་ཆེན་ཞིག་ཡོད་པ་མ་ཟད། ལུས་ཀྱི་བདེ་ལྷོད་ནས་ནད་རྟགས་མ་ཐོན་ན་སྨན་ཁང་དུ་བརྟག་དཔྱད་བྱེད་མཁན་ཧ་ལམ་ཉུང་ཉུང་རེད།
  དཔེ་གཞན་ལ་བཞག་ནས་བཤད་མི་དགོས་པར་ང་ཚོའི་རླབས་ཆེན་སྐྱེས་མ་ཡང་ནད་རྟགས་བྱུང་ནས་དུས་ཡུན་རིང་པོ་སོང་ཡང་སྡུག་རུས་ཀྱིས་ཕྱི་ལ་མི་མངོན་པ་བྱེད་པ་དང་། ང་ཚོས་ཅུང་ཟད་ཤེས་ཀྱང་ཨུ་ཚུགས་མ་བྱས་པར་འདོད་པ་ལྟར་བཞག་པས་སྨན་ཁང་བསྟེན་པར་སོང་བའི་ཞོགས་པ་དེ་ ནས་བཟུང་ང་ཚོ་བུ་ཕྲུག་ཚང་མ་མིག་མཆི་མས་བརླན་ནས་སྡོད་དགོས་བྱུང་བ་མ་ཟད་གཉོམ་ཆུང་བའི་གཅུང་མོ་ཚོ་ཡང་ཉིན་མཚན་དུས་དྲུག་ཨ་མའི་ ནད་གཡོག་ཏུ་བསྡད་ནས་ལྐོག་ཏུ་སྡུག་བསྔལ་རི་རབ་ལས་ཆེ་བ་ཞིག་ཁུར་ ནས་སྡོད་དགོས་བྱུང་བ་རེད། ད་ལྟ་ང་ཚོ་ཚང་མས་ཨ་མའི་ན་ཚ་འཕྱིས་དྲགས་པས་བཅོས་ཐབས་མེད་པ་ཤེས་ཤིང་དེའི་དོན་དུ་ཚང་མར་བསམ་ཡུལ་ ལས་འདས་པའི་སྡུག་བསྔལ་སྤྲད་པ་ནི་སུས་ཀྱང་བཟོས་པ་མ་ཡིན་པར་ཨ་ མས་ནད་བརྟག་ཤེས་ཀྱང་སྡུག་རུས་བྱས་དྲག་པ་དང་། ང་ཚོས་ཅུང་ཟད་ན་བ་ཤེས་ཀྱང་ནད་རིགས་གང་ཡིན་ཨུ་ཚུགས་ཀྱིས་བརྟག་དཔྱད་བྱེད་པར་མ་འཁྲིད་པའི་མཇུག་འབྲས་ཡིན་པ་རེད། གལ་ཏེ་ཨ་མ་ལགས་ཀྱིས་སྔ་ཙམ་སྨན་པ་བསྟེན་ཡོད་ན། གལ་ཏེ་ང་ཚོས་སྔ་ཙམ་ནས་བརྟག་དཔྱད་སྨན་
བཅོས་བྱས་ཡོད་ན་དྲག་སྐྱེད་ཡོང་རྒྱུ་ཡོད་པ་ནི་སྨན་པས་བཤད་པ་ལྟར་མིག་གིས་མཐོང་སར་ཡང་ནད་པ་དེ་འདྲ་འདུག འོན་ཀྱང་ད་ནི་ཡོད་ཚད་འཕྱིས་དྲག་པས་ལོ་གཅིག་སོང་བའི་ཉིན་དགུང་ཞིག་ལ་ཁོང་ང་ཚོ་དང་གཏན་དུ་གྱེས་པ་རེད། རྗེས་སུ་ངས་ཤེས་རྟོགས་བྱུང་བ་ལྟར་ན་ང་ཚོའི་ལུང་པ་ཁོ་ནར་གནས་ཚུལ་དེ་དང་འདྲ་བར་འཇིག་རྟེན་ལས་གྱེས་པ་བཅུ་ ཕྲག་ཙམ་ཡོད་པ་ནི་བསམ་པའི་ཡུལ་ལས་འདས། ང་ཚོ་གྲོང་ཚོ་ཆུང་ཆུང་ཞིག་ལ་མང་པོ་དེ་འདྲ་ཡོད་ན་བོད་རིགས་སྤྱི་ཚོགས་ཁྱོན་ལ་ག་ཚོད་ཡོད་དམ་སྙམ་ནས་རང་ཤུགས་སུ་དབུགས་རིང་ཞིག་མ་གཏོང་རང་དབང་མི་ འདུག
  སྤུན་ཟླ་རྣམས་པ་ལགས། མ་གཞི་ང་ཚོ་ལ་དགེ་མཚན་རྩ་བ་ནས་མེད་པ་མ་ཡིན་པ་མ་ཟད་དགེ་མང་པོ་ཡོད་པ་ཤོད་ག་ལ་དགོས། འོན་ཀྱང་ལུས་པོའི་བདེ་ཐང་སོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཆུང་ངུ་དེ་ཚོས་ངའི་སེམས་པ་དབང་མེད་རོལ་དུ་ཁྲིད་ནས་འདི་ལྟར་དྲན་སྐུལ་བྱེད་པར་འབོད་སྐུལ་བྱེད་ཀྱི་འདུག
  དུས་རྒྱུན་གཟུགས་གཞི་བདེ་ཐང་ཡིན་དུས་ནས་སྨན་ཁང་ལ་བརྟག་དཔྱད་བྱེད་པར་ཡང་ཡང་ཕེབས་དགོས་པ་དང་། ནད་རྟགས་ཤིག་ཐོན་པའི་རྗེས་སུ་ཞབས་བརྟན་བྱེད་པ་སོགས་ཆོས་ཕྱོགས་ཀྱི་ཐབས་ཤེས་རེ་འགའ་སྤྱོད་པ་གོམས་སྲོལ་ཡིན་ན་ཡང་ཡོད་ཚད་ལྷ་དང་མོ་ལ་བརྟེན་ནས་སྨན་ཁང་མ་བསྟེན་པར་ཞག་རྒྱང་ཉིན་རྒྱང་བྱས་ན་ཡོས་ལ་འབབ་རྒྱུ་རྩམ་པ་ཞེས་པའི་དཔེ་ལྟར་ནད་གཞི་ལྕི་རུ་ནས་ལྕི་རུ་དང་། ཁྱབ་རྒྱ་ཆེ་རུ་ནས་ཆེ་རུ་ཡིན་པ་ལས་རྒྱུ་མེད་རྐྱེན་མེད་དུ་ཚེར་མ་བཏོན་པ་ལྟར་ན་ཚ་མེད་པ་ཆགས་རྒྱུ་ ཞིག་ཧ་ལམ་ཡོད་མི་སྲིད། རྒྱུ་རྐྱེན་རྟེན་འབྲེལ་མ་ཚང་བར་ཧ་ལམ་དེར་བརྟེན་ངའི་རྩོམ་ཐུང་འདི་སྐད་ཆའི་སྒྱུ་རྩལ་གྱི་ཞན་པར་མ་གཟིགས་པར་ནང་དོན་དེ་དོན་དངོས་ལག་ལེན་ནས་བྱུང་བ་བདེན་དོན་གྱི་མཐོ་ཚད་ནས་བལྟས་ཏེ་ང་ཚོ་བྱང་ཚད་ལྡན་པའི་ལམ་བུ་གསར་པ་ཞིག་གི་སྟེང་དུ་འགྲོ་རྒྱུ་མཁྱེན།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།