ཇ་རྟ་གནའ་ལམ་སྟེང་གི་ས་རྡུལ།

ཀླུ་སྨྱོན་ཧེ་རུ་ཀ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-11-18

  རྒྱང་རིང་དུ་འཐེན་པའི་ནག་ཐིག་དེ་ནི་ཇ་རྟ་གནའ་ལམ་རེད། ལམ་དེའི་སྟེང་དུ་ཁྱོད་ཀྱི་མེས་པོ་གོང་མ་ཚོའི་རྣམ་ཤེས་དང་ཟུངས་ཁྲག ད་དུང་མིག་ཆུ་དང་སྐྱོ་གདུང་ཡང་འཐིམས་ཡོད། སྐད་ཆ་འདི་དག་མི་སྣ་སུས་དུས་ཚོད་ནམ་ཞིག་ལ་བརྗོད་པ་གསལ་བོ་མི་དྲན་ཅིང་། གནའ་ལམ་འདིའི་སྟེང་དུ་ཉིན་རྒྱུན་འཐིབ་པའི་ས་རྡུལ་སྐྱ་བོ་དེ་ཁོ་ན་ངའི་དྲན་འཛིན་གྱི་མེ་ལོང་ཆེན་པོ་དེའི་ངོར་བབས་འདུག
སྒེའུ་ཁུང་གི་ཕྱི་རོལ་དུ་དབྱར་ཟླ་དྲུག་པའི་ལྗོན་ཤིང་དང་མེ་ཏོག་གི་མཛེས་སྡུག་འབར་བཞིན་ཡོད་ལ། སེམས་གཏིང་གི་ཁྲོན་པ་དེའི་ནང་དུ་ལྕེབས་ཟིན་པའི་མི་གཤིན་པོ་དེ་དག་ཀྱང་རེ་ཞིག་ཟང་ཟིང་གི་བར་དོའི་གྲོང་ཁྱེར་གྱི་ཆང་ཁང་རེ་རེའི་ནང་ར་འདམ་འབག་འདྲ་བ་རེ་བཟི་བསྡད་ཡོད་ལས་ཆེ། ཉེ་ཆར་བཀླགས་པའི་སྙན་ངག་རིང་མོ་དེའི་ཁ་བྱང་གསལ་བོ་ཞིག་མི་དྲན་ལ། ཉེ་ཆར་གྲོགས་པོ་ཞིག་གིས་ལེགས་སྐྱེས་སུ་ཉོས་པའི་ཀུ་ཤུའི་ལག་འདོག་ཆུ་ཚོད་དེ་ཡང་དེ་འདྲའི་ཡ་མཚན་སྤྱད་ཅིག་མ་ཡིན།
  གྲོགས་པོ་རེ་ཟུང་གནམ་གྲུར་བསྡད་ནས་རྒྱ་གར་བྱང་ཕྱོགས་སུ་སྤྲོ་ཚོགས་ཆེན་པོ་ཞིག་ལ་བསྐྱོད་སོང་ལ། གྲོགས་པོ་ལ་ལ་མི་ལོ་ཉི་ཤུ་རྩ་གྲངས་རིང་བསྐྱོད་མ་ཐུབ་པའི་ཕ་ཡུལ་དུ་འགྲོ་རྒྱུ་རེད། ཁོ་ཚོས་ཚོང་ཁང་ཆེན་པོ་འདྲ་མིན་ཉུལ་ཏེ་རྒྱ་ནག་ནས་ཐོན་པའི་ཅ་ལག་གོང་ཆུང་ཆུང་འདྲ་མིན་ཞིག་གཉེན་ཉེ་ཚོར་ལེགས་སྐྱེས་ཀྱི་ཆེད་དུ་ཉོ་གི་རེད། དེ་ནི་ང་ལ་འབྲེལ་བ་ཅི་ཡང་མེད་པ་ཞིག་སྟེ། ངས་སྟོན་ཁའི་ལོ་འདབ་བཞིན་སེར་པའི་ཡུལ་ལྗོངས་ཤིག་ཏུ་རི་མོ་སྙིང་རྗེ་བོ་ཞིག་འཁྱོངས་སོང་ན་དེ་ལས་ལྷག་པའི་སེམས་ཁམས་གསོ་སྤྱད་ཅི་ཡང་མེད།
  རེད་ཡ། ལོ་བརྒྱད་ཅུ། ཚེ་ཐག་རིང་པོར་བགྲངས་པ་རེད། ཡིན་ན་ཡང་དེང་སྐབས་ཀྱི་ངའི་ཕོ་ལོ་བཞི་བཅུར་ཕྱིར་འདང་རེ་བརྒྱབ་ན་མི་ལོ་བརྒྱད་ཅུ་ཡང་རིང་རྒྱུ་ཐུང་རྒྱུ་མེད་པའི་ཐིག་ཤིང་རྙིང་པ་ཞིག་རེད།
ངས་བརྗེད་གྲབ་འདུག ཉེ་ཆར་ཁྱོད་ཚོས་དགེ་ཆོས་དང་སེང་རྡོར་གཉིས་ས་བསྡུར་རྡོ་བསྡུར་བྱས་པ་མ་ཡིན་ནམ། ཐ་ན་བྲེལ་བ་ཤིན་ཏུ་ཆེ་བའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་ཀྱང་དོན་རྐྱེན་འདི་གླེང་འདུག དོན་དག་འདི་ངས་ཀྱང་ཐེངས་ཤིག་གླེང་མྱོང་། ནག་ཉེས་ཡོད་ན་ང་ལ་ཡང་འགྲམ་ལྕག་རེ་འབབ་ན་ཐང་།
  གསར་འགྱུར་འདུག ལྷོ་ཁེ་རོ་ལེ་ན་ཞིང་ཆེན་དུ་མི་དཀར་ན་གཞོན་རོ་ཧྥུ་ཟེར་བ་ཞིག་གིས་ཡེ་ཤུའི་ལྷ་ཁང་ནང་གསོལ་བ་འདེབ་བཞིན་པའི་མི་ནག་དགུ་ལ་མེ་མདའ་བརྒྱབ་ནས་བསད་པའི་དོན་རྐྱེན་ཆེན་པོ་ཞིག་བྱུང་སྟེ་གསར་འགྱུར་བརྒྱུད་ལམ་ཚང་མ་ནས་ཚ་ཚ་འུར་འུར་དུ་གླེང་བཞིན་འདུག
  རི་མོ་འབྲི་མགོ་བརྩམས་པ་ནས་བཟུང་ངའི་མཐོང་སྣང་ཚང་མ་འགྱུར་སོང་། ཤིང་སྡོང་ཚོའི་ལོ་མ་འགུལ་སྟངས་དང་ཞོགས་པའི་ཉི་འོད་རྩྭ་ལྗང་གི་སྟེང་དུ་འཕྲོ་སྟངས། སྤྲིན་པའི་གསེང་ནས་དགོང་ཁའི་ཉི་འོད་རྒྱ་མཚོའི་ངོས་སུ་གསེག་སྟེ་འཕྲོ་ཚུལ། གྲོང་གསེབ་པའི་ཁང་རྙིང་དང་བ་ལང་ཚོའི་གྲིབ་གཟུགས། ཚང་མ་གསར་པ་གསར་རྐྱང་དུ་གྱུར་འདུག རི་མོ་འབྲི་བ་ཡང་མ་གཞི་ནས་གཏིང་ཟབ་པའི་སྒོམ་སྒྲུབ་ལ་འཇུག་ཚུལ་ཞིག་རེད། དཔེར་ན་སྙན་ངག་བཞིན།
  ས་རྡུལ་འདི་དག་ཡ། ཇ་རྟ་གནའ་ལམ་གླེང་རྒྱུ་བརྗེད་ན་མི་འགྲིགས། བོད་པ་ཚོར་ཐ་སྙད་འདི་གསར་པ་ཞིག་རེད། དཔེར་ན་དར་གོས་ཚོང་ལམ་བཞིན། གཟི་དང་བྱུ་རུ་མ་གཏོགས་བོད་པ་ཚོས་དོ་སྣང་དེ་ཙམ་མི་བྱེད། དེ་ནི་ཁོ་ཚོའི་ཁྱད་ཆོས་ཤིག་གམ་རིག་གཞུང་ཞིག ཐ་ན་ཞན་ཆ་ཞིག་ཀྱང་ཡིན་སྲིད་མོད། ཁོ་ཚོས་དེར་སྣང་བ་ཅི་ཡང་མི་གཏོད། དཔེར་ན་དགུང་ཁའི་ཉི་འོད་མ་ཎི་ཁང་གི་རྩིགས་ངོས་སུ་འཕྲོས་པ་བཞིན། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཇ་རྟ་གནའ་ལམ་སྟེང་གི་ས་རྡུལ།

2015-11-18 ཀླུ་སྨྱོན་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།