གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་འོངས་པར་སྤྲིངས་པ།

2015-11-20 10:38:11 ཕུར་བཀྲ ཀློག་གྲངས། མཆན ཡོད།


  ཁྱོད་ཀྱི་ཕ་མ་གཉིས་ནི་མི་ཕལ་བ་ཞིག་ཡིན།མི་ཕལ་བ་ཞིག་ཡིན་པའི་ཁྱོད་ཀྱི་ཕ་མ་གཉིས་ནི་འབྲོག་པའང་ཡིན། ཁྱོད་ཀྱི་ཕ་མ་གཉིས་འབྲོག་པ་ཡིན་ཡང་ཡི་གེའི་སྦྱོར་ཀློག་ཙམ་ཤེས།ཡི་གེ་ཀློག་ཙམ་ཤེས་པས་ཁྱོད་ལ་དབང་བའི་དཔེ་ཆ་འགའ་བླུས་ཡོད།ནམ་ཞིག ཁྱོད་རང་ནར་སོན་ཚེ།ཁྱོད་ཀྱི་དཔེ་ཆ་ལས་མཐའ་མི་མངོན་པའི་ཡངས་པའི་རྒྱལ་ཁམས་ཀྱི་མངའ་ཐང་མཐོང་ངེས།ཁྱོད་ཀྱི་ཨ་མ་ལགས་ལ་ལག་ལས་འཛོམས་པོ་ཡོད་པས་ཁྱོད་ཀྱི་གཞིས་ཀར་དྲོད་ཁོལ་ལྡན།ཁྱོད་ཀྱི་པཱ་ལགས་ནི་དབུལ་བོ་ཡིན་པས་ཁྱོད་རང་བྱིས་པ་གཞན་དང་འདྲ་བའི་གྱོན་གོས་ཡག་ཤོས་དང་རྩེད་ཆས་ཉོ་བའི་དངུལ་མེད་མོད།ཁྱོད་རང་ཐོག་མ་ནས་ལྕགས་ཁེམ་འཛིན་མཁན་ཞིག་མ་ཡིན་པར་སྨྱུ་གུ་འཆང་མཁན་ཞིག་ཡིན་པ་ཐག་གིས་ཆོད། ཁྱོད་ཀྱི་ཕ་མ་གཉིས་ནི་གསེར་དང་དངུལ་ལ་མི་དགའ་བར་ཤོག་བུ་དང་སྨྱུ་གུ་ལ་དགའ་མཁན་ཞིག་ཡིན།དེ་ཡིས་ཁྱོད་རང་ལེགས་ལམ་ལས་ལོག་ལམ་དུ་མི་ཁྲིད་པའི་ལམ་བཟང་གདམས་ཡོད།
  ཁྱོད་ལ་ཨ་ཕ་ཡོད་པས་ཁྱོད་ཀྱི་པཱ་ལགས་དང་བསྡུར་ན་ཁྱོད་ནི་ཕ་མ་མགོ་འཛོམས་ཀྱི་བྱིས་པ་བསོད་ནམས་ཅན་ཞིག་རེད།ཡིན་ཡང་།ཁྱོད་ཀྱང་ཁྱོད་ཀྱི་པཱ་ལགས་དང་འདྲ་བར་ཨ་མ་ལགས་ཀྱི་ངག་ལས་རྗེ་ཙོང་ཁ་བ་དང་རྗེ་མི་ལ་རུས་པ།གླིང་རྗེ་གེ་སར་སོགས་ཀྱི་རྣམ་ཐར་དང་མཛད་པར་ཉན་དགོས།རླབས་ཆེ་བའི་སྐྱེས་བུ་དེ་དག་ནི་ཨ་མའི་སློབ་གསོར་བརྟེན་ནས་ནར་སོན་པས།ཁྱོད་ཀྱང་ཨ་མའི་སློབ་གསོའི་ཁྲོད་ནས་བདེ་ལེགས་ངང་ནར་སོན་དགོས།
  སྔོན་ཆད་ཁྱོད་ཀྱི་ཕ་མ་གཉིས་ཀྱིས་འབྲོག་ནས་རྟ་ཞོན་ཏེ་རྫི་བོར་སོང་མྱོང་།སྔོ་ལྗང་གི་སྤང་ལྗོངས་སུ་རྐང་རྗེན་དུ་བརྒྱུག་ནས་མེ་ཏོག་གི་ཟིལ་བ་གཏོར་མྱོང་།ཁྱོད་ཀྱང་ཁྱོད་ཀྱི་ཕ་མ་གཉིས་དང་འདྲ་བར་སྤང་ལྗོངས་སུ་རྐང་རྗེན་ལ་བརྒྱུག་ནས་མེ་ཏོག་གི་ཟིལ་བ་གཏོར་དགོས།རྩྭ་རྩེའི་ཟིལ་བ་གཏོར་བའི་རྐང་ཟུང་ས་ཆེན་དུ་བརྟན་ཚུགས་ཀྱིས་འགྲེང་དགོས།ཁྱོད་རང་བརྟན་བརླིང་ངང་འགྲེང་ཐུབ་པས་ཁྱོད་ཀྱི་མི་ཚེ་ལ་ཕམ་ཁ་དང་ཐོབ་ཤོར་ཡོད་མི་སྲིད།ཕམ་ཁ་དང་ཐོབ་ཤོར་ལ་ཕྲད་ཚེ་གདོང་ལེན་དང་སྙིང་རུས་སྐྱེད་པའི་སྤོབས་པ་དང་ཡིད་ཆེས་ལྡན་ངེས།ཁྱོད་ཀྱི་ཨ་མར་ཨ་མ་ཡོད་ལ་ཨ་མའི་ངག་ནས་མ་འོངས་པ་རྙེད་པ་བཞིན།ཁྱོད་ཀྱིས་ཨ་མའི་ངག་ནས་རང་གི་མ་འོངས་པ་རྙེད་དགོས།
  ཁྱོད་ཀྱི་མི་རིགས་ཀྱི་གྲངས་ཀ་ཧ་ཅང་ཉུང་ན་ཡང་།མི་རིགས་དེ་ལ་རང་གི་ལོ་རྒྱུས་དང་ཆོས་ལུགས་སོགས་འཐུས་ཚང་ཞིག་ཡོད་པས་ཁྱོད་རང་རིག་གནས་ཀྱི་རྒྱ་མཚོའི་ཀློང་དུ་ཞུགས་ཆོག ཁྱོད་ཀྱིས་མི་ཚེ་དཔེ་ཀློག་ལ་བསྟིམས་ཤིང་གཤིས་འཇམ་གཞུང་དྲང་གི་མི་ཡ་རབས་ཤིག་བྱེད་རྒྱུ་ནི་རེ་བ་ཆེ་གྲས་ཡིན།ལག་ཆགས་རྗེས་མི་གཞན་ལ་ཕན་མི་ཐོགས་རུང་གནོད་མི་སྐྱེལ་བའི་མི་ཞིག་གྱིས་དང་།ཁྱོད་ཀྱི་མི་རིགས་ནི་དད་པ་དང་སྙིང་རྗེ་ཡིས་རབ་ཏུ་ཕྱུག་པའི་འགྲན་ཟླ་བྲལ་བའི་མི་རིགས་ཤིག་ཡིན།ཁྱོད་ཀྱི་མི་རིགས་དང་ཁྱོད་ཀྱི་ཕ་མ་གཉིས་ནི་བྱེས་སུ་བཞུགས་པའི་ན་བཟའ་སེར་བོ་ཅན་གྱི་བླ་མར་སྙིང་ནས་དད་ཅིང་གུས།ཁོང་ནི་སྙིང་རྗེ་དང་བྱམས་བརྩེ་ཁོ་ནར་གོམས་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན།ཁྱོད་ཀྱང་ཁྱོད་ཀྱི་མི་རིགས་དང་ཕ་མ་གཉིས་ནང་བཞིན་བྱེས་ཀྱི་བླ་མར་དད་དགོས།ཁོང་གི་ཤེས་རབ་ཀྱི་གཙང་བོ་ཁྱེད་ཀྱིས་རྣམ་དག་གིས་བཏུང་ཆོག རྣམ་དག་གིས་བཏུང་ཆོག་པའི་ཤེས་རབ་ཀྱི་གཙང་བོས་ཁྱོད་ཀྱི་ཕ་མ་དང་མི་རིགས་བསྲུང་ཡོད།ཁྱོད་ཀྱི་རྣམ་ཤེས་ལ་ཤ་ཁྲག་གི་ཕུང་བོ་ཆགས་པའི་ལོ་དེར་ཁྱོད་ཀྱི་མི་རིགས་དང་ཕ་མས་དད་འདུན་བཏེགས་པའི་སྐྱེས་བུ་དེ་དགུང་གྲངས་བརྒྱད་ཅུར་སོན་འདུག དགུང་གྲངས་བརྒྱད་ཅུ་ནི་གྲངས་ཀ་ཉུང་བའི་ཁྱོད་ཀྱི་མི་རིགས་ཀྱི་ཆག་འཇིག་གི་ལོ་ཟླ་ཡིན།ཆག་འཇིག་གི་ལོ་ཟླའི་ཁྲོད་དུ་ཁྱོད་ཀྱི་མི་རིགས་དང་ཁྱོད་ཀྱི་ཕ་མའི་ཕ་མ་སོགས་ཀྱི་དཀའ་བ་མང་བོ་མྱངས་པས།ཁྱོད་ཀྱི་པཱ་ལགས་ཀྱི་ཞང་བོ་གཉིས་ཀྱིས་རང་གི་ཟུངས་ཁྲག་གིས་ས་ཆེན་བརླན་མྱོང་།དེ་ནི་ཁྱོད་ཀྱི་ངེས་པར་ཤེས་དགོས་པའི་ལོ་རྒྱུས་ཡིན། ལོ་རྒྱུས་དེ་ལྟ་བུས་ལོ་གྲངས་བརྒྱད་ཅུ་ཕྱི་རུབ་ནང་རུབ་བྱས་མྱོང་།
  ཁྱོད་ཀྱི་པཱ་ལགས་ནི་རྟ་ཞོན་ཞིང་མེ་མདའ་ཁུར་ནས་ཇག་དང་རྔོན་ལ་འགྲོ་མ་མྱོང་།ཤེལ་མིག་གྱོན་ཏེ་དཔེ་ཆ་འགའི་ཤོག་ལྷེ་སློག་མྱོང་བས།ཁྱོད་ལ་བེད་སྤྱོད་དུས་ཡུན་ཐུང་ལ་རིན་ཐང་མེད་པའི་གསེར་དང་བྱུ་རུའི་འདོགས་ཆ་མེད་པར་བམ་མཐུག་པའི་དཔེ་དེབ་ཁ་ཤས་སྒྲོམ་དུ་ཉར་ཡོད།དེས་ཁྱོད་རང་མི་ཚེ་གཅིག་ལ་ཕྱུག་པོ་ཡིན་པ་གསལ་བོ་བསྟན་ཡོད།ཁྱོད་ཀྱི་ཨ་མ་བྱིས་པ་ཡིན་དུས་སུ་འབར་ཁམས་ནས་སློབ་གྲྭར་སོང་བའི་རྐྱེན་གྱིས་ཁྱོད་ཀྱི་པཱ་ལགས་འབར་ཁམས་ཞེས་པའི་ས་ཆར་དམིགས་ཀྱིས་དགའ།སྔོན་ཆད་བོད་བཙན་པོའི་མངའ་ཁོངས་ཀྱི་རྒྱལ་རོང་གི་འབར་ཁམས་ཀྱི་མི་རྣམས་ནི།ཁྱོད་ཀྱི་མི་རིགས་ཀྱི་གདོང་རྒྱུད་ཡིན་པ་དང་ལོ་ཆེན་བཻ་རོ་ཙ་ནས་ཞབས་ཀྱིས་བཅགས་མྱོང་བས་ཁྱོད་ཀྱང་ཁྱོད་ཀྱི་ཕ་མ་གཉིས་དང་འདྲ་བར་འབར་ཁམས་ལ་དགའ་དགོས།རྒྱལ་རོང་ལ་དགའ་དགོས།བོད་ཀྱི་རིག་གནས་ལ་དགའ་དགོས།
  ཁྱོད་རང་ནར་སོན་གྱི་དུས་ཚོད་ནི་མི་གཞན་ལ་ཤིན་ཏུ་ཐུང་ན་ཡང་།ཁྱོད་ཀྱི་ཕ་མ་གཉིས་ལ་མཚོན་ན་ཧ་ཅང་རིང་།ཧ་ཅང་རིང་བའི་དུས་ཚོད་ཁྱོད་ཀྱིས་ཡུན་གྱིས་བརྒལ་དགོས་མོད།དུས་ཚོད་དང་བསྟུན་ནས་བརྒལ་དགོས་པའི་འཇིག་རྟེན་དུ་ཁྱོད་ལ་ཐོབ་འོས་པའི་ལེགས་བཤད་དང་གདམས་ངག་མང་བོ་ཡོད།ལེགས་བཤད་དང་གདམས་ངག་གིས་ཕྱུག་པའི་མི་ཚེ་ནི་དོན་དང་ལྡན་པའི་མི་ཚེ་ཡིན་པས།མི་ལེགས་པའི་བྱ་བ་ཚང་མ་དུག་བཞིན་དོར་ན་ཡག དེ་ཡིས་ཁྱོད་རང་ཡ་རབས་ཚུལ་ལྡན་གྱི་མི་བཟང་བོ་ཞིག་བྱེད་པའི་ཆ་རྐྱེན་སྐྲུན།ཁྱོད་ཀྱི་མི་ཚེ་ནི་ཡི་གེ་ཡིས་བརྒྱན་པ་ལས་གསེར་དང་དངུལ་གྱིས་ཤན་མི་འདོད།ཁྱོད་ནི་རང་གི་འོད་ཟེར་གྱིས་མི་གཞན་གྱི་མུན་ནག་སེལ་མཁན་ཡིན་པ་ལས་མི་གཞན་གྱི་འོད་ཟེར་གྱིས་རང་གི་མུན་ནག་བསལ་མཁན་དེ་མིན་པ་ཤེས་ན་འགྲིག དུས་རབས་འདིར་སྐྱེ་འཆིའི་ལས་བྱ་འབྲི་བའི་ཁྱོད་ཀྱི་ཕ་མ་གཉིས་ཀྱི་སེམས་ཁྲལ་ནི་རྙོག་འཛིང་ཆེ་བའི་དུས་རབས་འདིའི་ཁྲོད་དུ་ཁྱོད་རང་བདེ་ལེགས་ངང་ནར་སོན་མིན་དེ་ཡིན་ཡང་།ནད་པ་ལྟ་བུའི་དུས་རབས་འདིར་ཁྱོད་རང་སྐྱེས་པ་ཁྱོད་ཀྱི་བསོད་ནམས་ཡིན་པ་སུ་ལ་གསང་།དམག་འཁྲུག་མེད་ལ་ནད་ཡམས་མང་བའི་དུས་རབས་འདིར་ཁྱོད་ནི་མེས་རྒྱལ་གྱི་ས་ཆེན་དུ་རང་གི་ཕ་སྐད་ཀྱིས་གཞས་གཏོང་མཁན་ཐ་མ་ཡིན་ཡང་སྲིད་མོད།རང་གི་ཤ་ཁྲག་གཅིག་པའི་མི་རིགས་ལ་གློ་བ་ཉེ་དགོས།བློ་སེམས་དཀར་དགོས།ཁྱོད་ནི་རང་ཉིད་དང་མི་རིགས་ཀྱི་དྲན་པ་སྲུང་མཁན་གྱི་མེལ་ཚེ་གསར་བའང་ཡིན།
  གཅེས་ཕྲུག བདེ་ཐང་མིན་པའི་དུས་རབས་འདི་ཡི་ནང་དུ་ཁྱོད་རང་བདེ་ཐང་ངང་ལག་ཆགས་དགོས།

                                   2015ལོའི་ཟླ་06པའི་ཚེས་22ནུབ་མོ། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།