གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུང་ཆེས་ཟབ་པའི་ཚད་ཅི་ཞིག་རེད།

2015-11-20 10:45:05 ར་མདའ། ཀློག་གྲངས། མཆན ཡོད།


  སྤྱིར་བརྩེ་དུང་ཟེར་བ་ནི་མི་ཞིག་ཡིན་ཕྱིར་ངེས་པར་དུ་ཡོད་ངེས་པ་ཞིག་དང་། མེད་ན་རྩ་གང་རུང་ཞིག་མ་ཚང་པ་མིན་ན་མེད་ཐབས་མེད་པ་ཞིག་རེད། བདག་གིས་འཆད་ཀྱིན་པའི་བརྩེ་དུང་ཡང་ང་ཚོ་ཕོ་ཕན་ཚུན་བར་དུ་བྱུང་བཞིན་པའི་བརྩེ་དུང་ལ་ཟེར་བ་ཡིན་མོད་ཀྱང་། ངས་འདི་ལྟར་ཉམས་ཞིབ་དང་ཚོད་ལྟ་མང་པོ་ཞིག་བྱས་པའི་བརྒྱུད་རིམ་ཁྲོད་ན། མང་པོ་མང་པོ་ཞིག་གིས་བརྩེ་དུང་ནི་གལ་ཆེ་རབ་དང་བརྩེ་དུང་ནི་མེད་ཐབས་མེད་ཚུལ་འགྲེལ་མཁན་འདུག་མོད། སྤྱིར་དེ་ཚོ་དངོས་ཡོད་དང་བདེན་པ་ཡིན་མོད་ཀྱང་། འོ་ན་བརྩེ་དུང་ཆེས་ཟབ་པའི་ཚད་ཅི་ཞིག་རེད་ཅེས་དྲིས་ཚེ། མང་པོ་ཞིག་ལ་གནད་ལ་ཕོག་ཅིང་དོན་ལ་ཟུག་པའི་ལན་ཞིག་མེད་པ་ང་ལ་ཡིད་ཆེས་ཟབ་པོ་ཡོད།
  བརྩེ་དུང་ཆེས་ཟབ་པའི་ཚད་དུ་སླེབས་དུས་མལ་ཁྲི་ཞིག་གི་སྟེང་དུ་མཉམ་ཉལ་བྱ་རྒྱུ་དེ་ཨེ་རེད། མང་པོ་ཞིག་གིས་དེ་ལྟར་མིན་ལུགས་མིན་སྟངས་དང་། དེ་ལྟར་ཡིན་མི་སྲིད་པའི་ཚུལ་སོགས་བཤད་ངེས་ཀྱང་། དངོས་ཡོད་འཚོ་བའི་ཁྲོད་དེ་ལྟར་ལག་ལེན་བསྟར་གྱིན་འདུག་རོགས་གཅེས་ཚོ། མི་བདེན་འདོད་ན། ཁྱོད་ཚོ་རང་ཉིད་ཀྱིས་དགའ་རོགས་སྒྲིག་སྟངས་དེ་ལྟར་མིན་ནམ། ཐོག་མར་ཁ་པར་དང་འཕྲིན་ཡིག་སོགས་ཀྱི་ལམ་ནས་ཉག་ཉོག་གི་སྐད་ཆ་འགའ་བྱས་རྗེས། བརྩེ་བ་སླེབས་སོང་དུང་བ་སྐྱེས་སོང་མདོག་མདོག་བྱས་ནས་མཉམ་དུ་ཉལ་རུ་འགྲོ་བ་མིན་ནམ། དེ་ནས་ད་ནི་ཅི་ཞིག་ཐོབ་སོང་མདོག་དང་གང་ཞིག་འཆོར་མི་རུང་པའི་ཟོལ་བྱས་ནས། ཡར་མར་གང་དུ་སོང་ཡང་ལག་པའི་ལག་འཇུས། གདོང་གིས་གདོང་ཅེར་ནས་འགྲོ་བ་མིན་ནམ། འོན་ཀྱང་། དེ་དག་གི་ཁྲོད་ན་དོན་དངོས་པོའི་གནས་སུ་མཐར་ཆོད་ཡོད་མཁན་དང་།་་མཐར་ཆོད་བྱ་དགོས་སྙམ་མཁན་སུ་སུ་ཡོད། ཧ་ལམ་རེ་ཟུང་ལས་མེད། དེ་མེད་ན་མེད་མོད། ཡིན་ཡང་མེད་དོན་ཅི་རེད། ཅི་ཞིག་ལ་མེད་སོང་བ་རེད། དེ་ནི་གཞན་ཅི་ཡང་མ་རེད། དེ་ནི་ཁྱོད་ཚོས་བརྩེ་དུང་ཆེས་ཟབ་པའི་ཚད་ཅི་ཞིག་ཡིན་མ་ཤེས་པ་རེད། མ་གསལ་བ་རེད། ཕན་ཚུན་དགོས་མཁོའི་དབང་གིས་འཁྲིག་སྤྱོད་འགའ་བྱས་པས། བརྩེ་དུང་གི་ཡང་སྙིང་རྟོགས་སོང་བ་མ་རེད་ལ། བརྩེ་དུང་གི་གདན་ཁྲི་ནོན་སོང་བ་ཡང་དེ་བས་མ་རེད།
  ད་དུང་དཔེ་མཚོན་མངོན་སུམ་པ་འགའ་ཡོད། ཁྱོད་ཚོར་མཉམ་དུ་ཉལ་ནས། འཁྲིག་སྤྱོད་བྱས་ནས་ཉིན་ཉིན་འགའ་མ་སོང་བར། སྣང་བ་དང་རྣམ་རྟོག་ཅི་ཡང་མེད་པར་ཡང་མི་གཞན་ཞིག་དང་མཉམ་དུ་བྱེད་ཀྱིན་འདུག འདི་ནས་གནས་ཚུལ་ཁ་གསལ་བཟོས་པ་ནི། ཁྱོད་ཚོ་ལ་མཚོན་ན་བརྩེ་དུང་ཆེས་ཟབ་པའི་ཚད་ཐིག་ནི་མཉམ་དུ་ཉལ་ནས་འཁྲིག་སྤྱོད་བྱ་རྒྱུ་དེ་རེད། རྒྱ་ནག་ལ་ངག་རྒྱུན་ཞིག་ཡོད། ( གལ་སྲིད་ཁྱོད་ལ་བརྩེ་བ་རྣམ་དག་སྤྲོད་མཁན་ཞིག་ཡིན་ན། རྒྱུ་རྐྱེན་གང་ཞིག་གིས་ལོགས་ཁ་བྱས་རྗེས་གྲོགས་པོ་ཆགས་མི་སྲིད།) སྐད་ཆ་དེ་ནི་ཉམས་མྱོང་ཅན་ཚོའི་ཉམས་མྱོང་ཕྱོགས་བསྡུས་དང་། དཔྱད་ཞིབ་པ་ཚོས་དཔྱད་འབྲས་བསྡོམས་པ་ཞིག་ལས་གྲུབ་པས། དེ་ལ་རིན་ཐང་དང་དོན་དངོས་ཀྱི་ཆ་ཏན་ཏན་ཡོད། དེར་བརྟེན། ཁྱོད་ཚོའི་ཁྲོད་ཁ་སང་དགའ་རོགས་དང་དེ་རིང་གྲོགས་པ། ཁ་སང་གྲོགས་པོ་དང་དེ་རིང་ཡང་དགའ་རོགས་ཆགས་པ་ཧ་ཅང་མང་།
  འོ་ན་བརྩེ་དུང་ཆེས་ཟབ་པའི་ཚད་ཅི་ཞིག་རེད། ས་མཚམས་གང་ནས་གང་གི་དབར་དུ་རེད་ཟེར་ན། འདི་ལ་ཆོས་གཞུང་ནས་བཤད་པ་ལྟར་ས་མཚམས་ཅིག་ཅིག་ནས་ཉིག་ཉིག་བར་ཞེས་བཤད་རྒྱུ་མེད་ཀྱང་། མཉམ་དུ་ཉལ་རྒྱུ་དེ་མ་རེད་ལ། འཁྲིག་སྤྱོད་བྱ་རྒྱུ་དེ་ཡང་མ་རེད། ད་དུང་ལག་པས་ལག་པ་འཇུས་ནས་གློག་བརྙན་འཁྲབ་སྟོན་པ་ཚོས་བྱེད་སྟངས་བྱས་པ་དེ་ཡང་མ་རེད། བརྩེ་དུང་ཆེས་ཟབ་པའི་ཚད་ལ་སླེབས་དུས། ཕན་ཚུན་ལ་རང་བློ་ལྐོག་ཏུ་མ་གྱུར་བའི་ཡིད་ཆེས་རྣམ་དག་ཅིག་སླེབས་དགོས་པ་རེད། ད་གཟོད་ལག་པའི་ལག་པ་འཇུས་ཆོག་པ་རེད་ལ། སྐབས་དེར་སེམས་པའི་སེམས་པ་འཇུས་ཟིན་པས། སྐབས་དེར་ངོ་མ་བརྩེ་དུང་ཆེས་ཟབ་པའི་ཚད་མཐོའི་རང་བཞིན་ཡང་རྟོགས་ཐུབ་པ་རེད། རེད་ཀྱང་འདི་ནི་ཁྱོད་ཚོས་བྱེད་སྟངས་ལྟར་ཉིན་འགའ་ཁ་པར་བཏང་བ་དང་འཕྲིན་ཡིག་བསྐུར་ནས་བྱུང་བ་ཞིག་དང་། འཁྲིག་སྤྱོད་ཡིད་ཚིམ་པ་འགའ་བྱས་ནས་སླེབས་ཐུབ་པ་ཞིག་ཀྱང་མ་རེད། འདིམནི་དུས་ཡུན་རིང་པོ་ཞིག་ལ་ཕན་ཚུན་རྒྱུས་ལོན་དང་དགའ་ཕྱོགས་མཐུན་ནས་རིམ་གྱིས་གྲུབ་དགོས་པ་ཞིག་ཡིན་ན། བརྩེ་དུང་ལ་ལག་རྩེད་རྩེ་མཁན་གྱི་གྲོགས་པོ་གྲོགས་མོ་དག་ལ་ཁ་ཏ་ཞིག་གི་ཚུལ་དང་། བརྩེ་དུང་ཡིད་ཆེས་བྱེད་མཁན་ཞིག་གི་ངོས་ནས་ལམ་སྟོན་ཙམ་མོ།
  བརྩེ་དུང་ནི་ཚོར་བ་དམར་རྗེན་མའི་ཕུང་པོ་མིག་མི་ཐོགས་པ་ཞིག་ཡིན་ལ། དེ་ནི་རང་བྱུང་ལྷུན་གྱིས་གྲུབ་པའི་སྒྱུ་རྩལ་ཉིང་བཅུད་དམ། ཆེས་ཚད་མཐོ་བའི་སྒྱུ་རྩལ་ཞིག་ཡིན་ན། མི་བུ་རང་ཉིད་ཀྱང་སྒྱུ་རྩལ་ལས་རིགས་ལ་དགའ་བ་དུང་བ་རྣམ་དག་ཡོད་མཁན་ཞིག་ཡིན་པས་ཆ་ནས་ཀྱང་། ལས་རིགས་དེ་ལ་གསེ་ལྷད་མི་འགྲོ་བའི་ཕྱིར་ཏུ་བྲིས་པ་ཞིག་ཀྱང་ཡིན།།
                                           ༢༠༡༥/༠༦/༢༥ མཚན་མོར་ཐད་ཀར་བྲིས་ནས་སྤེལ།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།