གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཡི་ཚེ་ནི་ཤེལ་ཕོར་ཞིག་དང་འདྲ།

2015-11-27 12:58:40 སྙན་བུ་རང་དྲིལ། ཀློག་གྲངས། མཆན ཡོད།


            —སྐད་ཆ་འདི་ཨ་ཕས་ང་ལ་གསུངས་པ་ཡིན།

  ན་ནིང་ལོ་སར་ཁར། ཨ་ཕ་དང་ངེད་གཉིས་གནའ་མཁར་ཟི་ལིང་དུ་ལོ་སར་གྱི་ཉོ་བཅའ་རྒྱག་པར་ཕྱིན་པ་ཡིན། ཕྱིར་ལོག་སྐབས་ཨ་ཕས་བཟའ་མི་ལྔ་བོར་ཤེལ་ཕོར་ཡིད་དུ་འོང་བ་ལྔ་ཉོས་རྗེས་ཧ་ཅང་སེམས་ཆུང་ངང་ཕྱིར་ཡུལ་ལ་ཁྱེར་ཡོང་ནས་ཨ་མ་ལ་སྤྲད། ལོ་སར་དགུ་ཐུག་གི་དགོང་མོར། ཨ་མས་སེམས་ཆུང་མ་བྱས་པར་ཤེལ་ཕོར་ལྔ་ལས་གཅིག་སིལ་བར་བཅགས་པ་ལ། ཨ་ཕ་ཁོང་ཁྲོ་ཆེན་པོ་ལངས་ཏེ་དགུ་ཐུག་ཁམ་གང་ཡང་བཞེས་མ་སོང་། ཨ་ཕ་ལ་དངོས་གནས་ཁག་པོ་མི་འདུག་ཨང་། བོད་པ་ཚོ་མ་གཞི་ནས་རྟེན་འབྲེལ་གྱི་བདག་པོ་ཡིན་ཟེར་བ་མ་ཡིན་ནམ། ལྷག་པར་ལོ་སར་གྱི་སྐབས་སུ་ཁྱིམ་མི་སུ་ཞིག་ཡིན་ཡང་ཕན་ཚུན་བར་ཁ་རྩོད་འཁོན་འཛིང་བྱེད་པར་འཛེམ་ལ། སྒོས་སུ་སྣོད་ཅ་ག་དཀར་ཡོལ་སོགས་གཅོག་པར་དེ་བས་ཀྱང་འཛེམ་པ་ཡིན།
  ཕྱི་ཉིན། ཨ་ཕ་སྔར་བཞིན་ཁོང་ཁྲོ་ལངས་འདུག་པས་ང་ཚོ་ལ་ཁ་ཡ་མི་བྱེད་པར། སྔ་མོ་ནས་མལ་ལས་ལངས་ཏེ་ཁང་བའི་ཁྱམས་རའི་འོག་ཏུ་རྟའི་རྨིག་ལྕགས་བརྗེ་པར་ལྟ་གོན་བྱེད་བཞིན་གདའ། ངས་ཨ་ཕའི་ངང་ཚུལ་དེ་མཐོང་རྗེས་ཨ་མའི་ཚབ་ཏུ་ཁོ་ལ་དགོངས་དག་གི་ཚུལ་དུའམ། ཡང་ན་ཨ་ཕའི་ལུས་ཕུང་ལ་སེམས་འཁུར་གྱི་ཚུལ་དུ་ཨ་ཕ་ལ། “ཨ་ཕ། ཤེལ་ཕོར་གཅིག་བཅགས་པ་ལ་ཁོང་ཁྲོ་དེ་འདྲ་ལངས་ནས་ཅི་བྱ། སྨན་པས་ཁྱོད་ལ་ཁོང་ཁྲོ་ལངས་མི་ཉན། སེམས་པ་སྐྱིད་པོ་བགྱིས་ཞེས་སྐུལ་བ་མ་ཡིན་ནམ། ཁོང་ཁྲོ་མ་ལངས་ཨང་། ཤེལ་ཕོར་དེ་མ་གཞི་ནས་མི་རྟག་པ་ཞིག་ཡིན་པ་མིན་ནམ”ཞེས་ལབ་པ་ན། ཨ་ཕས་ངའི་གདོང་ལ་ལྟ་ཙམ་བྱས་རྗེས། “ངས་མ་གཞི་ནས་ཤེལ་ཕོར་དེ་ལྔ་བོ་རྟེན་འབྲེལ་ལ་བརྟག་ཏེ་ཉོས་པ་ཡིན། ཁྱོད་ཀྱི་ཨ་མས་འདི་ལྟར་བཅགས་པར་བསམ་གཟས་ནས་ང་ལ་ཁོང་ཁྲོ་བསླངས་པ་མིན་ནམ”ཞེས་བཤད། དེ་ནས་ངས་ཡུད་ཙམ་ལ་འདང་ཞིག་བརྒྱབ་རྗེས་ཨ་ཕ་ལ། “ཤེལ་ཕོར་ཞིག་གིས་ཅི་ཞིག་མཚོན་ཐུབ་བམ། ཁྱེད་ཀྱིས་རྟེན་འབྲེལ་མཚོན་བྱེད་དུ་ཉོས་པ་ནི་བཟང་མོད། འོན་ཀྱང་ད་ཆ་ཤེལ་ཕོར་དེ་བཅགས་ཚར་བ་རེད། དེར་ཁ་ཡ་མ་བྱས་ན་མི་ཆོག་གམ། སྨན་པས་ཁོང་ཁྲོ་ཆེན་པོ་ལངས་ན་ལུས་ཕུང་ལ་མི་བཟང་ཞེས་གསུངས་པ་བརྗེད་སོང་ངམ”ཞེས་བཤད་པ་ལ། ཨ་ཕས་ཁོང་དགོད་ཅིག་བྱས་ནས། “མི་ཡི་ཚེ་ནི་ཤེལ་ཕོར་ཞིག་དང་འདྲ། ནམ་འཆི་ནམ་འཇིག་ངེས་མེད་ཡིན་ནི་རེད”ཅེས་བཤད་རྗེས་རྟ་རའི་ཕྱོགས་སུ་ཆས་སོང་། སྐབས་དེར། ངས་ཨ་ཕའི་སྐད་ཆ་དེར་དོ་སྣང་ཆེན་པོ་མ་བྱས་པར། རྟ་ལ་རྨིག་ལྕགས་བརྒྱབ་ན་ལུས་པོ་ཧ་ཅང་ཐང་ཆད་པས། ཨ་ཕའི་ལུས་ཕུང་ལ་བཟང་རྒྱུ་མ་རེད་བསམ་ནས་ཁོའི་སྔོན་འགོག་དུ་རྒྱུགས་པ་ཡིན།
  དེ་ནས་ཟླ་བ་བཞི་འགོར་སོང་། ཟླ་བ་བཞིའི་དུས་ཚོད་ནི་དེ་ལྟར་དབང་མེད་དུ་བཞུད་རྗེས། ངས་ད་གཟོད་ཨ་ཕའི་སྐད་ཆ་དེར་དངོས་གནས་གནས་ལུགས་ཆེན་པོ་ཞིག་ཡོད་པ་གཞི་ནས་ཧ་གོ་སོང་། དངོས་འབྲེལ་ཧ་གོ་སོང་། ཁོས་དང་ཐོག་རྟེན་འབྲེལ་ལ་བརྟག་པ་དང་དེ་ནས་རྟེན་འབྲེལ་ཞིག་ཉོས་པ། ཕྱིས་སུ་རྟེན་འབྲེལ་དེ་ལ་གས་ཆག་ཤོར་ཏེ་མཐའ་མ་རང་ཉིད་ཀྱིས་དངོས་སུ་རྟེན་འབྲེལ་དེ་ལ་བདེན་དཔང་བྱས་སོང་། རྒྱུད་རིམ་འདི་དག་གི་ཁྲོད་དུ། ངས་མི་ཚེའི་གནས་ལུགས་ཕྲ་མོ་ཞིག་ངང་གིས་རྟོགས་སོང་། ལྷག་པར་དུ། ཁ་སང་དེ་རིང་། གཅེས་སུ་འོས་པའི་ཚེ་སྲོག་མང་པོ་ཞིག་སྔ་རྗེས་གཉིས་མཐུད་ཀྱིས་མཐོ་ས་ཞིག་ནས་ཐོལ་གྱིས་ལྷུང་བའི་ཤེལ་ཕོར་ཞིག་དང་འདྲ་བར་བསམ་དབང་དྲན་དབང་མེད་པར་ཞིང་གཞན་དུ་འདི་ལྟར་གཤེགས་པ་ནི་དངོས་གནས་བློ་ལ་འཁེལ་དཀའ་བའི་མི་རྟག་པའི་གནས་ལུགས་བཟོད་དུ་མེད་པ་ཞིག་རེད་ཨང་། ཚུལ་དེ་དག་བསམ་ཤིང་བསམས་ན། ངའི་ཡིད་ཀྱི་མཚོ་མོར་སྐྱོ་གདུང་གི་གཡོར་གྲུ་ཞིག་འདར་འདར་དུ་བསྐྱོད་པ་དང་བསྟུན། སྐྲག་སྣང་གི་རླབས་རིས་འགའ་ཡང་ཡུན་གྱིས་མཐོ་རུ་འཕྱོ་ཡོང་།
  མདོར་དེད་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་།། ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པའི།། ངང་བས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་དུ་བླངས་བར་བྱ།། ཞེས་གསུངས་པ་ནང་བཞིན། སྦྲང་མ་ལྟར་ནམ་འཆི་མི་ཤེས་ལ་སྐུད་པ་བཞིན་ནམ་ཆད་མི་ཤེས་པའི་མི་ཚེ་ཐུང་ཐུང་འདིའི་ནང་། རང་གི་ལམ་བུ་རང་གིས་བཏོད་དེ་དུས་ཡུན་ཐུང་ཐུང་ནང་དོན་གྱིས་ཕྱུག་པའི་མཛད་པ་གཅིག་འཁྱོངས་ནའང་དེ་ནི་གུས་པར་འོས་ཤིང་རྗེས་སུ་དྲན་པའི་མི་སྣ་རླབས་ཆེན་ཞིག་ཏུ་བརྩིས་ཆོག་པར་སེམས་ལ། སྤོབས་གདེང་དང་ཡིད་ཆེས་ཀྱིས་བརྟས་པའི་གཡོར་གྲུ་ཆུང་ཆུང་ཞིག་མཐའ་མི་མངོན་པའི་རྒྱ་མཚོ་ཆེན་པོའི་ནང་དུ་ཕྱི་སྣུར་མེད་པར་མདུན་དུ་བསྐྱོད་དེ་མཐའ་མ་རྒྱ་མཚོའི་འཇིངས་སུ་ཇི་ལྟར་ནུབ་མོད། ངང་ཚུལ་དེ་ཡང་གཟི་བརྗིད་དང་ཁྱད་ཆོས་ཤིག་ཡིན་པར་ཐེ་ཚོམ་མེད་པར་འདོད་དོ།།
                                              2015/7/1ཉིན།
 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།