གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབུ་མེ་ལྕེབས།

2015-12-18 11:17:08 དགའ་ཕ་ལམ། ཀློག་གྲངས། མཆན ཡོད།


  འབུ་མེ་ལྕེབས་ལ་མཚོན་ན། མེ་ལ་ལྕེབས་པ་ནི་བདེ་སྐྱིད་དང་ལོངས་སྤྱོད་ཅིག་ཡིན་ནམ། ཡང་ན། སྡུག་བསྔལ་དང་མནར་གཅོད་ཅིག་ཡིན།

  ཆུང་དུས་སུ། དབྱར་ཁར་ས་རུབ་པ་ན། འབུ་མེ་ལྕེབས་མང་བོ་མ་བོས་ཕྱོགས་ཀྱི་མགྲོན་པོ་བཞིན་ཐག་རིང་ནས་འཚང་ཁ་ཤིག་ཤིག་གིས་འབྲོག་པའི་སྦྲ་ནང་དུ་འཕུར་འོང་ཞིང་། འཕུར་ནས་ཀྱང་ཐབ་ཀོར་གྱི་ཨོང་བའི་མེ་རླབས་དང་སྒྲོན་མེའི་བར་སྣང་དུ་རྫོགས་མཐའ་མེད་པའི་འཕུར་ལྡིང་གི་གར་ལ་རོལ་བཞིན། ཕར་ཚུར་དང་ཡར་མར་ཀུན་ཏུ་འཕུར་བའི་གཤོག་པའི་རྡེབ་ཤུགས་ཀྱིས་མཚམས་རེར་སྒྲོན་མེ་གཟིམ་ནས་འགྲོ་ཞིང་། ལན་རེར་རང་ཉིད་ཀྱི་ཚེ་སྲོག་དང་བཅས་པ་གཟིམ་འགྲོ།

  མེ་ལྕེ་ཡུན་གྱིས་འཇགས་ཤིང་སྒྲོན་མེ་ག་ལེར་གཟིམ་རྗེས། ང་མུན་པའི་ཁ་གཏད་ནས་གན་རྐྱལ་དུ་ཉལ་ནས་མིག་ཟུང་བཙུམ་ན། འབུ་མེ་ལྕེབས་མང་བོས་འོད་སྣང་དང་དྲོད་ཁོལ་མ་རྙེད་པར་ན་ཟུག་གིས་འཕག་འཚག་བྱེད་པའི་གཤོག་སྒྲ་ཐོས་ལ། རང་དབང་གི་འཇུག་ངོགས་མེད་པའི་ཁེར་རྐྱང་གི་ཉམ་ངའང་མཐོང་ཐུབ། ག་ལེར་མིག་ཟུང་ཕྱེས་པ་ན། ངའི་མིག་ཟུང་གི་འོད་སྣང་ཙམ་ལ་བརྟེན་པའི་འབུ་མེ་ལྕེབས་མང་བོས་ངའི་མགོ་ཐོག་ནས་འཚང་ཁ་རྒྱག་པ་འདིས། འབུ་མེ་ལྕེབས་ལ་མཚོན་ན། སྡུག་བསྔལ་ཟབ་ཤོས་དེ་མཚན་མོ་དང་རྔམ་ནག་གི་མུན་པའི་ཁྲོད་དུ་འོད་ཀྱི་ནམ་མཁའ་ཞིག་མེད་པས་ཡིན་ལ། འོད་ཀྱི་བར་སྣང་དུ་རང་ལུས་ཀྱི་མཆོད་པ་གང་འདོད་དུ་ཕུལ་ཆོག་པའི་མེ་མུར་གྱི་འོབས་ཤིག་མེད་པས་ཡིན།

  ད་ལྟ། རླུང་གི་འཇིགས་པ་ལ་ཅི་མི་སྙམ་པའི་མར་མེ་གཞན་ཞིག་སྟེ། ཉི་གློག་དང་ཆུ་གློག་ཡོད་པས། འབྲོག་པའི་སྦྲ་ནང་དུ་ཕྱིན་ཚེ། ཨོང་བའི་མེ་རླབས་སྦྲའི་ཁ་འཚུབ་ཀྱི་མཐོངས་སུ་འཕྱོ་བའི་ཐབ་ཀ་མེད་ལ། ལམ་ལམ་ངང་འོད་དུ་འབར་བའི་སྣུམ་སྒྲོན་དང་ཞག་སྒྲོན་ཀྱང་མེད་པས། འབུ་མེ་ལྕེབས་ལ་མཚོན་ན། རང་ཉིད་འཇིག་རྟེན་དུ་འཚོ་བར་དོན་སྙིང་ཆེར་མེད་པ་འདྲ། སྐབས་རེར། འབུ་མེ་ལྕེབས་ཁ་ཤས་འཕུར་ཡོང་ནས་གློག་ གི་ཤེལ་ཏོག་ལ་ཤུགས་ཀྱིས་རྡེག་པ་ནི་སུ་ལ་འཁང་རའམ་འོས་ལངས་བྱེད་པ་དང་འདྲ། ཡང་ན་ཞེ་མི་ཚིམས་པའི་རྣམ་འགྱུར་སྟོན་སྟངས་ཤིག་རེད། དེ་རིང། སྔོན་ཆད་རང་ཉིད་ཀྱི་ལོག་མལ་ཡིན་པའི་སྦྲ་ནག་ཡང་སྨག་ནག་གི་མཚན་མོ་འབའ་ཞིག་དང་། བརྒལ་དཀའ་བའི་མུན་པའི་གཅོང་རོང་ཟབ་མོ་ཞིག་ཡིན།

  ཁྱོད་རང་འབུ་མེ་ལྕེབས་ལ་དགའ་བ་བཞིན། ང་རང་འབུ་མེ་ལྕེབས་ཞེས་པའི་ཁྱོད་ཀྱི་དེབ་ལ་དགའ། དེ་རིང་། ཁྱོད་འདི་ལྟར་གློག་ཞགས་ཤིག་འཁྱུག་པའི་ཡུན་ལ་རྟབ་རྟབ་པོར་ཕྱིན་པས། ངའི་ཡིད་ལ་འབུ་མེ་ལྕེབས་ཤིག་ལས་ཅི་ཡང་དྲན་གྱི་མི་འདུག ས་སྟེང་དུ་འབུ་མེ་ལྕེབས་ཤིག་གིས་ཇེ་ཉུང་དུ་སོང་བའི་སྣང་བ་བྱུང་ལ། མུན་པ་ཟ་བའི་འོད་ཀྱི་མིག་ཟུང་ཞིག་སྐར་མདའ་བཞིན་རྒྱང་རིང་གི་གནམ་མཐའ་རུ་ལྷུང་བ་དང་འདྲ་བར་དངངས་ཤིང་སྐྲག་ནས་ཁོག་འདར་བརྒྱབ་འོང་།

  ཁྱོད་ནི་ནམ་ཡང་བྲེལ་འཚུབ་ཀྱིས་རྒྱུག་ཅིང་འདུར་བའི་མི་ཁོམ་པའི་བདག་པོ་ཞིག་ཡིན། ཁྱོད་ཀྱིས་རང་གི་ལང་ཚོ་དང་ཚེ་སྲོག་གི་ལྷག་མ་དབྱངས་གསལ་གྱི་ང་རོའི་ལམ་ནས་མཆོད་ཅིང་། མིང་ཚིག་གི་སྒྱུ་འཕྲུལ་བར་ནས་འདེགས་པ་ནི། འབུ་མེ་ལྕེབས་ཤིག་རྒྱུན་ལྡན་ལྟར་མེ་འོབས་སུ་མཆོངས་ནས་ཚག་ཚག་གིས་འབར་ཞིང་བསྲེག་པའི་གོ་རིམ་རེད། ཡིན་ཡང་། འབུ་མེ་ལྕེབས་ཤིག་གི་འུ་ཐུག་ཐབས་ཟད་ཀྱི་མགོ་བོས་གློག་གི་ཤེལ་ཏོག་ལ་དབང་མེད་དུ་རྡེག་པ་ནི་ཁྱོད་རང་མཚོ་ལ་འཐིམས་ཚུལ་དེའོ།།

  གང་ལྟར། འབུ་མེ་ལྕེབས་ནི་ཁྱོད་ཡིན་ལ། ཁྱོད་ནི་འབུ་མེ་ལྕེབས་ཀྱང་ཡིན་ཆོག ཁྱོད་རང་མཚོ་ལ་འཐིམ་ཚུལ་ནི་འབུ་མེ་ལྕེབས་དག་ལ་འབྲོག་པའི་སྦྲ་ནང་གི་ཐབ་ཀོར་གྱི་མེ་ལྕེ་དང་སྒྲོན་མེའི་འོད་སྣང་གི་འཇུག་ངོགས་ཡེ་ནས་མེད་པར། ད་ནི། མཚོ་ལ་ལྕེབས་པའི་གདམས་ཀ་གཞན་ཞིག་བྱས་པ་དང་འདྲ། འཇིག་རྟེན་གྱི་འོད་སྣང་དང་དྲོད་ཁོལ་ཙམ་པོ་རྙེད་ཀྱང་། རང་གི་གཤོག་ཟུང་དང་ལུས་པོ་གང་འདོད་དུ་མེ་ལ་སྦྱངས་མ་ཐུབ་ཚེ། འབུ་མེ་ལྕེབས་ཀྱི་འཚོ་བ་ལ་དོན་སྙིང་སྤུ་ཙམ་མེད། མི་ཞིག་ཁ་རོག་གེར་འཇིག་རྟེན་དུ་ཡོང་ནས་ཁུ་སིམ་མེར་ཕྱིར་བུད་སོང་བ་དང་འདྲ།

  ཁྱོད་མཚོ་ལ་འཐིམ་རྗེས། ངས་འབུ་མེ་ལྕེབས་ཀྱི་ཁ་གྲངས་ཇེ་ཉུང་དུ་འགྲོ་བཞིན་པའི་སྣང་ཚུལ་ལ་བསམ་བློ་གཏོང་གི་མེད་ལ། གཏོང་འདོད་ཀྱང་མེད། ངས་བླ་བྲང་དགོན་པའི་ནང་གི་སྐར་མདའ་ཞིག སྐད་ཅིག་དེ་ཉིད་ལ་གནས་གང་ཞིག་ཏུ་ལྷུང་སོང་བར་སེམས་ཁྲལ་བྱེད་ཀྱི་ཡོད། ཡང་ན། ནམ་ཞིག་མེ་ལ་མི་ལྕེབས་པའི་འབུ་གཞན་ཞིག་གི་སྐྱེ་བར་སྤྲུལ་ནས་བདག་གི་ནམ་མཁའ་རུ་བག་ཡངས་ཀྱིས་འཚོ་ཞིང་རང་དབང་གི་འཕུར་སྐྱོད་ལ་གོམས་པའི་གསོལ་བ་དང་སྨོན་ལམ་ཕུར་ཚུགས་སུ་འདེབས་ཀྱི་ཡོད།

  མཚོ་སྔོན་པོའི་ནང་ན་གསེར་ཉ་མང་ལ། མཚོ་སྔོན་པོའི་མཐའ་ན་ཉ་བའང་མང་།
  ཁ་བ་ས་ལ་བཞག་ན་གངས་དང་ཁངས་རེད། ཁ་བ་མཚོ་ལ་བབས་ན་ཆུ་དང་ཆར་རེད།
  དེ་བས། ཁྱོད་རང་མཚོ་ལ་འཐིམ་ཚུལ་ནི་རྫོགས་མཐའ་མེད་པའི་ཁ་བའི་འདབ་མ་རེ་རེ་གཅིག་རྗེས་གཉིས་མཐུད་ངང་རྒྱ་མཚོའི་ནང་དུ་སིམ་པ་དང་འདྲ་བར་རྗེས་མེད་ལ། བཤུལ་ཀྱང་མེད། ང་ལ་མཚོན་ན། ཁ་བའི་ཁྲོད་དུ་རྐང་རྗེས་སྤར་རྒྱུ་ནི་ཆེས་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན་ཞིང་། ཁ་བའི་མི་ཞིག་བཟོས་རྗེས། དེ་ལ་བློ་སྙིང་དང་སྲོག་དབང་ཞུགས་ནས། སྒྲོ་གཤོག་དང་རྣ་བ་བཙུགས་ཏེ། ཡན་ལག་དང་ཉིང་ལག་སྤྲད་དེ། རང་དབང་གི་འཕུར་སྐྱོད་ལ་ཐོགས་པ་མེད་ཅིང་། རྒྱང་བཞུད་ཀྱི་རྨི་ལམ་ལ་འཛད་མཐའ་མེད་པའི་བསྡུས་གཟུགས་ཤིག་ཡིན་ན་བསམ།
                                                                      ༢༠༡༥ ༠༧ ༠༢ 

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།