གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མའི་སུམ་ཐབ།༼ ཞར་བཀོད་གཉིས་ཡོད ༽

2015-12-18 11:19:19 དགའ་ཕ་ལམ། ཀློག་གྲངས། མཆན ཡོད།


  ཆུང་དུས་སུ་འབྲོག་པའི་སྦྲ་ནང་ན་རྡོ་ཡིས་བརྩིགས་པ་དང་ས་སེར་གྱིས་ལྷན་པ་བརྒྱབ་པའི་ཐབ་ཀ་རིགས་མི་འདྲ་བ་རེ་གཉིས་ཤིག་རྒྱུན་པར་མཐོང་དུ་ཡོད། དེ་ནི་སུམ་ཐབ་དང་ཐབ་གོར་རེད། རྗེས་སུ་ཡོད་ཚད་སྤྱི་ཚོགས་ཀྱི་གཡམ་ལ་རྒྱུག་ཅིང་དུས་རབས་ཀྱི་འགྲོས་ལ་གཤིབ་ཆེ་བས། ད་ལྟ་ངའི་ཕ་ཡུལ་སྔོན་ཐོན་དང་རྗེས་ལུས་གང་ཡིན་ཆ་མ་འཚལ་བའི་བར་དོའི་གནས་སྟངས་ཀྱི་འགག་འཕྲང་ཞིག་ཏུ་ལྷུང་ཡོད། རྙིང་དོར་གསར་ཚབ་ཀྱི་འདུ་ཤེས་ཟབ་མོ་མཐོ་སྒང་ཀུན་ཏུ་རྩྭ་སྐྱ་མེར་ཤོར་བ་བཞིན་དྲག་ཏུ་མཆེད་དེ། རང་ཉིད་ལ་གང་ཡོད་ཤུལ་ཏུ་དོར་ཅིང་རྒྱབ་ཏུ་བསྐྱུར། རང་ཉིད་ལ་ཅི་འཛོམས་སྣང་མེད་དུ་གཡུགས།

  མ་གཞི་གཡག་ནི་མདོ་དབུས་མཐོ་སྒང་གི་གྲུ་གཟིངས་ཡིན་ཡང་ད་ལྟ་ལག་སྐྱོར་དང་རྐང་གསུམ་ཟེར་བའི་དངོས་ཟོག་སྐྱེལ་འདྲེན་གྱི་འཕྲུལ་འཁོར་འབའ་ཞིག་མཆིས་སྐད། ག་ས་གང་དུ་སྣོལ་མར་འཐེན་པའི་ལམ་གྱི་སྐྱ་ཐིག་མང་བོས་ཕ་ཡུལ་གྱི་སེམས་ཁོང་དུ་ནམ་ཡང་རྫོགས་མཐའ་མེད་པའི་རྨ་ཁ་བཞག་ཅིང་། ལྡིར་སྒྲ་དང་འཛེར་སྐད་སྣ་ཚོགས་ཀྱིས་ཕ་ཡུལ་གྱི་མཚན་མོའི་ཞེ་ལ་ལྷིང་འཇགས་དང་ཁུ་སིམ་གྱི་རྨི་ལམ་ཞིག་ཡེ་ནས་བསྐྱིལ་མ་མྱོང་བ་འདྲ། ནོར་གཡག་གི་སྙིང་རྩིད་ཀྱིས་བརྒྱུས་པའི་མཐིང་སྨུག་སྦྲ་ཆུང་ཡང་རས་གུར་ལ་བརྗེས་ཏེ། དེང་སྐབས་ཁྱོད་རང་འབྲོག་ལ་ཕྱིན་ཚེ་གྲལ་འགྲིག་པའི་དམར་སྲུང་དམག་མིའི་དཔུང་ཁག་རིང་མོ་ཞིག་དབྱར་སར་སླེབས་པ་དང་འདྲ་བའི་རྣམ་རྟོག་ཅིག་ངང་ངམ་ཤུགས་ཀྱིས་སྐྱེས་སྲིད། དེའི་ཕྱིར་བདག་གིས་སྦྲ་ཁྱིམ་དུ་ལོག་པའི་སྣང་བ་དེ་མི་རབས་གསུམ་ལ་བཙལ་ཡང་རྙེད་མི་ཐུབ་ལ་སྒོམ་ཡང་ག་ལ་ཐུབ་ཨང་། ཡོད་ཚད་ནས་ཡོད་ཚད་ལྷ་སྒྲུང་དང་གཏམ་རྒྱུད་ཀྱི་ཟེར་སྒྲོས་ཙམ་དུ་ཟད།

  མི་ལོ་མང་བོའི་རྗེས་ཀྱི་དེ་རིང་། རྒྱུ་མཚན་གང་ཡང་མེད་པར་གྲོགས་པོ་ཆེ་གེ་མོས་གློ་བུར་དུ་ང་ལ་པར་ཞིག་བསྐུར་ཡོང་ནས་འདི་ཨེ་ཤེས་ཟེར། དྲང་མོར་བཤད་ན་ཐབ་ཀ་འདི་ནི་ཁྱེད་ཚང་གི་མཚེར་ས་རུ་ཡོད་པས་ཁྱོད་ཀྱིས་རང་གི་ཨ་མའི་སུམ་ཐབ་ཀྱི་ངོའང་མི་ཤེས་སམ་ཟེར། དེ་མ་ཐག་ང་རང་སྐྱེངས་པའི་བག་ཉམས་ཀྱིས་གདོང་ལ་ཚ་རླབས་ཤིག་རྒྱས་ཏེ་ངོ་མདོག་ཀྱང་འགྱུར་སོང་། གང་ལྟར་འདྲ་པར་འདིའི་ངོས་ལ་བལྟས་ཀྱིན་བལྟས་ཀྱིན། ང་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་དང་འགྲམ་ཆུ་ཞིག་ཕན་ཚུན་འགྲན་པ་བཞིན་ངང་གིས་ལངས་འོང་། ཨ་མའི་སུམ་ཐབ་ཀྱིས་ཞོ་འོ་མ། མར་ཆུར་རྩམ་གསུམ། ཤ་མར་ཐུད་གསུམ་གྱི་མངར་ཁ་ཅི་འདྲའི་མང་བ་ཞིག་ང་ལ་བྲིད་མྱོང་ཨང་། མདོར་ན་ངའི་ཡིད་སེམས་ཀྱི་ལྟོགས་པ་ཅི་འདྲའི་མང་བོ་ཞིག་འགྲེང་ཡོད་ཨང་། བལྟས་ཀྱིན་བལྟས་ཀྱིན། བདག་གི་སེམས་ཁ་རུ་སྐྱོ་བ་འཚང་འོང་། བདག་གི་མིག་མཐའ་རུ་མཆི་ཞགས་འཁོར་བྱུང་། ཨ་མའི་སུམ་ཐབ་ཀྱིས་འདར་སིག་སིག་འཕྱོ་བའི་བདག་གི་ལུས་པོ་དང་ལྷུ་ཚིགས་རེ་རེ་མེ་ལ་བསྲོས་ཞིང་། ད་དུང་འཁྱག་ལ་འབྱར་བའི་ལོ་ཟླའི་ཁོག་པ་ཧྲིལ་བོ་དྲོད་ཀྱིས་བརྟས་མྱོང་།

  ཐབ་ཀ་ནི་མཐོ་སྒང་གི་མ་སྲུ་ཡོངས་ཀྱི་རྒྱ་ཆེན་བློ་སྤོབས་དང་ངོ་མཚར་བཟོ་བཀོད་ལས་འཁྲུངས་པའི་སྔར་མེད་ཀྱི་གསར་གཏོད་རིགས་ཤིག་ཡིན་ཙ་ན། ངེད་ཚང་གི་ཐབ་ཀའང་ངའི་ཨ་མའི་ལག་ཤེས་དང་བཟོ་རྩལ་ཁོ་ནས་གྲུབ་པའི་མེ་ལྷ་གནས་པའི་གཡང་གི་ཐབ་ཀ་ཕྱུག་མོ་དེ་ཅི་ལ་མིན། དྲང་མོར་བཤད་ན། ཨ་མའི་སུམ་ཐབ་ཡོད་པས། སྦྲ་ནག་ལ་གླེང་མི་ཚར་བའི་ཁེར་རྐྱང་གི་གཏམ་རྒྱུད་སྨུག་པོ་ཡོད་ལ། ཨ་མའི་སུམ་ཐབ་ཡོད་པས། སྦྲ་འདབས་རླུང་གིས་བཀྱགས་ཀྱང་ཆུ་དང་ཐིགས་པ་མི་འཛག་ཅིང་གྲང་ངར་གྱི་ལྷགས་པས་འགམས་ཡང་མི་ཐུབ།

  འབྲོག་པའི་རུ་བ་ཡོད་ཚད་གནས་སྤར་ཏེ་སྟོན་སར་སླེབས་ཀྱང་། ཨ་མའི་སུམ་ཐབ་གཅིག་པུས་དབྱར་གྱི་མཚེར་ཤུལ་ཏུ་ཁ་ཆར་བུ་ཡུག་གི་འདབ་མ་མེ་ལྕེ་ཟབ་མོའི་ཁོང་དུ་འཚག་འཚག་བསྲེག་གིན་ཐལ་བའི་རྡུལ་དུ་བརླག་སྟེ། དཔའ་ངར་དང་སྙིང་སྟོབས། ཆོད་སེམས་བཅས་ཀྱི་དམ་བཅའ་ད་དུང་མ་ཞུག་པར་ཁེར་ཚུགས་ཀྱིས་འགྲེང་ཡོད། ངོས་གཅིག་ཏུ་མི་རིགས་ཤིག་གི་ཕམ་ཉེས་ཀྱི་ལོ་ཟླ་བྲིས་ཡོད། ངོས་གཞན་ཞིག་ཏུ་ངའི་ཨ་མའི་ལག་ཟུང་གི་སེར་ཁ་དང་གས་ཀ་ཕབ་ཡོད།

  དུས་དེ་རིང་། གསེར་ལས་སྦྱངས་པ། དངུལ་ལས་གྲུབ་པ། ཟངས་ཀྱིས་བླུགས་པ། ལྕགས་ཀྱིས་རྡུང་བའི་ཐབ་ཀ་དེ་འདྲའི་སྣ་ཚོགས་དང་མང་བོ། གོང་ཆེན་དག་ཡོད་ནའང་། ང་ལ་མཚོན་ན་ཆེས་རྩིས་འདང་ཆེ་བ་དེ་ཨ་མའི་སུམ་ཐབ་ཡིན་ལ། ཆེས་བརྗེད་དུ་ཕངས་པའང་དེ་ཡིན། དེ་བས། ངའི་ཕ་མ་སྤུན་མཆེད་དང་ཕུ་ནུ་མིང་སྲིང་དག་ཡང་བསྐྱར་ཁྱོད་ཀྱི་སྒྱེད་རྩར་ལྷན་གཅིག་ཏུ་འཚོགས་ནས། ལུས་སེམས་ཀྱི་སྐྱོ་ངལ་མཐའ་དག་གནས་འདིར་དབོག་ཅིང་། མངར་ལ་སྐྱུར་བའི་འཚོ་བ་དང་སྐྱོ་ལ་དུང་བའི་གཏམ་རྒྱུད་ཡོད་ཚད་ལྷག་མེད་དུ་ཟློས་ཆོག་པར་ཞུ། ད་དུང་། ནམ་རྒྱུན་ཨ་མའི་སུམ་ཐབ་ཀྱི་རྩ་རུ་དཀྱིལ་ཀྲུང་གིས་བསྡད་ནས་རླངས་པ་འཐུལ་འཐུལ་གྱི་འོ་ཇ་ཕངས་མེད་ངང་འཐུང་ཞོར་དུ་སེམས་དོན་ཡོད་ཚད་རང་དབང་གིས་ཞུ་ཐུབ་པར་སྨོན།
                               ༢༠༡༤ ༠༩ ༡༠ནས༢༣

                ཁེར་ལམ།

  ང་ཚོའི་སྡེ་བའི་མདུན་ལོགས་སུ་མཐའ་སྣེ་རྒྱང་རིང་དུ་ཟུག་པའི་ཁེར་ལམ་ཞིག་འདུག་ཅིང་། ཆུང་དུས་སུ་ཡུལ་མི་རྣམས་ཀྱིས་དེ་ལ་བདག་གི་སྤོ་བོའི་ལམ་ཞེས་འབོད་ཀྱིན་ཡོད། དོན་ངོ་མ་ལམ་འདི་དང་བདག་གི་སྤོ་བོའི་བར་ན་གསང་བའི་གཏམ་རྒྱུད་ཅི་ཞིག་ཡོད་པར་ཆེ་བརྗོད་དང་འགྲེལ་བཤད་རྒྱག་མཁན་གཅིག་ཀྱང་མ་བྱུང་མོད། ང་ལ་མཚོན་ན་སེམས་ཀྱི་རྨ་ཁ་བཞིན་བརྗེད་མི་ཐུབ་པ་ནི་སྤོ་བོ་ཁོང་གི་ཐོད་པའི་རི་མོ་ལྟར་གྱ་གྱུར ་འཐེན་པའི་ཁེར་ལམ་ཕྲ་མོ་དེ་ཡིན།

  རིག་གནས་གསར་བརྗེའི་དྲག་པོའི་རླུང་འཚུབ་ཀྱིས་འཁུར་མ་ཐུབ་ལ་ལོ་ཟླའི་རང་བྱུང་ཆོས་ཉིད་ཀྱི་ཁ་ཆར་འདྲེས་མས་བསྣུབས་མ་ཐུབ་པའི་ཁེར་ལམ་དེ་ནི། དུས་རབས་དང་ལོ་རབས་མི་འདྲ་བའི་ལོ་རྒྱུས་དཀྱོགས་མཚམས་ཀྱི་དར་ཆ་མཐོན་པོ་ཞིག་ཡིན། དར་ཆའི་སྟེང་ན། ཚེ་སྟོད་ཆོས་རྭ་འགྲིམས་ཤིང་ཚེ་སྨད་འཁོར་བར་བརྫངས་པའི་བདག་གི་སྤོ་བོའི་སྐྱིད་སྡུག་གི་འཚོ་བའི་གཏམ་རྒྱུད་གང་མང་བྲིས་ཡོད་ལ། མི་རེ་རེའི་ཁོང་དུ་ཟབ་མོར་སྤས་པའི་རང་ གི་རིགས་རྒྱུད་ཀྱི་རྨ་ཁ་མེད་པའི་ན་ཟུག་ཡོད་ཚད་ཀྱང་ཞིབ་མོར་འཐག་ཡོད།

  གསང་བ་ལྐོག་གྱུར་ལྟ་བུའི་ལམ་གྱི་འགོ་ཁུངས་དེད་ནས་སོང་ཚེ་ཁྱོད་རང་དགོན་པ་དང་དགོན་མཐའི་སྐོར་ལམ་དུ་ཚེགས་མེད་ངང་སླེབས་སྲིད་ལ། དེ་ནས་ཕྱིར་ལོག་ཚེ་རང་ཁྱིམ་དུ་བདེ་ལེགས་ངང་འབྱོར་འོང་བས། ལམ་དེ་ཁོ་ནས་དགོན་པ་དང་དགོན་བདག ངེད་ཚང་གི་ཕ་མེས་ཡང་མེས་ཀྱི་བར་ན་ནམ་ཡང་གས་མི་ཐུབ་པའི་དམ་ཚིག་གི་རྡོ་རྗེ་བྲག་རི་ཞིག་དང་ཡིད་ཆེས་ཀྱི་རི་མོ་གསལ་བོ་ཞིག་ཡོད་པ་བདེན་དཔང་བྱ་ཐུབ།

  གོ་དྲུག་ལོའི་སྟོན་ཁར། ངས་ཕ་མ་གཉིས་ཀའི་རེ་བ་རུམ་ལ་བསྡུས་ཤིང་འདོད་པ་རྒྱབ་ཏུ་འཁུར་ནས་སྡེ་བའི་སློབ་ཆུང་གི་སྒོ་ཐེམ་ལ་ཆེས་ཐོག་མའི་གོམ་པ་དང་བོ་སྤོ་དུས། བདག་གིས་སྤོ་བོའི་ཁེར་ལམ་དེད་ནས་འོང་བའི་ངང་ཚུལ་དག་ཁ་སང་གི་བྱུང་བ་ནང་བཞིན་སེམས་ལ་དམ་པར་བཟུང་ཡོད། ལོ་ངོ་ཧྲིལ་བོ་དྲུག་ནས་བདུན་ལ་ང་རང་ཁེར་ལམ་དེ་རུ་ཉི་ཤར་དང་ལྷན་དུ་ལམ་ལ་ཆས་ནས་སློབ་གྲྭར་སོང་ཞིང་། ཉི་ནུབ་དང་ཆབས་ཅིག་ལམ་ལ་ལངས་ཏེ་ཕྱིར་ཡུལ་ལ་ལོག་སྐད། སྐབས་དེ་ནས་བཟུང་། ངའི་སེམས་ཁོང་དུ་ནམ་ཡང་སོང་ན་ཚར་རྒྱུ་མེད་ཅིང་བལྟས་ན་རྒས་རྒྱུ་མེད་ པའི་ལམ་ཞིག་ཡོད་པར་གྱུར། ད་དུང་། ངའི་ཨ་ཕ་སྡེ་དོན་ཚོ་དོན་ལ་སྤོ་བོའི་ལམ་གར་རྟ་དྲེལ་གང་རུང་ཞོན་ནས་འདུར་རྒྱུག་བྱས་པའི་ལོ་ཟླ་དེ་དག་དྲན་ན། ཁེར་ལམ་དེ་ནི་བདག་གི་མི་རབས་གསུམ་ལ་སོང་མི་ཚར་བའི་ལམ་ཞིག་ཡིན་པར་མ་ཟད། ཕ་མེས་ཡང་མེས། བུ་རབས་ཚ་བརྒྱུད་ཀྱིས་ཀྱང་སོང་ནས་ཚར་མི་སྲིད་པའི་ལམ་ ཞིག་ཡིན་པ་གཞི་ནས་ཤེས་སོང་།

  སྐྱིད་སྡུག་དང་འཕེལ་འགྱུར་མང་དུ་འཐབ་པའི་ལོ་ངོ་མང་བོའི་རྗེས་ཀྱི་དེ་རིང་། སྤོ་བོའི་ཕལ་བའི་ཁེར་ལམ་གྱི་འགོ་ཁུངས་དེད་ནས་ཡང་བསྐྱར་ཕྱིན་ཚེ་གཞུང་ལམ་ཞིག་ལ་ཐུག་ཐུབ་ཅིང་། དེ་ནས་མུ་མཐུད་དུ་སོང་ན་ཁང་བརྩེགས་ཀྱི་མགོ་བོ་གནམ་ལ་གཟེངས་ཤིང་འཕྲུལ་འཁོར་གྱི་ཆོམ་སྒྲ་རྣ་ལ་གཟན་པའི་གྲོང་ཁྱེར་གྱི་བཞི་མདོ་ཞིག་ཏུ་སླེབས་སྲིད། དེ་རུ་དཀར་སེར་དམར་ལྗང་གི་གློག་མདོག་སྣ་ཚོགས་ཀྱི་མཛུབ་སྟོན་ལྟར་དུ་ཁྱོད་ཀྱིས་རང་གི་མི་ཚེའི་ཁ་ ཕྱོགས་ལ་དཔུང་འཇུག་བྱ་དགོས་པས། མདོར་ན་ལམ་ནི་ཚད་མེད་དུ་བྲིས་ཆོག་པའི་ཀྱ་ཀྱོག་མང་བའི་བསྲིངས་ ཐིག་ཅིག་ཡིན།

  ད་ལྟ། བདག་གི་སྤོ་བོས་དབུགས་རྒྱུ་ལྷེམ་ལྷེམ་ངང་འཇིག་རྟེན་འདི་དང་རེ་ཞིག་ཞལ་གྱེས་པའི་མཛད་པ་བསྟན་ཟིན་ཡང་། ཚོར་བ་ཞིག་ལ་ད་དུང་ང་དང་བར་ཐག་མི་རིང་བར་སེམས། ཁེར་ལམ་དེའི་ཕར་སྣེ་ན་ཡོད་སྣང་ཤར།ཡང་ན་རྐང་ལམ་གྱི་རིང་ཚད་ཧྲིལ་བོ་ཁྱེད་རང་ཡིན་སྣང་སྐྱེས་འོང་། གང་ལྟར་འབུ་སྐྱོགས་ནུར་བ་ལྟ་བུའི་ཁུགས་ཀྱོག་མང་བོའི་ཁེར་ལམ་དེ་བརྒྱུད་ཐེངས་རེའམ་རིག་ཐེངས་རེ་ལ། ང་རང་ཁྱེད་ཀྱི་ལམ་མཐིལ་དུ་བགྲོད་སྐྱོད་བྱེད་པ་དང་ མཚུངས་ལ། ང་རང་ཁྱེད་ཀྱི་སྒལ་བའི་རུས་ཚིགས་སྟེང་དུ་རྒྱུག་པ་དང་ཡང་འདྲ།

  སྤོ་བོ་ལགས། ཁྱེད་ཀྱི་ཚེ་སྲོག་དང་སྐད་ཆ། རྔུལ་ཁྲག་གིས་བྲིས་པའི་ཁེར་ལམ་དེ་ཁོ་ནས། ང་ལ་བདེ་སྐྱིད་རྫོགས་ལྡན་གྱི་སང་ཉིན་དང་མ་འོངས་པ་ཡོད་པར་གྱུར་ལ། འོད་ཟེར་སྟོང་ལྡན་གྱི་རེ་བ་དང་ཕུགས་བསམ་ཡང་ཡོད་པར་གྱུར། ད་དུང་ཡོད་ཚད་ཀྱི་ཁྲོད་ནས་མར་སྒུར་མི་དགོས་པའི་རང་དབང་དང་ང་རྒྱལ་གྱི་མགོ་བོ་མཐོན་པོ་ཞིག་དང་། ཐམས་ཅད་ཀྱི་ནང་ནས་ངོ་ཚ་མི་དགོས་པའི་བླ་མེད་ཀྱི་འབྱོར་ཕྱུག་དང་ངོམས་མེད་ཀྱི་ལོངས་སྤྱོད་ཅིག་བསྐྲུན་སོང་། དེ་བས། ནམ་ཡང་སོང་མི་ཚར་བའི་ཁེར་ལམ་གྱི་ཕ་མཐའ་ན། མང་བོ་ཞིག་གིས་ང་དང་ངའི་སྤོ་བོའི་ལོག་ཕེབས་ལ་སྒུག་ཡོད་ན་བསམས། དུས་རབས་ཉེར་གཅིག་པའི་ནང་དུ། ངང་སྒུག་གི་བརྟུལ་ཞུགས་ནི་དེ་འདྲའི་རླབས་ཆེན་མིན་ཡང་། ཆོད་སེམས་དང་ཡིད་ཆེས་ཀྱི་བརྡ་རྟགས་གཞན་ཞིག་ཡིན་སྙམ་ན། གནད་འགག་གི་སྐབས་སུ་ཁུ་སིམ་དང་བག་ཕེབས་ཀྱིས་སྡོད་ཐུབ་པ་དེའང་ཡ་མཚན་ཅི་ལ་མིན།
                                     ༢༠༡༤ ༠༨ ༡༢

               ངའི་ཉལ་ཁང་།

  ངའི་ཉལ་ཁང་ནི་ཁང་གཤར་དང་བོའི་སྒོ་རྟགས་ཨང་བཅོ་ལྔ་བ་ཡིན།

  མི་ལོ་བདུན་བརྒྱད་ལྷག་གི་ཡར་སྔོན་དུ། ང་རང་རྭ་རྒྱའི་སློབ་གྲྭ་ན་ཡོད་དུས་ང་ཚོར་ཁང་མིག་གཅིག་ཅན་གྱི་ཉལ་ཁང་ཞིག་ཡོདཅིང་། དེ་ནི་མཁར་གྱང་གིས་གྲུབ་པའི་ས་ཁང་ཆུང་ངུ་ཞིག་ཡིན། ཐང་དུ་སོ་ཕག་དང་གནམ་ལ་མེ་ཏོག་དང་རི་མོ་སྣ་ཚོགས་ཡོད་པའི་རས་ཡོལ་ཞིག་འཐེན་ཡོད་པས། སྟེང་དུ་བྱི་བ་མང་བོའི་ཕར་འགྲོ་ཚུར་འོང་གི་རྒྱུགས་ཤུལ་དང་རྣམ་པ་རེ་རེ། བདག་གིས་དེ་རིང་ད་དུང་གསལ་བོར་དྲན་ཐུབ་ཀྱི་འདུག

  ཞིག་རལ་དུ་གྱུར་ཞིང་ཆུ་ཐིགས་ཀྱིས་ཟགས་པའི་ཁང་མིག་འདི་ནས། ཉམ་ང་ཞིང་ཉག་ཕྲ་བའི་རྭ་རྒྱའི་ས་དམར་འཁོལ་བའི་ལུང་ཀྱོག་དེ་ནས། ད་གཟོད། བདག་གིས་གནའ་བོའི་ལེགས་བཤད་ཚན་པ་གཅིག་ཝ་ལེར་དྲན་ཞིང་། དེ་དང་དེའི་རྒྱབ་ལྗོངས་ན་མངོན་ལྐོག་གང་རུང་གིས་ཡིབ་པའི་བསྟན་བྱ་དང་དགོངས་དོན་མ་ལུས་གསལ་ལེར་རྟོགས་འོང་། ༼མཁས་པ་སློབ་པའི་དུས་ན་སྡུག། བདེ་བར་སྡོད་ལ་མཁས་མི་སྲིད།།༽

  ནམ་རྒྱུན་སྟོན་ཁ་སླེབས་ཐེངས་རེར། དཔྱིད་རླུང་ལྡང་ཐེངས་རེར། སྡོང་རྒན་ཞིག་གི་གྲིབ་འོག་ཏུ་ཁེར་ཧྲེང་ངང་ལུས་པའི་ཉལ་ཁང་གི་སྒོ་ཁར་འགྲེང་ནས། སེར་ཐིགས་ལྷུང་བའི་ཤིང་ལོ་གང་མང་ཤག་ཤག་ས་རུ་འཐོར་བའི་མྱ་ངན་གྱི་འཁུན་སྒྲར་རྣ་བ་བླགས་ཤིང་། ཡམ་ཡོམ་སྒུལ་བའི་ཡལ་འདབ་ཀྱི་ཆོམ་སྒྲར་སེམས་པ་གླན། ད་དུང་། གནམ་སྔོན་པོའི་འོག་གི་རང་དབང་ལ་སྨོན་པའི་ཁྲུང་ཁྲུང་དཀར་མོ། ཁྱུ་དང་ཁྱུ་བྱས་ནས་ལྷོ་རུ་འཕུར་བའི་གཤོག་རྡེབ་ཀྱི་གར་སྟབས་མིག་གིས་འཚོས། དེ་ནས་བཟུང་། བདག་གི་སྙན་ངག་ལ་རྣམ་ཤེས་དང་སྲོག་ཡོད་པར་གྱུར་ལ། བདག་གི་ཡི་གེ་ལ་ང་རོ་དང་ན་རོ་གཉིས་ཀ་ལྷན་དུ་འཚོགས།

  ཉལ་ཁང་འདི་དེ་འདྲའི་ཆེ་རྒྱུ་མེད་ནའང་། དེ་འདྲའི་ཆུང་སྣང་ཡང་སྐྱེས་མ་མྱོང་། གང་ལྟར། ངས་རང་གི་ཡུལ་ཕྱོགས་གཅིག་པའི་སྤུན་གྲོགས་གྲྭ་བ་གསུམ་དང་ལྷན་དུ་ལོ་ངོ་གསུམ་བཞིའི་སྐྱ་ཆད་སྔོ་སྡུག་གི་སློབ་མའི་འཚོ་བ་དང་ལོ་ཟླ་ལ་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་དང་སྐྱོ་ལ་དུང་བའི་གཏམ་རྒྱུད་གཞན་ཞིག་གི་ཚེ་སྲོག་བསྣན།

  ཕྱིར་འདང་ཞིག་བརྒྱབ་ན། ང་ཚོའི་ཉལ་ཁང་ནི་སྐབས་རེར་ལྕགས་ཀྱི་འཁྱག་སྒམ་ཞིག་དང་འདྲ་བར། ལུས་པོ་དང་བྲང་ཁོག་འཁྱག་སབ་སིབ་དང་འདར་སིག་སིག་གིས་ཕྱོགས་སུ་འཕྱོ་ལ། ལན་རེར་ལུས་ཀྱི་ཡན་ལག་དང་ཉིང་ལག་སོ་སོར་འཕྲལ་བ་ལྟ་བུའི་གྲང་ངར་དང་ལྟོགས་སྐོམ་གྱི་སྡུག་བསྔལ་ཁོ་ནས། ནམ་ཟླ་དེ་འཆོལ་དཀའ་བ་ཞིག་དང་དུས་ཚིགས་དག་བརྗེད་ཁེགས་པ་ཞིག་ཏུ་གྱུར་སོང་།

  ཡིན་ནའང་། འཚང་ཁ་ཆེ་བའི་ཉལ་ཁང་འདིའི་ཕྱི་ནང་བར་གསུམ་ཀུན་ཏུ། ལང་ཚོ་དང་རྨི་ལམ། སྟོང་འདང་གིས་ཕྱུག་པའི་ན་གཞོན་མང་བོའི་རེ་བཞག་དང་ཡིད་ཆེས་བསེར་བུ་བཞིན་གང་སར་བླུག་འོང་གིན་འདུག་ནའང་། ང་ཚོ་ནམ་ཡང་བག་འཁུམ་མ་མྱོང་ལ་དཔའ་ཡང་ཞུམ་མ་མྱོང་བར། ཐག་རིང་ཞིག་ཡིད་ལ་སྒོམ་ཞོར་ཆེན་པོ་དག་མིག་གིས་འཚོས་ནས། དཀའ་སྡུག་གི་ལམ་ཆེན་འཕྲེད་ཀྱིས་གཏུབ་ཅིང་གནད་འགག་གི་ཟམ་པ་དང་གཙང་བོ་ལྷན་གཅིག་ཏུ་བརྒལ།

  ཉལ་ཁང་དེ་རུ། ང་ཚོས་ཆུ་རྐྱང་རྩམ་རྐྱང་གི་ས་མཐའི་དཀའ་སྡུག་གི་འཚོ་བ་ལོངས་སུ་སྤྱད་ཅིང་ཉམས་སུ་མྱོང་གིན། མཐའ་མི་དཔོག་པའི་རྒྱང་རིང་རྒྱང་རིང་གི་ཕྱོགས་སུ་དཔུང་འཇུག་བྱས། རྨི་ལམ་དང་འབྲེལ་ཞིང་དངོས་ཡོད་དང་མཐུན་པའི་སྙན་ངག་མང་དུ་བྲིས། ནམ་ཞིག རང་གི་ཕུགས་བསམ་ཡོད་ཚད་ལ་གཤོག་པ་རེ་བཙུགས་ནས། དེ་ཡང་བར་སྣང་དུ་རང་དབང་དང་བཅས་འཕུར་ལྡིང་གི་གར་ལ་རོལ་ན་བསམས།

  ལོ་ངོ་དུ་མའི་རྗེས་སུ། ང་རང་སླར་ཉལ་ཁང་དུ་ལོག་དུས་ནང་ན་མི་གཅིག་ཀྱང་མེད་པར་སྒོ་རུ་ཟྭ་ཞིག་དམ་པོར་བརྒྱབ་ཡོད་ཀྱང་སྒེའུ་ཁུང་གི་ཤེལ་སྒོ་ཆག་འདུག གནས་འདི་རུ། བདག་གི་ལང་ཚོ། སློབ་སྦྱོང་། ས་མཐའི་འཚོ་བ་ལ་དམ་དུ་འབྲེལ་བའི་སྐྱིད་སྡུག་གི་ལོ་ཟླ་རིང་མོ་ཞིག་ཡོད་པས། ང་རང་ཅིས་ཀྱང་ནང་དུ་འགྲོ་འདོད་ཆེ་མོད། ཡོད་ཚད་དུས་རབས་དང་སྤྱི་ཚོགས་གཡོ་སྐྱོམ་གྱི་རྣམ་པས་གང་ནས་གང་དུ་འཁུར་སོང་ཨང་། བདག་གིས་དྲན་རྟེན་འདྲ་པར་ཞིག་བསྐྱོན་རྗེས་སྨྲ་བ་མེད་པར་ཁ་རོག་གེར་རང་གི་ཉལ་ཁང་ལ་གྱེས་ཕྱག་ཕུལ་བ་ཡིན། ད་དུང་ལོ་ངོ་དུ་མའི་རྗེས་སུ། བདག་གི་ཉལ་ཁང་ཡོད་སྲིད་དམ། སྲིད་ན་བདག་གི་ཉལ་ཁང་འདྲ་བ་ག་ཙམ་ཡོད་སྲིད། འདི་ལྟར་སེམས་ངལ་ལྷག་མ་ཞིག་དང་མཉམ་དུ་ང་རང་གཅིག་པུ་ཕྱིར་ལོག་པ་ཡིན།
                                      ༢༠༡༤ ༡༢ ༤

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།