གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《པེ་ཅིན་གྱི་བོད་པ》བཀླགས་རྗེས་འདི་འབྲི་དགོས་པར་གྱུར།

2015-12-30 13:52:37 གཡུ་ཆུང་།༼ པེ་ཅིང ༽ ཀློག་གྲངས། མཆན ཡོད།


  ལྷ་བྱམས་རྒྱལ་ལགས་ཀྱི་གསར་རྩོམ《པེ་ཅིན་གྱི་བོད་པ》ཞེས་པའི་རྩོམ་ཐུང་དེས། ཅིན་སྡོད་བོད་པ་ཚོས་མཚོན་པའི་ས་མཐའི་བོད་པ་དག་གི་གཅིག་མཐུན་གྱི་སེམས་ཁྲལ་དང་བསམ་ཕྱོགས་ངོ་མ་དེ་དམར་རྗེན་དུ་བརྗོད་འདུག ཕ་ཡུལ་ལྷོ་ཁ་ནས་ཡིན་པའི་ཁོ་བོའི་གྲོགས་པོ་ཞིག་གིས་རྩོམ་དེ་སྐད་འཕྲིན་གྱི་ཚོམ་རྭར་བཀོད་རྗེས། “རྩོམ་འདིར་ཅིང་སྡོད་བོད་པ་ཚོའི་སེམས་ཁྲལ་ངོ་མ་དེ་བྲིས་འདུག གལ་ཏེ། ནམ་ཞིག་ཁོ་བོ་གནས་འདི་དང་གྱེས་ཚེ། དེ་ནི་རྒྱུ་མཚན་གཞན་ཞིག་གི་རྐྱེན་ཡིན་པ་ལས། དུག་སྨུག་ལ་གཡོལ་བ་ཡེ་ནས་མིན”ཞེས་བྲིས་པ་མཐོང་། དེས་ན་ཁོ་བོ་ཡང་དེ་ལས་མ་འདས་ཏེ། ས་མཐའི་ལག་མཐིལ་དུ་ཞུ་བའི་ཁ་བ་རྡོག་པོ་ཞིག་ནམ་ཡང་བྱ་འདོད་མེད། འོན་ཀྱང་། ད་རེས་ཁོང་གི་རྩོམ་དེ་བཀླགས་རྗེས་ཁོ་བོས་བསམ་ཚུལ་གཞན་ཞིག་མི་འབྲི་རང་འབྲིར་གྱུར།
  རྩོམ་ཐུང་དེའི་ནང་། ལྷ་བྱམས་རྒྱལ་ལགས་ཀྱིས་ལོ་རྒྱུས་སྟེང་གི་དོན་ཆེན་གཉིས་བྲིས་འདུག གཅིག་ནི། ༡༢༦༤ལོར། འགྲོ་མགོན་འཕགས་པ་དང་ཁུ་པི་ལེ་ཁཱན་གཉིས་མཇལ་བའི་སྐབས་དང་། ཅིག་ཤོས་ནི། ༡༦༥༢ལོར། རྒྱལ་དབང་ལྔ་བ་དང་རྒྱ་ནག་གོང་མ་ཧྲུན་ཊི་གཉིས་མཇལ་བའི་སྐབས་རེད།
  དོན་ཆེན་འདི་གཉིས་ནི་བོད་རྒྱའི་ལོ་རྒྱུས་སྟེང་གི་གནད་ཆེན་པོ་གཉིས་རེད་ལ། བོད་མི་དང་རྒྱ་མི་ཕྱོགས་གཉིས་ཀས་དོན་ཆེན་འདི་གཉིས་ལ་ལྟ་སྟངས་ཐ་དད་པ་རེ་བཟུང་ཡོད། བྱེ་བྲག་ཞིབ་པར་བརྗོད་ན། དེ་ཡང་ཞིབ་འཇུག་པ་དག་གིས་གནང་དོན་འདི་གཉིས་ལ་བཟུང་བའི་ལྟ་སྟངས་མི་འདྲ། ལ་ལས་དེ་ནས་བཟུང་བོད་སོག་མཆོད་ཡོན་གྱི་འབྲེལ་བའི་མགོ་ཚུགས་ཟེར།(བོད་ཀྱི་ལོ་རྒྱུས་མཁན་པོས་ཀྱང་དེ་ལྟར་བྲིས་ཡོད) ལ་ལས་དུས་དེ་ནས་བཟུང་། བོད་ནི་ཡོན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བསྡུས་པ་རེད་ཟེར། མདོར་ན་འདི་ནི་རྩོད་གཞི་ཅན་གྱི་ལོ་རྒྱུས་ཀྱི་གནད་ཅིག་རེད། འོན་ཀྱང་ལྷ་བྱམས་རྒྱལ་གྱིས་རྩོམ་ནང་དུ་མི་སྣ་དེ་གཉིས་ཀྱི་ཐོབ་ཐང་ལ་མཐོ་དམན་གྱི་ཁྱད་པར་གནམ་ས་ལྟ་བུ་ཞིག་ཡོད་ལུགས་དང་། ལྷ་ཡི་ཚ་བོས་མི་ཡི་ཚོ་དཔོན་གྱི་ཚ་བོར་ཕྱག་བྱས་ཞེས་སྐབས་དེའི་བབ་ལ་དོགས་པ་ཅུང་ཙམ་ཡང་མི་བྱེད་པར་ཕྱི་མ་འདིའི་ལྟ་ཚུལ་ཧྲིལ་གྱིས་བཟུང་བ་ལྟ་བུ་ཞིག་བྱས་འདུག
  དོན་ཆེན་གཉིས་པ་ནི། ༡༦༥༢ལོར། རྒྱལ་དབང་ལྔ་བ་དང་རྒྱ་ནག་གོང་མ་ཧྲུན་ཊི་གཉིས་མཇལ་བའི་སྐབས་རེད། ཕྱིས་ཀྱི་རྒྱ་དང་བོད། ནུབ་ཕྱོགས་ཀྱི་ཞིབ་འཇུག་པ་དག་གིས་སྐབས་དེའི་ཡིག་ཆ་དང་བསྐུར་ཡིག་དང་། དེ་དག་གི་ནང་སྤྱད་པའི་ཐ་སྙད་དང་། མི་སྣ་དེ་གཉིས་བྲིས་འདུག་པའི་སྐད་གྲགས་ཆེ་བའི་ལྡེབས་རིས་དེའི་སྟེང་ཁོང་གཉིས་ཀྱི་ཁྲི་ལ་མཐོ་དམན་ཤོར་ཡོད་མེད་དང་། རྒྱལ་དབང་ལྔ་བ་ཚང་རྒྱ་ནག་གོང་མས་ཇི་ལྟར་བསུའི་ཚུལ་གྱི་རིམ་པ་སོགས་ལ་ཉམས་ཞིབ་བྱས་ཤིང་རྩོད་གླེང་བྱུང་ཡོད། དེས་ན་དེ་ཡང་རྩོད་གཞི་ཅན་གྱི་ལོ་རྒྱུས་ཀྱི་གནད་ཅིག་རེད། འོན་ཀྱང་ལྷ་བྱམས་རྒྱལ་ལགས་ཀྱིས་ཡིན་ཤག་ཤག་གིས་རྒྱ་ནག་གོང་མ་ཉི་མར་དཔེ་བཞག རྒྱལ་དབང་ལྔ་བ་ཟླ་བར་དཔེ་བཞག་འདུག དེ་ཡང་མི་ཆོག་པ་མེད་དེ། ཉི་ཟླའི་དཔེ་འདི་ལ་གོ་བ་ལེན་ལུགས་འགའ་རེ་འདུག ཉིན་དཀར་ཉི་མ་མཐུ་ཆེ་ཞིང་། མཚན་མོར་ཟླ་བ་མཐུ་ཆེ་བ་མ་ཡིན་ནམ། འོན་ཏེ་ཁོང་གིས་ཉིན་དཀར་གྱི་ཉི་མའི་ཆེ་བ་ཁོ་ན་བརྗོད་ནས། ཉི་མའི་འོད་སྣང་གི་ཀློང་ནས་ཟླ་བ་མཐོང་མི་ཐུབ་པར་བཤད་འདུག དོན་དམ་དེ་ལྟ་བུ་ཞིག་ཡིན་ནམ།
  ལར་མཆོད་ཡོན་འབྲེལ་བ་ཡིན་ཀྱང་ཆོག དཔོན་འབངས་ཀྱི་འབྲེལ་བ་ཡིན་ཀྱང་རུང་། འདི་གཉིས་ནི་ད་ལྟའི་མི་ཡིས་འདས་ཟིན་པའི་ལོ་རྒྱུས་ཀྱི་གོ་བབ་ངེས་ཅན་ཞིག་ལ་ངོས་འཛིན་སྟངས་ཀྱི་གཏམ་སྦྱོར(discourse)གཉིས་ལས་ཅི་ཡང་མིན་ལ། གཏམ་སྦྱོར་ནི་ནམ་ཡང་སྲིད་དང་དབང་དང་ཁེ་ལ་སོགས་པར་རྐྱ་འཐབ་ནས་ཡོད་པས། དོན་དམ་གཏམ་སྦྱོར་རིགས་གང་ཞིག་གི་རྒྱབ་རྩར་བདེན་པ་ལངས་ཡོད་མིན་དེ་ཐག་གཅོད་རྒྱུ་ཁག་པོ་རེད། དེ་བས་གནས་སྐབས་སུ་ལོ་རྒྱུས་ཀྱི་རྩོད་གཞི་གནད་ཆེན་དག་ལ་ནི་སྡོམ་ཚིག་འགོད་པ་ལས་རྩོད་གཞི་རང་དུ་བསྐྱུར་ན་དགའ།
  དེ་ཡང་གཞི་གཅིག་ལ་གཏམ་སྦྱོར་མང་པོ་ཡོད་པ་ནི་ཆོས་ཉིད་རེད་མོད། གཏམ་སྦྱོར་གང་ཞིག་བདེན་རྫུན་དུ་འགྲོ་མིན་དེ་དེང་གི་ཆ་འདིར་སོ་སོའི་རྒྱབ་རྩའི་བཙན་གཉོམ་དང་ཡང་ན་དེ་ཉིད་ཁྱབ་རྒྱ་ཆེ་མིན་ལ་བརྟེན་ནས་ངོས་འཛིན་གྱིན་འདུག་པས། ཤན་སྟོབས་ཆེ་བའི་རྩོམ་མཁན་གྲགས་ཅན་ཚོས(ཉིན་གཅིག་མ་ཡོལ་བར་ལྷ་བྱམས་རྒྱལ་ལགས་ཀྱི་རྩོམ་དེ་ཀློག་གྲངས10000ལས་བརྒལ། འདི་ནི་བོད་ཡིག་གིས་བྲིས་པའི་དྲ་རྩོམ་ཞིག་ལ་མཚོན་ན། ཧ་ལས་དགོས་པ་ཞིག་དང་དགའ་འོས་པ་ཞིག་རེད)རྩོད་གཞི་ཅན་གྱི་ལོ་རྒྱུས་ཀྱི་གནད་འགག་གླེང་སྐབས་གཟབ་གཟབ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་སྟེ། བརྩམས་ཆོས་དེས་ཀློག་པ་པོ་ཁྲི་སྟོང་མང་པོར་ཤན་ཤུགས་སྟེར་ནུས་པས་སོ།།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།