གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

“ཕྱུགས”འགྱུར་གྱི་ལམ་བུ།

2016-08-20 22:08:05 འུག་པ། ཀློག་གྲངས། མཆན ཡོད།

དགག་སྒྲུབ་ཀྱི་བློ་གྲོས་རྒྱ་ཁབ་ལས་རྣོ་ཞིང་སྐྱོན་སེལ་གྱི་སྤྱན་ཟུང་ཆུ་ཤེལ་ལས་གསལ་བའི་རྒྱ་ཆེའི་ཀློག་པ་པོ་རྣམ་པ། ཁྱེད་ཀྱིས《“ཕྱུགས”འགྱུར་གྱི་ལམ་བུ》ཞེས་པའི་རྩོམ་བྱང་འདི་མཐོང་མ་ཐག་ཏུ། འདི་རུ་ཡང་ཡིག་ནོར་འབྲོང་ཙམ་ཞིག་བདག་མེད་དུ་བསྐྱུར་འདུག་སྙམ་དུ་དག་བཅོས་ཀྱི་སྨྱུག་རྩེས་ཚར་གཅོད་པའི་སྦྱོར་བ་ལ་ཞུགས་སྲིད་མོད། བསམ་བཞིན་དུ་བྲིས་པའི་ཡིག་ནོར་རྟགས་དང་བཅས་པ་འདི་ནི་སྨྱུ་གུ་འཛིན་པ་གང་དེས“ཚིག་གོ་རྒྱུ་ཅན་དང་དོན་བསམ་རྒྱུ་ཅན”ཞིག་ཡིན་སྙམ་དུ་རློམས་ཡོད་པས། སྐུ་ཉིད་ཀྱིས་ཐོག་མར་ངང་རྒྱུད་ཆུ་འདྲ་ཞིག་བསྲིངས་ནས་རྩོམ་ཐུང་འདི་ཐེངས་ཤིག་ཀློགས་དང་། དེ་ནས་ཡིག་ནོར་མ་ཡིན་པའི་ཡིག་ནོར་འདི་ལ་གསོད་གཏུབ་འདོར་གསུམ་གྱི་ཆད་པ་རི་ཙམ་ཞིག་བཅད་ཀྱང་ཆོག  ཡང་ན་དེ་ནི་ཡིག་ནོར་ཞིག་གདོད་ནས་མ་ཡིན་སྙམ་པའི་ངེས་ཤེས་དང་བཅས་གུ་ཡངས་སུ་བཏང་ཡང་རུང་སྟེ། བགྱི་བ་གང་ཞིག་ལག་ཏུ་ལེན་མིན་ནི་ཡོངས་སུ་ཉིད་ཀྱི་ཤེས་རབ་ལ་རག་ལས་པ་ཡིན་ནོ། །

དེའང“ཕྱུགས”ཞེས་པ་ནི་མིས་འཚོ་སྐྱོང་བྱེད་པའི་སྲོག་ཆགས་སྤྱིའི་མིང་དུ་འབོད་ལ། ཁོ་ཚོ་ཐུན་མོང་ལ་ཁྱད་ཆོས་ཤིག་ཡོད་པ་ནི། དུས་དང་རྣམ་པ་ཀུན་ཏུ་བདག་པོའི་ཁ་ཚུགས་ངོ་མདོག་ལ་བསྟུན་ནས་བཟའ་འཐུང་འགྲོ་འདུག་གི་རྣམ་གཞག་བྱེད་པ་ལས། རང་གིས་དགའ་ཕྱོགས་དང་མོས་ཕྱོགས་བསམས་ནས་གོམ་གསུམ་སྤོ་དབང་མེད་ལ། ཕུགས་འདུན་དང་རེ་སྙེག་ཟེར་ནས་ཚིག་གསུམ་ཤོད་ས་མེད། མ་ཟད་དགྲ་གཉེན་དང་ཕྱི་ནང་གི་དབྱེ་བ་མེད་པར་བཟའ་འཐུང་གི་ཆེད་དུ་ནམ་ནམ་ཞར་ཞར་རྩོད་འཛིང་དང་འཐབ་འཁྲུག་ཁོ་ན་བྱེད་པར་མོས་ཤིང་། གནས་ལུགས་དང་རྒྱུ་མཚན་ཤོད་ས་མེད་པར་དཔའ་སུ་ཆེ་དང་དཔུང་སུ་སྦོམ་འབའ་ཞིག་བརྩད་ནས་རྒྱལ་ཕམ་གྱི་འཁྲུན་ཐག་གཅོད། ལས་ཀྱི་སྦྱོར་བ་གང་ཞིག་བརྩམས་ཀྱང་རང་སྒེར་གྱི་སྡུག་གྲོད་འོབས་དོང་འདྲ་དེ་འགེངས་ཐབས་དང་། སྡུག་ཁ་འབུ་ཁུང་འདྲ་བོ་སོས་ཐབས་སམ་དེའི་ཉེར་བསྡོགས་ཁོ་ན་བསྒྲུབས་པ་མ་གཏོགས། གཞན་ལ་བསམ་ཤེས་དང་དོ་ཁུར། གུས་བཀུར་དང་བརྩི་འཇོག  ཕན་འདོགས་དང་རོགས་སྐྱོར། བརྩེ་བ་དང་དུངས་པ་གང་ཡང་མེད་པ་དེ་རེད། འོན་ཏེ་ཤེས་རིག་གི་སྤྱི་ཚོགས་སུ་འཚོ་བའི་མཐོ་རིམ་སྲོག་ཆགས་འགྲོ་བ་མིའི་རིགས་ནི་སེམས་ཅན་གྱི་རིགས་སུ་གྱུར་པ་གཞན་དང་བསྡུར་ན། དཔའ་མཛངས་དེས་གསུམ་གྱི་འདུས་གཟུགས་ཤིག་གམ། མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅིག་ཡིན་དགོས་པ་འདྲ་མོད། དོན་དངོས་ནི་གང་དེའི་མི་མཐུན་ཕྱོགས་ཁོ་ནར་ངེས་པ་སྟེ།

དེའང་ཉེ་བའི་ཆར། གོང་རིམ་ནས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པའི་གོང་འཕེལ་གྱི་སྲིད་ཇུས་ལག་ཏུ་བསྟར་བ་ནས་བཟུང་། བརྙན་འཕྲིན་དང་རླུང་འཕྲིན། གསར་ཤོག་སོགས་སྒོ་ཀུན་ནས་ཕྱུག་འགྱུར་གྱི་ལམ་བུ་སྣ་ཚོགས་ངོ་སྤྲད་ཅིང་དྲིལ་སྒྲོག་པར་བརྩོན་གྱིན་འདུག་ལ། སྐྱེ་རྒུའི་ལུས་ངག་ཡིད་གསུམ་གྱི་སྟོབས་ནུས་ཡོད་དོ་ཅོག་གཅིག་ཏུ་སྒྲིལ་ནས་ལམ་བུ་གང་དེ་འཚོལ་ཞིང་སྙེག་མགོ་བརྩམས། དེ་ལའང་ལག་ཤེས་བཟོ་ལས་ལ་བརྟེན་པ་དང་། ཤེས་རིག་ཡོན་ཏན་ལ་བརྟེན་པ། ཚོང་གཉེར་དོ་དམ་ལ་བརྟེན་པ། སྐབས་འཚོལ་ཐབས་ཇུས་ལ་བརྟེན་པ་སོགས་བགྲངས་ཀྱང་བགྲང་མི་ཚར་བ་ཞིག་ཡོད་འདུག་མོད། བདག་གིས་ནི་དེ་དག་དང་ལྷན་དུ་སྒེར་ཕན་རིང་ལུགས་ཀྱི་དར་ཆ་དགུང་དུ་བསྒྲེང་བའི་ལམ་བུ་གཞན་ཞིག་ཀྱང་མཐོང་སོང་། མཐོང་ནས་ཀྱང་ལམ་བུ་དེའི་ཐོག་ཏུ་ཚ་ཚ་འུར་འུར་དང་ཟང་ཟིང་ལང་ལོང་དུ་སྐྱོད་བཞིན་པའི་སྐྱེ་བོ་དག་གི་བསམ་སྤྱོད་གཏམ་གསུམ་ལ་དོ་སྣང་གི་བློ་མིག་གཏོད་དགོས་བྱུང་། གཏད་ནས་ཀྱང་ཁོང་ཚོས་བགྲོད་བཞིན་པའི་ལམ་བུ་དེའང“ཕྱུགས”འགྱུར་གྱི་ལམ་བུ་གཞན་ཞིག་ཡིན་པ་གཞི་ནས་ཤེས་སོང་། དེའང་ཡིན་ཏེ། ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་ང་དང་ང་ཟེར་ནས་སྲོག་བསྡོས་ཀྱིས་རང་སྒེར་གྱི་བདེ་ཐབས་སྐྱིད་ཇུས་ཁོ་ན་རྩོད་ཀྱིན་འདུག་ལ། ཡུལ་དུས་གནས་སྐབས་ཀུན་ཏུ་ཁོ་དང་ཁྱོད་ཟེར་ནས་ཧམ་ཤེད་ཀྱིས་ཕ་རོལ་པོའི་ཐོབ་ཐང་དང་ཁེ་དབང་ལ་རྡོག་རྫིས་གཏོང་བཞིན་འདུག  ཁོང་ཅག་གི་རྒྱལ་ཁ་ནི་ཕ་རོལ་པོའི་ཕམ་ཁ་དང་གོད་ཆག་གི་ཁྲོད་ནས་འཐོབ་ཀྱིན་འདུག་ལ། ཁོང་ཅག་གི་བདེ་སྐྱིད་དེ་མི་གཞན་གྱི་སྡུག་བསྔལ་དང་སྐྱོ་གདུང་ལ་བརྟེན་ནས་རྙེད་ཀྱིན་འདུག  ཁོང་ཚོར་རྒྱུ་འབྱོར་དབང་ཐང་འབྱུང་ཕྱིར་རང་གི་གཅེས་པའི་ཕ་དང་བརྩེ་བའི་མ་ཡང་འཚོང་བར་ཐེ་ཚོམ་མེད་ཅིང་། ཁོང་ཚོར་ཁེ་སྤོགས་དང་གྲགས་སྐམ་འཐོབ་ཕྱིར་ལ་རྒྱ་དང་ལྷག་བསམ། བརྩེ་སེམས་དང་སྙིང་རྗེ། ཁྲེལ་གཞུང་དང་ཕྱི་ཐག  མཐུན་སྒྲིལ་དང་ཞི་བདེ་ཞེས་པའི་ཐ་སྙད་གདོས་ལྕི་ཞིང་དོན་བྱ་གནད་ཀྱིས་ཕྱུག་པ་དག་ཀྱང་མི་གཙང་འདོར་འདོར་དང་སྣབས་ལུད་གཡུག་གཡུག་བྱེད་པའང་རྒྱུན་གཏན་རེད། ཁོང་ཚོས་རང་ཁེ་རང་ཕན་འབའ་ཞིག་སྒྲུབ་ཕྱིར་གྲོགས་པོ་བཙོངས་པ་བགྲང་གིས་མི་ལང་ལ་གྲོགས་མོ་བསླུས་པའང་རྩིས་ཀྱིས་ག་ལ་ཟིན། ཐོག་མ་ཡོད་ཀྱང་མཐའ་མ་མེད་པའི་ཕྱུག་འགྱུར་གྱི་ལམ་བུ་གང་དེར་འགྲུལ་བཞུད་བྱེད་པའི་བརྒྱུད་རིམ་དུ། དངུལ་ལོར་གྱི་མཐུག་ཚད་དང་དངུལ་འཛིན་གྱི་གྲངས་གནས་མང་ཉུང་ཁོ་ན་ནི་ལེགས་ཉེས་བླང་དོར་གྱི་ཚད་གཞི་བསླུ་བ་མེད་པ་ཡིན་ལ། བདེན་རྫུན་བཟང་ངན་གྱི་ཚད་ཤིང་འཕྱུགས་པ་མེད་པ་དེའང་ཡིན། དེས་ན། ཁོང་ཅག་གིས་བདམས་པའི་ལམ་བུ་དེར་བདག་གིས་ནི“ཕྱུགས”འགྱུར་གྱི་ལམ་བུ་ཞེས་པའི་ཆོ་ལོ་ཞིག་འབུལ་བར་འདོད་དེ། ལམ་བུ་གང་དེར་སྐྱོད་ཀྱིན་སྐྱོད་ཀྱིན་འགྲོ་བ་མི་ཞིག་གི་ཀུན་སྤྱོད་དང་རྒྱུ་འབྲས་ཀྱི་ཚད་ཐིག་ལས་ཆེས་ཆེར་འགོངས་ཏེ། དུས་རྣམ་ཀུན་ཏུ་རང་སྒེར་གྱི་བདེ་ཐབས་སྐྱིད་ཇུས་འབའ་ཞིག་གི་ཆེད་དུ་ལས་ཀྱི་སྦྱོར་བ་ཅི་ཡང་ལག་ཏུ་ལེན་ལ་འཛེམས་བག་དང་བྲལ་བའི་དུད་འགྲོ“ཕྱུགས”ཤིག་གི་རྣམ་ཐར་སྐྱོང་བཞིན་པའི་ཕྱིར་རོ། །

དེའང་ཇི་སྐད་དུ།“ལོག་པའི་ལམ་ལ་མཐའ་མེད་ཕྱིར”ཞེས་པ་ལྟར། “ཕྱུགས”འགྱུར་གྱི་ལམ་བུ་གང་དེར་ཤ་ཐང་ཐང་དུ་བགྲོད་ཀྱིན་པའི་མི་བུ་རབ་ཏུ་མང་ཞིང་། “ཕྱུགས”འགྱུར་གྱི་བརྒྱུད་རིམ་ཡང་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡོད་དུ་མཆིས་ཀྱང་། གཙོ་ཆེ་བ་དག་འདིར་ཚན་པ་གསུམ་གྱི་བདག་ཉིད་ཅན་དུ་བཤད་པར་བྱ་སྟེ།

                                      གཅིག  བཀོལ་སྤྱོད་ཀྱིས་ཕྱུགས་སུ་འགྱུར་བ།

ཕྲ་ཞིབ་ཀྱི་དྲན་པ་མ་སྟེན་པར་བློ་རགས་པའི་ངོར་བལྟས་བཞག་ན་མི་དང་མིའི་དབར་ལ་བཀོལ་སྤྱོད་ཅེས་པ་ཞིག་གླེང་དུས། བགྲང་བྱ་བརྒྱ་ཕྲག་དུ་མའི་གོང་རོལ་གྱི་སྤྱི་ཚོགས་ནག་པོ་ནག་རྐྱང་གང་ཞིག་ཁོ་ནར་ཡོད་འོས་པའི་གནད་དོན་ཞིག་ཏུ་སྣང་ངེས་པ་ལས། དེང་འདིར་འཛམ་གླིང་རྒྱལ་ཁབ་དང་མི་རིགས་ཕལ་ཆེར་གྱིས་མ་བགྲོས་གཅིག་མཐུན་དང་བརྒྱ་ཁ་གཅིག་གྲགས་ཀྱིས་དམངས་གཙོ་དང་སྤྱི་སྙོམས་དར་བཞིན་འཕྱར། རང་དབང་དང་འདྲ་མཉམ་དུང་ལྟར་འབུད་ཀྱིན་པའི་སྒང་འདིར། སུ་ཞིག་གཞན་གྱིས་བྲན་དུ་བཀོལ་ཞིང་སྤྱོད་པར་སྨྲས་ན་ནི་ཅུང་ཟད་རྣ་བར་འགྲོ་དཀའ་མོད། དོན་དངོས་སུ་རྣམ་པ་དང་སྣང་ཚུལ་སྔོན་ལས་མཛེས་ཤིང་ངོ་བོ་དང་ཤུགས་རྐྱེན་སྔོན་མ་ལས་ཀྱང་ཐ་ཆད་དུ་སོང་བའི་བཀོལ་སྤྱོད་རིགས་ཤིག་འུ་ཅག་གི་ཁོར་ཡུག་ན་འགོས་ནད་བཞིན་ཁྱབ་ཀྱིན་པ་བློ་ལྡན་སུ་ཡིས་མི་ཚོར། དེའང་སྔོན་མ་ནི་གཞན་གྱིས་བཙན་ཤེད་ངང་བྲན་དུ་བཀོལ་བ་ཡིན་ལ་ཕྱི་མ་ནི་རང་གིས་དགའ་བཞིན་སྤྲོ་བཞིན་བྲན་དུ་ཁོལ་བ་ཡིན་ནོ། །

གཏན་ནས་གཏན་དུ་གཞན་གྱིས་བཀོལ་ཞིང་སྤྱོད་པ་ལ་གདམ་ག་མི་དབང་ཞིང་། མི་འདོད་བཞིན་དུ་སྡུག་ལས་སྣ་ཚོགས་པའི་འོབས་དོང་དུ་འཐིམས་པ་ནི་དུད་འགྲོ་ཕྱུགས་ཀྱི་འཚོ་སྟངས་ཡ་ང་བ་ཞིག་རེད། དེ་དང་བལྟོས་བཅས་ཀྱིས་བཤད་ན་འུ་ཅག་དལ་འབྱོར་གྱི་རྟེན་བཟང་བདག་གིར་བཞེས་པའི་འགྲོ་བ་མིའི་རིགས་ནི། རང་དབང་དང་བདེ་སྐྱིད་ཀྱི་དཔལ་ཡོན་ལ་ལོངས་སུ་སྤྱོད་མཁན་ཞིག་ཡིན་པ་སྨྲོས་ཅི་དགོས། འོན་ཏེ། དེང་གི་ཆར་མི་ཚེ་ཡི་ཁ་ཕྱོགས་དང་འཚོ་བ་ཡི་དོན་སྙིང་མཐའ་དག“ཕྱུགས”འགྱུར་གྱི་ལམ་བུར་བཅོལ་བའི་མི་བུའམ། མི་བུའི་གཟུགས་སུ་སྣང་བའི“ཕྱུགས”རྣམས་ཀྱིས་ནི། རྒྱུ་ནོར་དང་འབྱོར་ཕྱུག་གི་གནང་སྦྱིན་ལ་བྲན་གཤིས་ཀྱིས་ཕྱུག་པའི་ལག་ཟུང་བཟེད་ནས། གང་དེའི་བཀའ་བཀོད་དང་བཀོལ་སྤྱོད་ཀྱི་མཛུབ་མོའི་འོག་ཏུ་ཁྱི་བཞིན་འདུར་ལ་བོང་བུ་ལྟར་བསྲན། རྒྱུ་དང་ནོར་གྱི་བདག་པོར་གྱུར་པ་གང་དེའི་ཁ་ཚུགས་ངོ་མདོག་ལ་བསྟུན་ནས་སྐྱུག་བྲོ་བའི་གར་སྟབས་སྤྲེལ་བཞིན་འཁྲབ། ཡིད་སུན་པའི་གཡོ་རྫུ་ཝ་ལྟར་སྒྱུ། དེའང་ཡིན་ཏེ། རྒྱུ་ནོར་དང་དབང་ཐང་གི་ཕུགས་འདུན་སྐྱུག་བྲོ་བ་གང་ཞིག་ཁོག་ཏུ་ཉར་མཁན་ཚོས། རྒྱུ་འབྱོར་པ་ཅན་དང་། ཐོབ་གོ་ས་ཅན། མཐོ་ངོ་སོ་ཅན་དག་གི་མདུན་དུ་མགོ་སྒུར་སྒུར། ལྕེ་ནར་ནར། སྒྱིད་པ་ཞ་ཞ། སྐད་གཉོམ་གཉོམ། ཚིག་སྙན་སྙན་བྱས་ཏེ་ཕ་རོལ་པོའི་ས་ནས་ཟ་འཕྲོ་འཐུང་ལྷག་འདྲ་ཨེ་འཐོབ་ཀྱི་ཐབས་ལ་ཤ་ཐང་ཐང་དུ་བརྩོན་པས་མུ་ཏོ་བ་ཞིག་དང་གཉིས་སུ་མེད། འབྱོར་ལྡན་དང་དབང་ཆེན་ཚོའི་ཐུགས་མཉེས་པའི་ཉེར་བསྡོགས་སུ་སོང་ན་ནི། “རྒྱུགས་ཟེར་ན་གཤིན་རྗེའི་འཕྲང་དང་། རྒྱོབས་ཟེར་ན་ཨ་ཕའི་མགོ”ཡིན་ཡང་ཕྱི་བཤོལ་དང་ཐེ་ཚོམ་གྱི་སེམས་དང་བྲལ་བའི་མི་གཟུགས་དུད་འགྲོའི་གཤིས་སུ་གྲུབ་པ་གང་མང་མང་ཞིག་དེང་འདིར་ཁ་ཆར་བཞིན་འཚུབ་ཅིང་བུ་ཡུག་ལྟར་རྒོད། མདོར་ན། མི་དེ་རིགས་ནི་རྒྱུ་འབྱོར་དང་ཁེ་སྤོགས་ཀྱི་ཆེད་དུ་འབྱོར་ལྡན་དབང་ཆེན་ཚོའི་བྲན་དུ་ཁོལ་ཞིང་། དེ་དག་གི་བཀའ་བཀོད་དང་བཀོལ་སྤྱོད་ཀྱི་འོག་ཏུ། རང་ཉིད་ཀྱང་སྨྲ་ཤེས་དོན་གོ་བའི་དཔྱོད་ཤེས་ཀྱི་མི་བུ་ཞིག་ཡིན་པ་ཡེ་ནས་བརྗེད་པ་ལྟར། སུག་བཞི་ས་ལ་བཙུགས་ཏེ་ཕྱུགས་ཟོག་གི་བརྟུལ་ཞུགས་ཡོངས་སུ་ལེན་པར་བྱེད་དེ། “ཕྱུགས”འགྱུར་གྱི་ལམ་དུ་བགྲོད་པའི“ཕྱུགས”འགྱུར་བ་རྣམས་བདག་པོ་དང་ལྷན་དུ་དགའ་ཞིང་བདག་པོ་དང་ལྷན་དུ་སྐྱོའོ། ། དེའང་། རྒྱུ་ནོར་གྱི་ཆེད་དུ་རང་དབང་དང་རང་གཤིས། རང་ཚུགས་དང་རང་རྟོན་ཡོད་ཚད་རང་འགུལ་གྱིས་གཞི་མེད་དུ་བོར་བ་སྟེ། དེང་སྐབས་རང་རིགས་མང་པོ་ཞིག་སྒེར་གྱི་ཁེ་ཕན་དང་དངུལ་དངོས་འཐོབ་ཕྱིར་ཆེན་པོ་དང་མཐོན་པོ་ཚོའི་བྲན་དུ་རང་མོས་ཀྱིས་ཁོལ་ནས་དགའ་བཞིན་སྤྲོ་བཞིན་མཇུག་མ་མེད་པའི་ཁྱི་རྒན་ཞིག་ཏུ་བཅའ་བཞིན་པ་ལྟ་བུའོ། །

                                       གཉིས།  ཀླ་ཀློ་ཡིས་ཕྱུགས་སུ་འགྱུར་བ།

སྤྱིར་ཀླ་ཀློ་ཞེས་པ་ནི་ཤེས་རིག་མ་དར་བའམ་དམུ་རྒོད་ཀྱི་དོན་དུ་གོ་བ་ཡིན་ཏེ། དེའང་ཀླ་ཀློའི་དམག་དང་ཀླ་ཀློའི་ཡུལ་སོགས་འུ་ཅག་ལ་སྔར་ནས་གོམས་ཤིང་འདྲིས་པའི་ཐ་སྙད་རྙིང་པ་འདིར་བསྐྱར་འགྲེལ་དང་ཡང་འགྲེལ་བགྱི་བའི་དགོས་པ་དབེན་མོད། སྲིད་གསུམ་གྱི་ཁམས་འདི་ཤེས་རིག་དང་དཔལ་ཡོན་གྱིས་ཁ་ལོ་བསྒྱུར་བའི་དུས་རབས་ཉེར་གཅིག་པའི་སྐབས་འདིར་ཡང་ཀླ་ཀློ་དང་དམུ་རྒོད་ཅན་ཞིག་གང་ན་ཡོད་ཅེས་འགལ་འདུའི་ཕུང་པོར་འཛིན་མཁན་ཡང་ཡོད་སྲིད་ན། དེ་ནི་ཁྱེད་ཉིད་ཚིག་ངོས་ཙམ་གྱི་གོ་བ་དང་གཞུང་ལུགས་ཙམ་གྱི་བཙོན་རྭ་ལས་མ་ཐར་བས་གཟིགས་རྒྱ་དང་གསན་རྒྱ་ཆུང་ཐལ་བའི་སྐྱོན་འབའ་ཞིག་ལགས་ཞེས་ཞུ་རྒྱུ་ལས་ཐབས་གཞན་མེད། དེ་བས་ཤེས་རིག་དར་མ་དར་གྱི་ཚད་ཤིང་ནི་ཡུལ་དེར་ཤེས་རིག་གི་གཞུང་ལུགས་རི་བཞིན་བརྩེགས་རྒྱུ་ཡོད་མེད་དང་། དེ་འབྲེལ་གྱི་ལས་དོན་དང་ཐ་སྙད་འབེལ་པོ་ཞིག་མ་ཎི་ལྟར་བགྲང་རྒྱུ་ཡོད་མེད་ལ་ཁོ་ནར་འཇོག་ན་ནི་ཧ་ཅང་སླ་དྲགས་པ་རེད། དོན་དུ་མི་བུ་རང་ཚན་པ་རེ་རེའི་རྒྱུད་ལ་དཔྱོད་ཤེས་དང་ཡར་ཐོན་གྱི་འདུ་ཤེས་བཟང་པོ་ཞིག་ཡོངས་ཁྱབ་ཏུ་ཡོད་ན་ད་གཟོད་ཤེས་རིག་དར་བ་ཞེས་བརྗོད་ན་རུང་གི  དེ་མིན་ཐ་སྙད་ཀྱི་རྡོག་ཁྲིས་ལྕི་པོ་འདྲ་ཁུར་ནས་རང་སེམས་གསོ་བས་ནི་ཅི་ཡང་མི་ཕན། གོ་བདེ་བར་བཤད་ན་རང་སྒེར་བདེ་ཐབས་སྐྱིད་ཇུས་འབའ་ཞིག་གི་ཆེད་དུ་གཞན་གྱི་ཁེ་དབང་དང་རྩིས་ཐང་ལྷམ་མཐིལ་བཞིན་བརྫི་མཁན་གྱི་འགྲེང་གཟུགས་གང་མང་ཞིག་ཡོད་འདུག་པ་འདི་དག་ནི་ཤེས་རིག་དང་ཡར་ཐོན་གྱི་འདུ་ཤེས་དམན་པ་སྟེ་ཀླ་ཀློའི་དབང་གིས“ཕྱུགས”སུ་འགྱུར་བར་འདོད་དོ། །

“ཕྱུགས”འགྱུར་གྱི་ལམ་ལ་བསྐྱོད་པའི་སྐྱེ་བོ་མང་པོ་ཞིག་ནི་འདི་ལྟ་སྟེ། འབྱོར་ཕྱུག་དང་ཁེ་གྲགས་ཀྱི་ཕུགས་འདུན་རྫོབ་པོ་མངོན་འགྱུར་གྱི་ཆེད་དུ། ལས་ཀྱི་སྦྱོར་བ་ཐ་ཆད་གང་ཡང་འཛེམས་མེད་དུ་བསྒྲུབ་པར་བྱེད་ལ། ཐབས་ཀྱི་རྣམ་གྲངས་གཡང་ཟ་བ་ཐམས་ཅད་ལུ་གུ་རྒྱུད་དུ་སྤེལ་ངེས་པ་རེད། དེང་གི་ཆར་དེ་དང་དེ་འབྲེལ་གྱི་གནས་ཚུལ་སྣ་ཚོགས་པ་ཞིག་བརྙན་འཕྲིན་དང་གསར་ཤོག  རླུང་འཕྲིན་སོགས་ལས་ཆར་རྗེས་ཀྱི་ཤ་མོ་བཞིན་ཐོན་འོང་ལ། ངེད་ཅག་འཚོ་ཞིང་གནས་པའི་ཁོར་ཡུག་ཏུའང་མི་མང་ན་མི་ཉུང་བའི་ཚོད་རེད། རྒྱུ་འབྱོར་གྱི་ཆེད་དུ་བུ་ཕྲུག་གིས་ཕ་མ་བསད་པ། ཕ་མས་བུ་ཕྲུག་བཙོངས་པ། བུ་སྤུན་ཁྲིམས་རྭར་ཁ་མཆུ་ཐུག་པ། གོང་རིམ་ནས་ལྟ་སྒོ་དང་ཕྱོགས་ཞེན་བྱེད་པ། འོག་རིམ་ནས་ལྐོག་གཡོ་དང་ངན་ཇུས་བཤམས་པ། ཕན་ཚུན་ཤོག་སྒྲིག་དང་གཞོགས་ལངས་བྱེད་པ། མཛའ་བཤེས་ལ་མགོ་སྐོར་དང་བསླུ་བྲིད་བྱེད་པ། ཉམ་ཆུང་ལ་ཧམ་ཤེད་དང་བཙན་གནོན་བྱེད་པ་སོགས་བརྗོད་ཀྱིས་ག་ལ་ལང་། མདོར་ན། རྒྱུ་དང་འབྱོར་པ་འཐོབ་པའི་ཆེད་དུ། ཁྲེལ་དང་ངོ་ཚ་མི་ཤེས། ལས་དང་རྒྱུ་འབྲས་མི་བརྩི། མཐུན་དང་མཛའ་བཤེས་མི་དྲན། གཞན་ལ་བརྩི་འཇོག་དང་བསམ་ཤེས་བྱེད་པ་ལྟ་ཞོག  འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་རང་རྩིས་དང་རང་རྟོན་ཙམ་ཡང་མེད་པས་ན། མི་འདི་རིགས་ནི་ཀླ་ཀློའི་དབང་གིས“ཕྱུགས”སུ་འགྱུར་བ་ཡིན་ནོ། ། དེའང་། རྒྱུ་ནོར་གྱི་ཆེད་དུ་བརྩེ་བ་དང་སྙིང་རྗེ། དགེ་སྡིག་དང་སྤང་བླང་། རྩ་དོན་དང་འགན་འཁྲི་ཡོད་ཚད་རྩྭ་ལྟར་དོར་ནས་ཐབས་སྦྱོར་སྡུག་རིགས་ངན་ཚད་ལ་བརྩོན་པ་སྟེ། དེང་གི་ཆར་རང་རིགས་མང་པོ་ཞིག་གིས་དངུལ་ལོར་དང་ཁེ་ཕན་གྱི་ཆེད་དུ་གཞན་རྒྱུ་བརྐུ། རང་རིགས་བཙོངས། ཕ་མ་བརྡུངས། ཁྱིམ་ཚང་དཀྲུགས། མདོར་ན་ལས་ངན་གྱི་རིགས་སྣ་ཚོགས་པ་བྱས་དང་བྱེད་བཞིན་པ་འདི་དག་ལྟ་བུའོ། །

                                       གསུམ།  གླེན་ལྐུགས་ཀྱིས་ཕྱུགས་སུ་འགྱུར་བ།

དུད་འགྲོ་ནི་གླེན་ཞིང་ལྐུགས་པའི་སྒྲིབ་རྐྱེན་ལས་བཟའ་འཐུང་དང་མིག་མདུན་གྱི་བདེ་བས་ཇི་ལྟར་བསླུས་ཀྱང་དེ་ལྟར་འཁྲུལ་ལ། འཕྲལ་གྱི་ཁེ་ཕན་དང་བདེ་སྣང་གིས་བཟི་ནས་དགྲ་གཉེན་དང་བཟང་ངན་གྱི་ཤན་འབྱེད་པར་མི་ནུས་པས་སྙིང་རྗེ་བའི་ཡུལ་ཡིན། ང་ཚོ་འགྲོ་བ་མི་ཡི་རིགས་སུ་གཏོགས་པ་རྣམས་ནི་སེམས་ཅན་གཞན་ལ་བལྟོས་ན་བློ་རིག་གི་བང་མཛོད་དང་ཤེས་རིག་དང་རྣམ་དཔྱོད་ཀྱི་བདག་ཉིད་ལྟ་བུ་ཞིག་ཏུ་བཤད་ནའང་ཐལ་ཆ་མི་ཆེ་སྟེ། གནས་ཚུལ་དང་གནད་དོན་ཅི་ཞིག་ལ་འཕྲད་ཀྱང་བསམ་གཞིག་དང་རྟོག་དཔྱོད་སྟེན་ནུས་ཤིང་། ཐབས་ཤེས་ཟུང་འཇུག་གི་ལམ་ནས་ཐག་གཅོད་ཅིང་རྣམ་གཞག་བྱ་ཐུབ་པས། མཐོ་རིམ་གྱི་སྲོག་ཆགས་དང་དལ་འབྱོར་གྱི་མི་ལུས། དཔྱོད་ཤེས་ཀྱི་སྲོག་ཆགས་སོགས་ཀྱི་ཆོ་ལོ་ཆེན་པོ་དག་ཐོད་དུ་བཏེགས་ནས་ཀུན་གྱིས་ཡིན་མདོག་དང་ཆེ་མདོག་གིས་འགྱིང་ཡོད་པ་ཡིན་མོད། རྒྱུ་འབྱོར་དང་ཁེ་གྲགས་ཀྱིས་བསྐྲུན་པའི་འཇིག་རྟེན་ཡིད་དུ་འོང་བ་དེའི་བསླུ་བྲིད་དང་གཡོ་ཟོལ་གྱི་མདུན་དུ་དགྲ་གཉེན་གྱི་ངོས་མི་ཟིན། བཟང་ངན་གྱི་ཤན་མི་འབྱེད། སྤང་བླང་གི་མཚམས་མི་ཤེས་པར་དུས་དང་རྣམ་པ་ཀུན་ཏུ་མགོ་བོ་མགལ་མེ་ལྟར་འཁོར་ཞིང་སེམས་པ་རྨི་ལམ་ལྟར་བཟི་འདུག་མཁན་ནི་ཤིན་ཏུ་འབེལ་ཚོད་འདུག

མང་པོ་ཞིག་ནི་ནམ་རྒྱུན་རིག་པ་གསལ་མདོག་དང་རྟོགས་པ་ཟབ་མདོག་གིས་ཅི་ཞིག་ལ་བདེན་མིན་གྱི་རྣམ་གཞག་བྱ་བར་སྤྲོ་ཞིང་། གང་ཞིག་ལ་ལེགས་ཉེས་ཀྱི་ཁྱད་པར་འབྱེད་པར་མོས་ནའང་། རྒྱུ་ནོར་དང་ཁེ་ཕན་གྱི་ལོངས་སྤྱོད་མིག་ལ་སྡུག་པ་ཞིག་མདུན་དུ་མཆོད་པ་ལྟར་བཤམས་སྐབས་རྟོག་དཔྱོད་ཀྱི་རྣོ་ཁ་འཇའ་ལྟར་ཡལ། བསམ་གཞིག་གི་བང་བ་མཁའ་ལྟར་སྟོང་བར་གྱུར་ཏེ། གང་དེའི་བསླུ་བྲིད་དང་འཁྲབ་སྟོན་གྱིས་ཡོངས་སུ་བཟི་ནས་ལྐོག་གཡོ་དང་ཧམ་སེམས་ཀྱི་དམིགས་འདུན་ཡིད་སུན་པ་ཞིག་རྒྱབ་ལ་སྦས་ཡོད་པར་དོགས་སྣང་ཙམ་ཡང་ཡོང་གིན་མེད། དེའང་སྔར་ནས་ད་བར་ཆེན་པོ་དང་མཐོན་པོ་ཚོས་དངུལ་ལོར་དང་ཁེ་ཕན་གྱི་གནང་སྦྱིན་ཅུང་ཟད་རེ་ཁྱེར་ནས་ཉམ་ཆུང་བློ་རྟུལ་དག་གི་ཕ་གཞིས་ངོམས་མེད་དུ་བྲུས། མ་ནོར་རྨེག་མེད་དུ་སློག་སོང་བའི་བྱུང་བ་གང་མང་འདུག་ནའང་། ཅོལ་ཆུང་དག་ནི་ཕུགས་ཀྱི་གཏད་སོ་དང་གཏན་གྱི་འདུན་མ་སོགས་གལ་ཆེན་དོན་ཆེན་དག་གར་སོང་མི་ཚོར་བར། མིག་མདུན་གྱི་ཁེ་ཕན་དང་རྒྱུ་འབྱོར་འབའ་ཞིག་ལ་ཁ་གདང་མིག་བགྲད་ནས་འདུག་པ་འདིའང“ཕྱུགས”འགྱུར་གྱི་བརྒྱུད་རིམ་གཞན་ཞིག་ཏུ་ངེས་ཏེ། གླེན་ལྐུགས་ཀྱིས་ཕྱུགས་སུ་འགྱུར་བའོ། ། དེའང་། རྒྱུ་ནོར་གྱི་ཆེད་དུ་རྒྱུ་ནོར་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པའི་ཆོས་དང་ཆོས་ཅན་གང་མང་ཞིག་བོར་དང་འབོར་གྱིན་པ་མི་ཤེས་པ་སྟེ། དེང་གི་ཆར་རང་རིགས་མང་པོ་ཞིག་གིས་སྐབས་ཕྲལ་གྱི་ཁེ་ཕན་དང་འབྱོར་པའི་ཆེད་དུ་ཕ་སྐད་དང་མ་ཡིག་གིས་གཙོས་པའི་རིག་གནས་དང་ཤུལ་བཞག་གི་ནོར་བུ་གཙིགས་ཆེན་འདི་དག་ཡལ་བར་བོར་བཞིན་པ་ལྟ་བུའོ། །

མདོར་ན། དུས་རབས་ཀྱི་ཞབས་ཟུང་བྲེལ་པོ་མདུན་སྐྱོད་ཀྱི་གདང་བུ་ཉེར་གཅིག་པར་ཤུགས་ཀྱིས་སྤོས་པ་ན། གང་ཟག་སྤྱི་བོ་གནམ་བསྟན་ཡོད་ཚད་གཉིད་ལས་སད་པའམ་ཡང་ན་གཉིད་ཀྱིས་བཟི་བ་གང་ཡིན་ཆ་མ་འཚལ་མོད། ཅི་ཞིག་བོར་བརླག་ཏུ་སོང་བའི་དངོས་བདག་ཅིག་གམ་གང་ཞིག་འཐོབ་ཏུ་འདོད་པའི་རྐུན་ཇག་གི་ཚོགས་ཇི་བཞིན། ཕྱོགས་དང་ཕྱོགས་སུ་དོན་སྙིང་ཡོད་མེད་ཀྱི་ལས་དོན་གང་ཡང་རུང་བའི་ཟུར་སྣེ་ནས་འཇུས་ཏེ་འབད་ཅིང་བརྩོན་པའི་སྦྱོར་བ་ནི་སྐད་ཅིག་ཙམ་ལ་ཡང་དལ་བའི་གནས་མེད་ལ། དུས་དང་དུས་སུ་ཁ་ཕྱོགས་ཡོད་མེད་ཀྱི་མི་ཚེའི་འགྲུལ་བཞུད་རིང་མོ་བརྩམས་དང་རྩོམ་གྱིན་པའང་གྲངས་ཀྱིས་ག་ལ་ཟིན། འཇིག་རྟེན་འདི་སྣང་གི་ཆོས་ཀུན་བདེན་མེད་དུ་རྟོགས་ཤིང་དེ་ལས་བྱུང་བའི་བདེ་སྡུག་རྣམས་ཀྱང་རྩད་ནས་སྤངས་པའི་ཆོས་པ་དག་གི་སྤྱན་ལམ་དུ། འདི་ནི་འཇའ་ཚོན་ལ་སྦར་ཉུལ་བྱེད་པའི་བྱིས་བློ་ཞིག་གམ་སྨིག་རྒྱུ་ཆུ་རུ་སྣང་བའི་འཁྲུལ་ཤེས་ཤིག་ཏུ་དགོངས་ངེས་ནའང་། ཇི་སྐད་དུ། ༼འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས༽ཞེས་པ་ལྟར། དགའ་སྐྱོ་ཆགས་སྡང་གཤིས་སུ་གྲུབ་པའི་འཇིག་རྟེན་པ་དག་གི་ངོས་ནས་བཤད་ན། ཚེ་འདིའི་བྱ་གཞག་དང་ལས་དོན་གང་ཞིག་བསྒྲུབ་ལ་བརྩོན་པའི་སྦྱོར་བ་མི་ལྷོད་པ་བྱེད་རྒྱུ་ནི་མི་ཚེ་དོན་ཡོད་དུ་བྱ་བའི་ཐབས་ཕ་ལམ་ལྟ་བུ་མིན་ཞེས་སུ་ཞིག་གིས་བསྙོན་པར་ནུས།

སྤྱིར་གོང་དུ་སྨྲོས་པ་ལྟར་འཇིག་རྟེན་གྱི་སྤྲོ་གར་དང་སྐྱོ་གར་གང་ཡང་དགའ་བཞིན་སྤྲོ་བཞིན་དུ་ཕྲག་པར་ལེན་པའི་སྐྱེ་བོ་ཞིག་གི་ངོས་ནས་བཤད་ན་རང་གཞན་དང་ཕྱི་ནང་གི་མཚམས་ཐིག་གསལ་པོར་བགར་ཏེ། རྒྱལ་ཕམ་དང་ཐོབ་ཤོར་གྱི་རྣམ་གཞག་ཞིབ་ཏུ་འབྱེད་པ་ནི་འོས་ཤིང་འཚམ་པ་ཡིན་པས། ཕྱུག་འགྱུར་གྱི་རྨི་ལམ་སྦྲུམ་པའི་མི་བུ་ཐ་དག་ལ་ངན་པ་དང་ཐ་ཤལ་གྱི་མིང་གིས་བཏགས་ཤིང་། དམའ་འབེབས་དང་སྐྱོན་འདོགས་བགྱི་བའི་རྒྱུ་མཚན་གང་ཡང་མི་འདུག་མོད། རྒྱུ་འབྱོར་དང་དངུལ་དངོས་འཐོབ་རྒྱུའི་རེ་སྙེག་འབའ་ཞིག་ཡིད་ལ་བརྣགས་ཏེ། རང་རྩིས་དང་རང་ཚུགས་མེད་ཅིང་གཞན་གྱི་ཡོད་ཚད་ལ་རྡོག་རོལ་བྱེད་པར་བག་མི་ཚ་བ་སྟེ། མི་ལུས་རིན་པོ་ཆེ་རྒྱུ་ནོར་གྱི་བྲན་དུ་ཁོལ་བའི་སྣང་ཚུལ་སྐྱུག་བྲོ་བ་ཞིག་ཡོངས་ཁྱབ་ཏུ་སྣང་བས། དགུན་གྱི་ཁུ་བྱུག་བཞིན་མི་སྨྲའི་བརྟུལ་ཞུགས་དང་དུ་ལེན་པའི“ཁོག་རྒྱ”དེ་འདྲ་ནི་བདག་ལ་ཡེ་ནས་མེད་པས། ཅི་དྲན་གང་དྲན་གྱི་སེམས་འགྱུར་ཐར་ཐོར་དག་དཀྱུས་སུ་སྤུངས་པ་ལགས་ན། རྒྱུ་འབྱོར་གྱི་རྗེས་སུ་ཤ་ཐང་ཐང་ལ་འདུར་བའི་སྐྱེ་བོ་དག“ཕྱུགས”འགྱུར་གྱི་གོལ་ལམ་དུ་མི་འཕྱན་པའི་དྲན་གསོ་ཙམ་བྱུང་ན་ནི་ལས་ཀྱི་སྦྱོར་བ་འདི་ཀོ་བརྩམས་པའི་རེ་འདོད་ཀྱང་གྲུབ་སོང་བ་ཡིན་ནོ། །

 

                                                                   རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།