གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷུག་རྩོམ་རིང་མོ། དབུས་མཇལ་ཟིན་ཐོ་ལྕགས་ཐག་མ།

2016-12-24 10:13:25 འཆིང་གྲོལ། ཀློག་གྲངས། མཆན ཡོད།

            
དང་བོ། ད་ནངས་ཆུ་ཚོད་དགུ་དང་སྐར་མ་བཞི་བཅུའི་ཐོག་ཨ་མཆོག་རྩྭ་ཐང་ནས་ལྕགས་བྱར་བསྡད་དེ་ལྷ་སའི་ཕྱོགས་སུ་འཕུར།  སྤྱིར་ན་ཉིན་གུང་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་སྟེང་གོང་དཀར་གནམ་ཐང་དུ་འབྱོར་ཐུབ་མོད། རྐྱེན་དབང་གིས་འབབ་ས་མ་རྙེད་པས་སྐར་མ་ཉི་ཤུར་བར་སྣང་ནས་ལྡིང་སྐོར་རྒྱག་དགོས་བྱུང་སོང་ཞེས་རྒྱང་སྒྲོག་ལས་བསྒྲགས། དེ་ལྟ་ན་ཆུ་ཚོད་བཅུ་གཉིས་ཏག་ཏག་ལ་བདེ་བར་ལྷ་སའི་གནམ་ཐང་དུ་འབྱོར།  ལྕགས་བྱ་ལས་བབས་ནས་ཡུད་ཙམ་རིང་ཅ་དངོས་ལ་སྒུག་ཅིང་། དེ་ནས་ཅ་དངོས་དག་དྲུད་ནས་ཐོན་སྒོ་ལ་སོང་།  སྒོ་ཁར་འགྲུལ་བ་དག་ལས་བོད་མི་དག་ཆེད་དམིགས་ཀྱིས་ལོགས་སུ་བཀར་ཅིང་།  དེ་ནི་འགོས་ནད་ཕོག་པའི་ལུག་དག་ལུག་ཁྱུ་ལས་བཀར་བ་དང་ཡང་འདྲ་བོ་འདུག  །དེ་ནས་བོད་མི་དག་འགྲོ་ལུགས་སྒྲུབ་ས་གཞན་ཞིག་ཏུ་ཁྲིད་ཅིང་། སྡོད་དམངས་ལག་འཁྱེར་དང་གནང་ཞུའི་ཡི་གེ་སོགས་རེ་རེ་བཞིན་བསྟན་རྗེས། གྲྭ་བ་རྣམས་ལོགས་སུ་བཀར།  གནས་ཚུལ་རེ་ཟུང་ལ་ལན་བཏབ།  གྲྭ་བ་ཞིག་དེར་མ་ཡོང་བར་གཞན་ཞིག་ན་བསྡད་ཡོད་པ་ལ་སྙིང་ལ་གཟན་པའི་སྐད་ཀྱིས་འབོད་པར་བྱེད། མ་གོ་བས་ཁྱོད་ཀྱིས་ཁྲིད་ཤོག་ཟེར། ང་འགྲོ་མི་ཐུབ།  རང་གིས་བོས། ངའི་ཡི་གེ་མྱུར་མོར་བྱིན་ཞེས་བཤད་པས་སྡང་མིག་སོགས་ཉོས།  ཉ་ཉོག་དག་གྲུབ་རྗེས་སྒོར་བུད། བོད་ཀྱི་གླ་གཏོང་ཁ་ལོ་བ་དང་མགྲོན་ཁང་བདག་པོ་དག་གིས་རྒྱང་རིང་ནས་འབོད། ཧེ་ཧེ་དག་གིས་འབྲོག་པ་དག་གི་ལག་ནས་པགས་པ་ཉོ་བ་དང་འདྲ་བོ་འདུག  །ཁོ་ཚོར་བོད་སེམས་བོད་ཅེས་པ་ཞིག་མེད། བོད་ཅིག་རིག་དུས་ཞི་ལས་ཙི་གུ་མཐོང་བ་བཞིན་ཧམ་སེམས་དང་བཅས་མགོ་གཡོག་ཨེ་ཐུབ་ལ་འབད། ང་ལ་དེར་ཉམས་མྱོང་ཡོད་པས་སུན་སྣང་གི་རྣམ་འགྱུར་མཐའ་གཅིག་ཏུ་བསྟན། དེ་མཐོང་བས་ལོས་ཡིན་ཕར་འདྲུད་ཚུར་འཐེན་བྱེད་མཁན་རེ་གཉིས་ལས་མ་བྱུང་།  ཁོ་ཚོས་འགྲུལ་བ་བརྩད་ནས་ངོ་མདངས་འགྱུར་བཞིན་འདུག །ཁ་རྩོད་ཤོར་བཞིན་འདུག  །ཆེས་སུན་སའང་དེ་རེད། དེས་ལོ་ངོ་བཅུ་ཕྲག་ཡར་སྔོན་གྱི་དོན་ཞིག་དྲན་དུ་བཅུག་མོད་དེ་གླེང་མི་འདོད། དེ་ནས་འགྲུལ་འཁོར་གོང་ཆེས་སླ་ཤོས་དེར་བསྡད་ནས་ལྷ་སར་སྐྱོད། ཆུ་ཚོད་གཅིག་ལས་བརྒལ་བར་བསྐྱོད་རྗེས་གཞི་ནས་པོ་ཏ་ལའི་རྒྱ་ཕིབས་དང་གསེར་ཏོག་མཐོང་། སྒྱིད་ལུག་གིས་གཡོ་བཞིན་པའི་དར་ཆ་དམར་བོ་དེའང་མཐོང་། གདང་ལའི་ས་མཐོ་ད་བཟོད་བྱུང་བ་ཨེ་ཡིན་ནམ། གློ་བུར་མགོ་བོ་ན་ཙམ་བྱུང་།  དེ་ནས་མགྲོན་ཁང་བཙལ། རིན་གོང་ཡ་མཚན་མཐོ་ནའང་ནང་དུ་སོང་ན་རྣམ་རྟོག་སྐྱེ་བ་དེ་འདྲ་འདུག །ད་དུང་བོད་ཡིན་པས་རིན་གོང་བདེ་མོ་བྱས་ཡོད་ཟེར་མཁན་ཀྱང་འདུག །མཐར་མགྲོན་ཁང་ཞིག་ཏུ་འདུག་རྩིས་བྱས་པར་ཡི་གེ་ཁྱེར་ཤོག་ཟེར། བསྟན་པ་ན་སྟེང་གི་ཐམ་ག་ཚང་མི་འདུག་ཟེར།  ཐམ་ག་དེ་གཉིས་ཀྱི་ཆེད་དུ་ཕྱོགས་གཉིས་ལ་རྒྱུག  །ཉ་ཉོག་མང་བོ་ཞིག་བསྟན་རྗེས་ཐམ་ག་བྱ་རྟུག་འདྲ་བ་ཞིག་བརྒྱབ། ཐམ་ག་གཞན་དེའི་ཆེད་དུ་སྤྱི་བདེ་ཁང་ཞིག་ལ་སོང་། ལམ་བར་དུ་ཉེས་ཅན་ཞིག་སླེབས་པ་ནང་བཞིན་འགོག་མི་མང་ཙམ་བྱུང་། དེར་ལས་མི་སྣ་ཚོགས་མཐོང་། ཚིག་འཇམ་གཅིག་གིས་སེམས་པར་དྲོད་སྐྱིལ་མཁན་དང་། བྱ་སྤྱོད་གཅིག་གིས་སེམས་པར་ཆུ་ལྡུག་མཁན་དེ་འདྲ་དུས་གཅིག་ཏུ་མཐོང་། ལོས་ཡིན་ལྷ་ཡོད་ས་ན་འདྲེ་ཡང་ངེས་པར་ཡོད་པར་བཤད། ཐམ་ག་དེ་སྡུག་པོ་དེ་ཙམ་མྱོང་མ་དགོས་པར་ཐོབ། ཕྱིར་ཡོང་བ་ན་ད་བཟོད་གསེར་རྡོག་ཅིག་རྙེད་པ་ནང་བཞིན་མགྲོན་ཁང་དུ་སྡོད་དུ་བཅུག །ནུབ་འཚལ་འཐུང་རྗེས་དྲན་པ་མག་མོག་ལ་བརྟེན་ནས་དྲན་ངོས་ཀྱི་གནས་འགའ་འཚོལ་བར་ཕྱིན། གཅིག་མ་གཏོགས་རེ་རེ་བཞིན་རྙེད། དེ་ནས་རྣམ་པ་ཆུང་ནའང་ཤོང་ཚད་ཆེ་བའི་སྲང་ལམ་ཀྱག་ཀྱོག་དག་བརྒྱུད་ནས་ཕྱིར་ལམ་སྙེག །གོ་ཐོས་སུ་ཞོ་སྟོན་ལ་ཁེལ་བས་ཉིན་འགའི་རིང་ཇོ་བོར་མཇལ་མི་ཐུབ་ཟེར། མི་བདེན་པར་སྨོན། སང་ཞོགས་སྔ་མོར་ལངས་ནས་ཇོ་མཇལ་ལེན་དུ་འགྲོ་དགོས། འདི་ཕལ་ཆེར་མི་ཚེ་འདིའི་ཇོ་མཇལ་བདུན་པ་ཨེ་ཡིན་ནམ་སྙམ། གང་ལྟར་ལྷ་སར་ཡོང་ཐེངས་གསུམ་པ་ཡིན།

གཉིས་པ། ད་ནངས་ཆུ་ཚོད་དྲུག་པ་ནས་ཞོགས་ཇ་འཐུང་རྗེས་ཇོ་མཇལ་ལེན་པར་རྒྱུག །ཇོ་ཁང་མདུན་དུ་མི་མང་བོ་བསྟར་འདུག་པ་བཞིན་དེར་སྒུག །ཡུལ་ཕྱོགས་ཀྱི་མི་རེ་ཟུང་ལའང་མཇལ། ཞལ་གསེར་འབུལ་མཁན་རྣམས་སྒོ་གཞན་པ་ཞིག་ལ་ཚོགས་འདུག་པ་དེར་སོང་།  ཆུ་ཚོད་བརྒྱད་དང་ཕྱེད་ཀར་ཉེ་བ་ན་ད་བཟོད་སྒོ་ཕྱེས། ལ་ལས་ཉིན་འགའ་ལ་ཞལ་གསེར་འབུལ་མི་ཐུབ་ཟེར།  ལ་ལས་ད་སོང་ནས་ད་འབུལ་ཆོག་ཟེར། གོམ་པ་འགའི་བར་ཐག་ལས་མེད་པའི་ལས་མི་དག་གིས་སྐད་ཆ་མི་མཐུན་པ་དེ་འདྲ་ལབ། ཐོག་ཁར་སོངས་ལ་དྲིས་ཤིག་ཟེར་མཁན་དེའི་ངག་བཞིན་སོང་བ་ན་གསེར་ཉོ་རྒྱུ་རེག །སྤྱིར་ངོ་མི་ཤེས་མོད་ཞལ་གསེར་འབུལ་ཕྱིར་མཉམ་དུ་འཛོམས་པའི་མི་འགར་ཞལ་གསེར་འབུལ་ཐུབ་ཚུལ་གྱི་བརྡ་གཏོང་བར་ཡར་མར་རྒྱུག །ལ་ལ་རྙེད་ནས་སྐད་འཕྲོད། ལ་ལ་མ་རྙེད། དེ་དག་གིས་དེ་རིང་འབུལ་ཐུབ་ཡོད་པར་སྨོན། ཞལ་གསེར་འབུལ་མཁན་མང་ཆེ་བ་ཨ་མདོ་བ་ཡིན་པ་འདྲ། ཨ་མདོ་བ་འགའ་ལ་དེར་ཐུག །གསེར་ཉོས་ནས་སོང་བ་ན་ཇོ་བོ་ར་མ་རྒྱལ་མོའི་མདུན་ཐད་དེར་གསེར་སྦྱོང་དགོས་ཟེར། དེར་སྦྱོང་དུ་བཅུག་པར་སྦྱངས་ནས་རྟེན་སྐལ་དང་བཅས་ཕྱིར་བྱིན།  དེ་ཁྱེར་ནས་སོང་བ་ན་ཞལ་གསེར་འབུལ་མཁན་གྱིས་དེ་མ་ཐག་ཕུལ། སེམས་སུ་ཅི་ཞིག་ཐོབ་སོང་བ་བཞིན་དགའ་སྣང་འདྲ་སྐྱེས།  བླ་མ་དམ་པ་དག་གི་སྐུ་ཚེ་ཞབས་པད་བརྟན་པ་དང་། ཕ་མ་སེམས་ཅན་དག་བདེ་དང་ལྡན་པའི་སྨོན་ལམ་རབ་རིབ་རེ་ཡང་འདེབས་ཁུལ་བྱས། སེམས་ཀྱི་ལོངས་སྤྱོད་ནི་ལོངས་སྤྱོད་གཞན་གང་གིས་ཀྱང་འགྲན་མི་བཟོད་པ་ཞིག་རེད། དེ་ནི་མཇལ་བ་ཞིག་དང་ལྗོངས་རྒྱུ་བ་ཞིག་གི་ཁྱད་པར་ཀྱང་ཡིན་པ་འདྲ། མགོ་སྒུར་བ་དང་ཕྱག་འབུལ་བ་དང་སྨོན་ལམ་འདེབས་པ་སོགས་ནི་ལམ་འགྲོ་བ་རྐྱང་རྐྱང་ཚོས་ཧ་གོ་ཐབས་མེད་པའི་རྣམ་འགྱུར་ཞིག་ཡིན་པ་འདྲ། ཧ་ལས་པའི་རྣམ་འགྱུར་གྱིས་དྲི་བ་སྣ་ཚོགས་འདྲི། ཞལ་གསེར་ཕུལ་གྲུབ་རྗེས།  སླར་ཡང་མཆོད་མཇལ་བ་དག་གི་བསྟར་ཕྲེང་དུ་ཞུགས་ནས་རྫོགས་པར་མཇལ།  སྔར་རྟེན་བཤད་ཐར་ཐོར་རེ་ཐོས་མྱོང་བ་དག་གྲོགས་པོར་ཡང་མཚམས་སྦྱར། རྒྱུད་སྟོད་སྨད་དང་པོ་ཏ་ལ་སོགས་སུའང་མཇལ།  དཔལ་ལྡན་རྒྱུད་སྨད་ནི་རྗེ་ཙོང་ཁ་བའི་དངོས་སློབ་རྗེ་ཤེས་རབ་སེང་གེས་བཏབ། སྔར་རྒྱུད་གྲྭ་དེ་ཉིད་སེར་འབྲས་དགེ་གསུམ་སོགས་སུ་རེས་མོས་ཀྱིས་ཕེབས་ནས་འཆད་ཉན་བསྐྱངས་ཏེ་གནས་ལ་ངེས་པ་མེད་ཀྱང་། ཕྱིས་ག་ཤེད་ཅིག་ལ་ད་ལྟའི་གནས་འདིར་གཏན་ཆགས་པ་བྱུང་།  རྗེ་ཤེས་རབ་སེང་གེས་སྔགས་ཀྱི་བདག་པོ་མཛད་རྒྱུའི་དམ་བཅའ་ཞལ་གྱིས་བཞེས་ནས། འཁོར་ཚོགས་ཀྱི་རྒྱ་མཚོའི་དབུས་སུ་རྗེ་བླ་མའི་ཕྱག་དཔེ་བདག་ཏུ་མཛད་ཚུལ་ལ་ལུས་ངག་ཡིད་གསུམ་གྱི་འདུད་པ་ཡང་ཡང་བྱས།  རྒྱུད་སྟོད་པ་ནི་དེང་གི་ར་མོ་ཆེ་ཡིན།  སྔར་རྗེ་ཀུན་དགའ་དོན་གྲུབ་ཀྱིས་དབུས་སྟོད་དུ་རྒྱུད་གྲྭ་བཙུགས།  ཕྱིས་ལྷ་སར་ཆུ་ལོག་གི་འཇིགས་པ་བྱུང་བ་ལ། སྡེ་བ་སྐྱིད་ཤོད་པས་རྗེ་ཀུན་དགའ་དོན་འགྲུབ་གཙོས་པའི་འདུས་སྡེ་སྐུ་རིམ་དུ་གདན་དྲངས།  འཇིགས་བྱེད་དང་ཁྲོ་བཅུའི་སྲུང་བ་བྱས་ནས་ཆུ་ལོག་རང་སར་ཞི།  དེའི་བཀའ་དྲིན་ལེགས་འབུལ་དུ་ར་མོ་ཆེའི་གཙུག་ལག་ཁང་རྟེན་དང་བརྟེན་པ་རྒྱུད་སྟོད་གྲྭ་ཚང་ལ་འབུལ་སྦྱོར་མཛད། དེ་ནས་བཟུང་ར་མོ་ཆེ་འདི་རྒྱུད་སྟོད་གྲྭ་ཚང་དུ་གྱུར།   པོ་ཏ་ལར་མཇལ་དུས་སྔར་སྐྱེས་མྱོང་བའི་ང་རྒྱལ་དེ་ཡང་བསྐྱར་སྐྱེས། ང་རྒྱལ་གྱི་མགོ་གནོན་ཅི་ཐུབ་བྱས་ནའང་ཐེམ་པ་རེ་རེས་མགོ་བོ་དགྱེ་ཞིག་ཅེས་བསྐུལ་བ་འདྲ། བོད་མོ་སྣེ་ཤན་པ་ཞིག་གིས། ཁྱོད་རང་པོ་ཏ་ལར་མཇལ་དུས་འདིར་ཆེས་རིན་ཐང་མེད་པ་ནི་གསེར་ཡིན། ཞེས་པའི་ཚིག་དེ་བློ་ཡི་གཏིང་ལ་བབས། བདེན་པ་ལའང་སྙམ་དུ་ཡང་ཡང་ཡིད་ལ་འཁོར།  ཡང་སྣེ་ཤན་པ་ཞིག་གིས་རྒྱ་མི་འགར། ཁྱོད་ཚོས་བོད་མི་དག་གིས་པོ་ཏ་ལའི་འཛིན་བྱང་ཉོ་དུས་སྒོར་གཅིག་རེ་ཡིན་པའི་རྒྱུ་མཚན་ཤེས་སམ་ཟེར། ཁ་རོག་གེར་བསྡད་པ་ལ། དེ་ནི་པོ་ཏ་ལའི་རྡོ་སྐས་འདི་དག་བོད་མི་ཚོས་རྡོ་བ་རེ་རེ་བཞིན་བྱས་ནས་ཁུར་ཏེ་བརྩིགས་པས་རེད་ཟེར། ཧེ་ཧེ། དེས་ན་སྒོར་མོ་གཅིག་ཀྱང་མ་བླངས་ན་འགྲིག་པ་ལ་ཨང་།  ནོར་བུ་གླིང་གར་མཇལ།  རྟག་བརྟན་མི་འགྱུར་ཕོ་བྲང་ནི་མེ་ཏོག་མང་བོས་བསྐོར་བའི་ཕོ་བྲང་འཁྱགས་པ་ཞིག་ཏུ་མཐོང་། ཕོ་བྲང་ཕྱི་རོལ་གྱི་གནའ་བོའི་གླུ་གཞིས་དེ་དག་གིས་ཕོ་བྲང་འདི་དག་དུས་ཚོད་ག་ཚོད་ཅིག་ལ་བསྲུང་ཐུབ་བམ།  མི་མང་བོ་མཉམ་དུ་འཛོམས་ནས་གླིང་ག་གཏོང་བཞིན་པའི་རྣམ་པ་དེ་ཤིན་ཏུ་ཡག །ལྷ་མོ་ཚོགས་པས་གྲུབ་ཆེན་ཐང་སྟོང་རྒྱལ་བོའི་སྐུ་ཐང་ཞིག་བཤམས་ནས་ཟློས་གར་གྱི་ཆར་བ་ཕབ། གྲུབ་ཆེན་གྱི་སྨ་ར་དཀར་པོ་དེ་ག་ནང་བཞིན་གྱི་ཟློས་གར་རྒས་པོ་འདི་དག་དུས་རྟག་ཏུ་གངས་རིའི་ལྗོངས་སུ་མི་ནུབ་པར་གྱུར་ཅིག །གློ་བུར་བའི་སྨོན་ལམ་དེ་འདྲ་ཡང་ཤོར།  ལྕགས་པོ་རི་ལ་མཇལ། རྡོ་བརྐོས་ཀྱི་ཡིག་དྲུག་དང་ས་ཏྭ་སོགས་བླུས།  རྡོ་བཟོ་བའི་རེ་བ་བཞིན་རྡོ་བརྐོས་ཀྱི་ཕུང་བོར་རབ་གནས་བྱས།  འབུལ་བའང་བླངས། ཧེ་ཧེ།   མ་སྐྱེས་ཨ་མའི་ཇ་ཁང་དུ་ནུབ་འཚལ་འཐུང་བར་སོང་།  གནའ་བོའི་མགུར་ལ་དེང་གི་སྒྲུང་སྦྱར་བའི་བཤད་ཚུལ་མཐོང་།  ཕྱི་རོལ་དུ་གློ་བུར་བའི་ཆར་བ་བབས་པ་དེ་སྐབས་དེའི་ངའི་ནང་སེམས་ཀྱི་རི་མོ་ཨེ་ཡིན་ནམ།  "མ་སྐྱེས་ཨ་མའི་ཉི་སྟེགས་སུ་བསྡད་པ་ན། ད་བཟོད་པོ་ཏ་ལའི་གསེར་ཏོག་མཐོང་མི་ཐུབ་པ་ཚོར་བྱུང་། དེ་ཡང་ལོས་ཡིན་ཏེ།  མ་གཞི་ནས་ཁ་ཕྱོགས་ནོར་ཡོད་པས་སོ། །" ཞེས་པའི་ཡི་གེ་ཁོ་ཚོའི་སྐད་འཇོག་དེབ་ཏུ་བྲིས།  སྐད་གདངས་གཅིག་པའི་ཞབས་ཞུ་བ་ཚོས་སྙིང་ཉེ་བའི་རྣམ་འགྱུར་བསྟན་པ་བཞིན་དོན་དུའང་སྙིང་ཉེ་བའི་ཚོར་བ་བྱུང་། མཚམས་སྦྱར་བའི་ཟ་མ་དག་དངོས་གནས་ཞིམ་པོ་འདུག  ཐུགས་རྗེ་ཆེ།
སྒོར་བུད་ནས་ཇོ་ཁང་མདུན་ཐད་ལ་སོང་།  དགེ་འདུན་པ་འགས་མཉམ་དུ་བཟང་སྤྱོད་སོགས་གསུང་བཞིན་པར་ཁེལ་བས་འདོན་ཤེས་པ་རྣམས་བཏོན། གློ་བུར་དུ་འབྲུག་ལྡིར་བ་སོགས་བྱས་པས་རྟབ་རྟབ་པོར་ཕྱིར་མགྲོན་ཁང་སྙེག ། སང་ཞོགས་གཞིས་རྩེའི་ཕྱོགས་སུ་འགྲོ་དགོས།  ཁ་སང་གྲོགས་པོ་དག་གིས་ཞལ་དྲོའི་སྨོན་འདུན་ཞུས་པ་བཞིན་དེ་རིང་མཆོད་མཇལ་ཡག་པོ་བྱུང་། སང་ཉིན་ཀྱང་དེ་བཞིན་ཡོང་བར་སྨོན།

གསུམ་པ། ད་ནངས་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ནས་ལངས་ཏེ། མགྲོན་ཁང་སློག་རྗེས་དངོས་པོ་ཙག་ཙིག་རྣམས་དེར་བཅོལ་ནས་འགྲོ་བར་བརྩམས་པ་ན།  མགྲོན་བདག་གིས་འདིའི་ནང་དུ་ཟ་མ་ཡོད་དམ། འདིར་ཙི་གུ་མང་བོ་ཡོད་ཟེར། མེད་ཅེས་བཤད་ནས་སྒོར་བུད། ཕྱིར་སོང་དུས་མར་ཆུར་རྩམ་གསུམ་སོགས་བདེ་འཚམས་ཡིན་པར་སྨོན། མེ་འཁོར་ས་ཚུགས་སུ་ཆས་པའི་ལམ་བར་དུ་ཆར་བ་བྱོ་བཞིན་འདུག །ས་ཚུགས་ཀྱི་ཐང་ཆེན་བརྒྱུད་ནས་འགྲོ་དུས་ཆར་ཆུ་ལྷམ་ནང་དུ་ལྡུག་ལ་ཁད་ཅིག་བྱས། ས་ཚུགས་སུ་ཞོགས་ཇ་འཐུང་། ཆུ་ཚོད་བརྒྱད་དང་ཕྱེད་ཀ་ནས་མེ་འཁོར་གཞི་ནས་ལམ་ལ་ཆས། འདུག་རོགས་སུ་གཞིས་ཀ་རྩེའི་མི་ཕོ་རལ་བ་དང་རྣ་ལུང་ཅན་ཞིག་ཁེལ། སྐབས་རེར་ཁ་བརྡའང་ཉུང་ཙམ་རེ་བྱས།  བོད་སྐད་ཀྱིས་བརྡ་མི་འཕྲོད་དུས་རྒྱ་སྐད་བཤད་དགོས་པ་ནི་མི་ཚེ་འདིའི་ནོངས་འགྱོད་ཅིག་ཏུ་འདོད། ལམ་དུ་སྙེ་མོ་དང་རིན་སྤུངས་སོགས་རེད་ཟེར་ནས་ས་ཆ་རེ་སྟོན་པར་བྱེད། ཡར་ཀླུང་གཙང་པོ་འདི་རེད་སོགས་ཀྱང་སྨྲ།  ལྷ་ས་ནས་ས་སྐྱའི་བར་གྱི་གཞུང་ལམ་གཡས་གཡོན་གྱི་རི་ངོས་དག་ཕལ་ཆེར་ས་གཤིས་དང་ཆགས་དབྱིབས་གཅིག་ཏུ་འདོད། ནགས་དང་རྩྭ་ཡག་པོ་མེད་པ་གཅིག་མཚུངས་ལ། ནོར་ལུག་དང་རི་དྭགས་ཀྱིས་སྟོང་བའང་མཉམ་པོར་འདུག །བྲག་དང་གད་པ་གཅེར་བུ་དག་ནི་ཁ་སང་སོ་མར་ཆུ་ནང་ནས་ཡར་འཕགས་པ་ཨེ་ཡིན་ནམ་སྙམ་པར་བྱེད། མཚམས་རེར་སེར་ལམ་ལམ་གྱི་ཞིང་ཚིགས་དང་གཙང་བོས་ཁྱབ་པའི་ན་གཞུང་དག་མཐོང་དུས། སྨྲ་མི་ཤེས་པའི་སྐྱིད་སྣང་འདྲ་ཡང་སྐྱེ། ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཡས་མས་སུ་གཞིས་རྩེར་འབྱོར། དེ་ནས་ཐད་ཀར་བཀྲ་ཤིས་ལྷུན་པོར་ཆས། བྱམས་ཆེན་དང་གསེར་གདུང་སོགས་ལ་མཇལ།  དཀོར་གཉེར་གྱིས་ཨ་མདོ་ནས་ཡོང་ན་གནང་ཞུའི་ཡི་གེ་དགོས་མིན་དང་ལམ་བར་ནས་ཞིབ་བཤེེར་མྱོང་དགོས་མིན་འདྲི། བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་འདུ་ཁང་གི་བཀོད་པ་ནི་གང་དུའང་མཐོང་མ་མྱོང་བ་ཞིག་འདུག །ཁྲི་ཆེན་རྒྱག་ཚུལ་དང་གྲལ་ཁྲི་བཞུགས་གདན་དག་ཀྱང་གཞན་དང་མི་འདྲ་བ་ཞིག་འདུག །ལྡེབས་རིས་དང་དྲི་གཙང་ཁང་སོགས་ནི་དེ་བས་ཀྱང་ངོ་། །སྒོ་དང་དྲ་མའི་འགྲམ་དུ་བསམ་གཟས་ནས་སྣུམ་བྱུགས་པ་ཨེ་ཡིན་ནམ་སྙམ་པར་བྱེད། ནག་ཅིང་མཐུག་པ་དེ་འདྲ་འདུག །གང་ཡིན་སར་སྣུམ་ཤིག་གེར་འདུག །རྡོ་གཅལ་ཕལ་ཆེ་བ་གཡུ་ལྟ་བུ་ཞིག་ཏུ་འདུག །སྔོན་གྱི་ཡིག་ཆ་སོགས་སུ་དབང་སྔོན་གྱི་ས་གཞི་ཞེས་བྲིས་ཡོད་པའང་འདི་འདྲ་ལ་ཟེར་བ་ཨེ་ཡིན་ནམ་སྙམ། གསེར་གདུང་ཁང་དུ་འཛུལ་བའི་སྒོ་ཁྱམས་སུ་ཆུ་ཡི་ཆག་ཆག་བཏབ་པ་ལྟ་བུ་ཞིག་འདུག །མཛུབ་མོས་རེག་ནས་ལྟ་དུས་སྣུམ་ཡིན་པ་ཤེས། དེ་ལྟ་བུའི་སྣང་ཚུལ་གཞན་དུའང་འདུག་པས། དེའི་དགེ་འདུན་པ་ཞིག་ལ་དྲིས་པར་ཟས་གཡོ་བྱེད་ཀྱི་སྣུམ་གཏོར་བ་རེད་ཟེར།  བཀྲ་ཤིས་ལྷུན་པོའི་པར་ཁང་དུ་དོན་དག་རེ་ཡོད་པས་བཙལ་བ་ན། དེ་རིང་གཟའ་ཉི་མ་ཡིན་པས་སྒོ་མི་འབྱེད་ཟེར། མཆོད་མཇལ་རྫོགས་རྗེས་མར་བབས། སྔར་དགའ་ལྡན་ནས་རྒྱལ་བ་དགེ་འདུན་གྲུབ་པ་མཆོག་དགའ་ལྡན་གསེར་ཁྲིར་ཕེབས་དགོས་ཚུལ་གྱི་གཏམ་ཞུ་བ་བོ་མངགས་པ་བཀྲ་ཤིས་ལྷུན་པོར་འབྱོར་བར།  ཁོང་གིས་ཁོ་བོ་དགྲ་ཡུལ་དུ་དགྲ་མཁར་བརྩིག་དགོས་པ་ཡོད་པས་འདི་ཁ་རང་དུ་རྗེའི་བསྟན་པ་འཛིན་པ་ཡིན་ཞེས་གསུངས་པ་ཡང་ཡང་ཡིད་ལ་འཁོར་ཞིང་། ཁོང་གི་ཐུགས་དགོངས་བཞིན་གདན་ས་འདི་ཉིད་ཀྱིས་རྗེའི་བསྟན་པ་ཕྱོགས་མཐར་སྤེལ་བའི་མཛད་རྗེས་དེ་ནམ་ཡང་བསུབ་ཏུ་ག་ལ་ཡོད། དགེ་འདུན་པ་དག་ནི་སུ་ལ་ཐུག་ནས་གཏམ་དྲིས་ཀྱང་ངག་འཇམ་པོས་གསུང་ལན་གནང་མཁན་འབའ་ཞིག་ཏུ་མཐོང་།  དགེ་འདུན་པ་དག་གི་ཤན་ཐབས་མནབ་སྟངས་ནི་གཞན་དང་མ་འདྲ་བ་ཞིག་སྟེ།  སྐ་རགས་ཀྱི་སྟེང་གི་ལྟེབ་མ་ཕྱིར་པུས་མོའི་གོང་དུ་སླེབས་པར་བྱས་པ་དེ་འདྲ་མང་བོ་འདུག །སྔོན་གྱི་པར་རྙིང་མང་བོའི་སྟེང་མཇལ་རྒྱུ་ཡོད་པ་དེ་གར་འདུག །བཀྲ་ཤིས་ལྷུན་པོའི་མཆོད་མཇལ་རྫོགས་རྗེས། གཞིས་ཀ་རྩེའི་རླངས་འཁོར་ས་ཚུགས་སུ་སོང་ནས་ས་སྐྱར་འགྲོ་བའི་པ་སེ་ཉོས། ཕྱི་དྲོའི་ཆུ་ཚོད་བཞི་བའི་རླངས་འཁོར་དུ་ཁེལ།  ཁོམ་སྐབས་དེ་སྤྱད་ནས་སྒེར་འཁོར་ཞིག་ལ་བསྡད་དེ་སྣར་ཐང་དགོན་པར་སོང་། འདུ་ཁང་དུ་ཚོགས་འཚོགས་འདུག་པར་ཁེལ། དགེ་འདུན་པ་དག་གིས་གུང་ཚིགས་བཞེས་བཞིན་འདུག་ལ།  འབྲས་དང་ཞོག་ཁོག་བསྲེས་པའི་བཞེས་པ་དེ་ཇི་འདྲའི་ཞིམ་མམ་སྙམ་པ་སྟེར། ཁ་ལོ་བས་སྣར་ཐང་དང་ངོར་དགོན་པའི་གུང་ཚིགས་ཞིམ་པོ་ཡོད་པ་རེད། ཞ་ལུ་དགོན་པའི་གུང་ཚིགས་ཀྱང་ཞིམ་ཟེར།  ལོ་རྒྱུས་རིང་ཞིང་གྲགས་པ་འབར་ནའང་དེང་སྐབས་གྲྭ་བ་ཉུང་ཉུང་ལས་མི་བཞུགས།  རྒྱལ་བ་དགེ་འདུན་གྲུབ་སྐུ་ན་ཕྲ་མོའི་དུས་སུ་འདིར་བཞུགས་པས་དགོན་པ་འདི་བཀྲ་ཤིས་ལྷུན་པོའི་མ་དགོན་ཡིན་ཡང་ཟེར། རྗེ་དགེ་འདུན་གྲུབ་ནི་ཁྱིམ་ཚང་དབུལ་བོའི་ཁྱིམ་དུ་འཁྲུངས་ཤིང་ཆུང་དུས་གཞན་གྱི་ར་རྫིའང་བྱས། སྣར་ཐང་དུ་བཞུགས་སྐབས་ཀྱང་འཚོ་བ་ཤིན་ཏུ་ངན།  ན་བཟའ་མདོག་ཤོར་ཞིག་རྒྱུན་དུ་མནབས་པས།  བཙུན་ཆུང་རག་སྐྱ་དང་ཤ་བ་སྐྱ་རེངས་སོགས་སུ་འབོད།  དེ་ལ་ཐུགས་འཁྲུག་པ་སོགས་ཅུང་ཟད་ཀྱང་མེད་པར་འདུས་སྡེའི་བྱ་བ་མཛད་པས།  བློ་ལྡན་འགའ་ཞིག་དགའ་ནས་བསྔགས་པའང་བྱས་ཞེས་རྣམ་ཐར་ལས་འབྱུང་།  དེ་དག་དྲན་བཞིན་སེམས་སུ་སྐྱོ་སྣང་འདྲ་བ་རེའང་གློ་བུར་སྐྱེས།  ད་དུང་བཅོམ་ལྡན་རིགས་རལ་གྱི་གདན་སའང་ཡིན། སྣར་ཐང་པར་ཁང་དུ་མཇལ། དཀོར་གཉེར་གྱིས་བཀའ་བསྟན་གྱི་པར་ཤིང་ཡིན་ཟེར་ནས་མང་བོ་ཞིག་བསྟན།  འདིའི་པར་མའི་གསུང་འབུམ་སོགས་བླུ་རྒྱུ་ཡོད་དམ་ཞེས་དྲིས་པར་ཏིང་འཕགས་བསྐལ་གསུམ་མ་གཏོགས་མེད་ཟེར། དགོན་པའི་གཡས་གཡོན་དུ་མཆོད་རྟེན་རྙིང་བ་དང་མཁར་རྙིང་བ། པར་ཤིང་རྙིང་བ་སོགས་མང་བོ་མཇལ།  དེའི་མཆོད་མཇལ་རྫོགས་རྗེས་ཕྱིར་ཆས། ཁ་ལོ་བར་ཉེ་འདབས་ཀྱི་གྲོང་ཚོ་དག་ལ་ནོར་ལུག་ཡོད་དམ་ཞེས་དྲིས་པར། ཕྱུགས་མེད། ཞིང་བ་ཡིན་ཟེར། ཞིང་ས་ཆེའམ་ཞེས་པར།  ཆེ་ཆུང་མི་འདྲ། ཞིང་ས་ཆེ་བའི་ཁྱིམ་ཚང་གི་མི་རེར་མུའུ་གསུམ་རེ་ཐེམ་ཟེར། དར་ཆ་མེད་པ་མི་འདུག་ཨང་ཞེས་པར། ཕྱག་རྒྱ་ཞིག་བྱས་ནས་དེ་མེད་ན་འདི་བྱེད་གི་རེད་ཟེར།  སྣར་ཐང་ལ་མཇལ་ཏེ་ཕྱིར་གཞིས་རྩེར་འབྱོར། གཞིས་ཀ་བསམ་འགྲུབ་རྫོང་ཕ་གིའི་རི་ན་ཆགས་པ་དེར་སོང་ན་ཞེས་པར། ཁ་ལོ་བས་སོང་མ་སོང་ཡོད་པ་མ་རེད། སྟོང་པ་ཡིན་པ་རེད་ཟེར། རྒྱ་མི་ཚོས་དེ་ལ་པོ་ཏ་ལ་ཆུང་བ་ཟེར། སྔར་གཙང་པ་སྡེ་སྲིད་ཀྱིས་དེར་པོ་ཏ་ལ་འདྲ་བའི་རྫོང་ཞིག་བརྩིགས་ཤིང་།  ཕྱིས་སྡེ་སྲིད་སངས་རྒྱམ་གྱིས་དེ་ལ་དཔེ་བྱས་ནས་པོ་ཏ་ལ་བཞེངས་ཀྱང་ཟེར། ཕྱིས་ཉམས་ཆག་ཤིན་ཏུ་ཆེ་བ་བྱུང་བར་རྒྱའི་སྲིད་གཞུང་གིས་བསྐྱར་གསོ་བྱས།  དེ་ལྟ་ནའང་ནང་རོལ་སྟོང་བ་ཡིན་ཟེར།  ཕར་བལྟས་ཚོད་ལ་གཙང་སེང་ངེ་བ་འདྲ་བ་འདུག་ནའང་། པོ་ཏ་ལའི་བརྗིད་ཉམས་དེ་འདྲ་མི་འདུག །

བཞི་བ། དེ་ནས་ངལ་ཡུད་ཙམ་གསོས་རྗེས།  ཆུ་ཚོད་བཞི་བ་ཏག་ཏག་ལ་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ནས་ས་སྐྱར་ཆས། པ་སེར་རྒྱ་སྒོར་ལྔ་བཅུ་དགོས།  ལམ་དུ་ངོར་དང་ཁྲོ་ཕུ། བོ་དོང་སོགས་སུ་འགྲོ་བའི་ལམ་མཐོང་། དངོས་སུ་འགྲོ་སྐལ་མ་ལྡན་ནའང་ཤིན་ཏུ་སྙིང་ཉེ་བ་འདྲ་བྱུང་།  དེ་ནི་གནས་འདི་དག་གི་མིང་ཡང་སྔོན་གྱི་སྐྱེས་པུ་དམ་པ་དེ་དག་གི་མཚན་སྙན་དང་འགྲོགས་ནས་འཛམ་གླིང་གི་གང་སར་གྲགས་ཤིང་།  ཁོང་ཅག་གི་རྣམ་དཔྱོད་ནི་གཟུགས་མེད་ཀྱི་དངོས་པོ་ཅི་ཞིག་དང་འདྲ་བར་གངས་རིའི་ཕྱི་ནང་ཀུན་ཏུ་མཆེད།  སྐབས་དེར་བདག་གིས་བོད་མི་རིགས་འདི་འདུ་ཤེས་ཀྱི་ཐག་པ་གཅིག་གིས་དམ་པོར་སྦྲེལ་འདུག་པའང་དོན་དུ་སྐྱེས་པུ་དམ་པ་དེ་དག་གི་རྣམ་དཔྱོད་ཀྱིས་རེད་ཨང་སྙམ་བྱུང་། དེ་ལྟ་མིན་ན།  ཨ་མདོའི་སྨད་ནས་ཡོང་བའི་མཇལ་བ་བདག་གིས་ས་འགོལ་བོ་འདི་འདྲ་ཞིག་ནས་བོ་དོང་དང་ཁྲོ་ཕུ་ཞེས་པའི་ཡི་གེ་རེ་མཐོང་ན་དུངས་ཀ་དེ་འདྲ་སྐྱེ་དོན་ཡོད་དམ། དགོང་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ཉེ་བར་ས་སྐྱ་རྫོང་དུ་འབྱོར།  དགོང་ཁའི་མཚམས་སྤྲིན་དང་ནུབ་ཁའི་ཉི་ཟེར་གྱིས་ས་སྐྱ་ཞེས་པའི་ལུང་གཞོང་འདི་སེར་ལམ་ལམ་བྱེད། སྐབས་དེར་གྲོགས་པོར་ཕ་ཡུལ་ནས་ཁ་པར་འབྱོར། ཕ་ཡུལ་དུ་ས་རུབ་ནས་ཕར་ཚུར་མི་མཐོང་ཟེར། ཧེ་ཧེ། བཤད་ཉེས་ཨེ་ཡིན་ནམ། དུས་ཚོད་ཀྱི་བར་ཁྱད་དེ་འདྲ་ཨེ་ཡོད་དམ།  ས་སྐྱའི་རྫོང་མཁར་སྔོན་པོ་དག་དང་གྲོང་ཚོ་སྔོན་པོ་མཁར་ཁར་ལྕི་བའི་གྱང་མཐུད་ཅན་དག་གིས་སྨྲ་མི་ཤེས་པའི་ཚོར་བ་བྱིན།  དེ་ལས་ཀྱང་ཤིན་ཏུ་ཡ་མཚར་བ་ཞིག་ལ། ས་སྐྱ་རྫོང་གི་སྲང་ལམ་གྱི་མིང་དག་སྟེ།  པཎ་ཌི་ཏའི་ལམ། འཕགས་པའི་ལམ། ཁྲི་ཆེན་ལམ་ལྟ་བུ་དག་ནི་ཤིན་ཏུ་གླེང་རིན་ཡོད་པ་ཞིག་གོ །དེས་དངོས་གནས་བོད་མཁར་ཞིག་ཏུ་སླེབས་པའི་ཚོར་བ་སྟེར་བས་མི་ཚད།  ལྷ་ས་དང་གཞིས་རྩེའི་པེ་ཅིན་ལམ་དང་ཅང་སུའུ་ལམ་ལྟ་བུ་དག་ཀྱང་རེ་ཞིག་བརྗེད་དུ་བཅུག །དེ་ནས་ཁྲི་ཆེན་ལམ་ལ་ཞུགས་ཏེ་མགྲོན་ཁང་བཙལ་དུ་སོང་། ནངས་དགོང་ལ་ཅུང་འཁྱགས་པའི་སྣང་བ་སྟེར།  མགྲོན་ཁང་ལ་ཐོ་བཀོད། གནང་ཞུའི་ཡི་གེ་དང་བོད་སྐྱོད་ཞབས་ཞུའི་གཱ་སོགས་བསྟན།  ལས་ཀ་འདི་ཁོ་ན་ཇི་འདྲའི་གཅིག་གྱུར་ཡིན་པ་ལ་ཨང་། ལམ་བར་དུའང་ཐེངས་གཉིས་ལ་རླངས་འཁོར་ལས་བབས་ནས་ཞིབ་བཤེར་བྱེད་དུ་སོང་།  མགྲོན་ཁང་དུ་དངོས་པོ་ཙག་ཙིག་རྣམས་བསྐྱུར་ཏེ་སྒོ་ཕྱིར་ཡུལ་ལྗོངས་ལ་ལྟ་བར་ཕྱིན། ད་དུང་ས་རུབ་མི་འདུག་པས་པར་ཁ་ཤས་བསྐྱོན། ནུབ་འཚལ་འཐུང་སྟེ་ཕྱིར་ནང་དུ་འོངས་ནས་ངལ་གསོས།   ད་ནངས་ཅུང་འཕྱི་བར་ལངས་ནས་ཞོགས་ཇ་འཐུང་རྗེས།  དགོན་པར་མཇལ་བར་ཕྱིན།  འདུ་ཁང་སྒོ་མདུན་དུ་རྒྱ་ལྷམ་དང་འདྲུད་ལྷམ་སྣ་ཚོགས་ཕུད་ཡོད་པ་མཐོང་། མཆོད་མཇལ་བ་དག་གི་ཡིན་ནམ་སྙམ་ནས་ལྷམ་འཕུད་པར་བརྩམས་པ་ན།  ནང་ནས་ལྷམ་གོན་པའི་མཇལ་བ་མང་བོ་ཕྱིར་ཐོན། ཡིན་རྒྱུ་ནི་ལྷམ་དེ་དག་དགེ་འདུན་པ་དག་གི་རེད།  འདིར་བཀྲ་ཤིས་ལྷུན་པོ་དང་སྣར་ཐང་ནང་བཞིན་དགེ་འདུན་པ་དག་ལ་ཆེད་དམིགས་ཀྱི་ལྷམ་དེ་འདྲ་མི་འདུག །མ་གོན་པ་ཡིན་ཡང་སྲིད། ནང་དུ་སྟོན་པ་དང་འཇམ་པའི་དབྱངས། སློབ་དཔོན་པདྨ། ས་སྐྱ་གོང་མ་རྣམ་ལྔ་སོགས་ཀྱི་སྐུ་བརྙན་བྱོན་ལེགས་པ་གཟི་འབར་བ་དེ་འདྲ་མང་། ཆོས་བརྩིགས་བྲག་རི་མར་མཇལ།  ཡིད་ཀྱི་བརྟན་པ་འཕྲོག །པོ་ཏི་ལྕགས་ལོང་མར་མཇལ། དེ་ནི་བརྒྱད་སྟོང་བའི་གླེགས་བམ་ཤིན་ཏུ་ཆེ་བ། མཆོད་སྒམ་ཞིག་ཏུ་གཅིག་པུར་བཞུགས་པ་དེ་ཁོ་ནའི་མིང་ངམ་དེའི་གཡས་གཡོན་ན་དེ་ལས་ཆུང་ཞིང་གཞན་པ་དག་ལས་ཆེ་བའི་པོད་མང་བོ་བཞུགས་པ་དེ་དག་གི་མིང་གང་ཡིན་ཆ་མ་འཚལ། དེར་གྲྭ་བ་ཞིག་ལ། པོ་ཏི་འདི་དག་བཀའ་བསྟན་འགྱུར་གྱི་གླེགས་བམ་ཚར་མང་བོ་བཞུགས་པ་རེད་དམ། དེ་ལས་གཞན་པའི་གསུང་འབུམ་ཡོད་དམ། ཞེས་དྲིས་པར། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་བོ་འདིར་ཡོད་པ་རེད་ཟེར། འོ་ན་པོ་ཏི་ག་ཚོད་ཡོད་དམ་ཞེས་པར། ཉིས་ཁྲི་ལྷག་ཡོད་པ་རེད་ཟེར། གདོང་དར་གྱི་ཡི་གེར་བལྟ་ཐབས་མི་འདུག་ནའང་། སྟེང་དུ་དབྱིན་ཡིག་དང་ཨང་ཀིའི་རྟགས་བཏབ་འདུག །དེ་ནས་ཡུད་ཙམ་ལ་སྒོར་འབུད་མི་འདོད་པ་བྱུང་། ཡིད་ཀྱི་གཏིང་ལ་སྨྲེང་བ་འདྲ་བ་རེའང་སྐྱེས།  དུང་དཀར་བོ་རྒྱང་གྲགས་ཞེས་པའི་གྲགས་པ་ཅན་དེ་ལ་མཇལ། དགེ་འདུན་པ་ཞིག་ཁྲི་མཐོན་པོ་ཞིག་ལ་བཞུགས་ནས་དུང་དཀར་ཐོགས་ཏེ་མཇལ་བ་རེའི་ཆེད་དུ་ཐེངས་རེ་འབུད་པར་བྱེད། སྟོན་པ་རིན་པོ་ཆེས་དུང་དཀར་གྱི་སྐྱེ་བ་བཞེས་དུས་ཀྱི་ཤུབས་ཡིན་པར་གྲགས། རྒྱ་སྐད་ཀྱིས་解脱梯ཟེར་ཞིང་། བོད་སྐད་ཀྱིས་སྐས་རིང་ཟེར་བའི་ཤིང་ལྕགས་འདྲེས་མའི་སྐས་གཟར་བོ་ཐེམ་པ་ཞེ་གཉིས་ཅན་དེར་འཛེགས། བཤད་སྲོལ་ལ་དེར་འཛེགས་དུས་དབུགས་ཐེངས་གཅིག་གིས་འཛེགས་ཚར་བ་བྱེད་དགོས་ལ། ཕྱིར་བལྟ་བ་མི་རུང་ཟེར། གསང་བའི་མགོན་ཁང་ལ་མཇལ། ལྕགས་ཐག་གིས་བཏགས་པའི་གནོད་སྦྱིན་མ་སོགས་ཀྱི་བྱུང་བར་ཉན།  ཐོག་ཁའི་རྩིག་པ་དག་ནི་ཞེང་ཚད་ལ་བརྐྱངས་འདོམ་གཉིས་རེ་ཨེ་ཡོད་དམ་སྙམ་པ་རེ་འདུག །དེས་རྩིག་གཏིང་གི་ཞེང་ཚད་ཀྱང་ཚོད་དཔག་ཐུབ་པར་འདུག །དེ་ནས་མར་བབས་ཏེ་བླ་བྲང་ལྷ་ཁང་ལ་མཇལ་བར་ཕྱིན། སྒོ་བརྒྱབ་འདུག་པས་མཇལ་མ་ཐུབ། འཕགས་པ་མཆོག་གི་བླ་བྲང་དང་མཐར་སྐུ་མྱ་ངན་ལས་འདའ་སའང་དེ་ཡིན་ཟེར། སྒོ་ཁྱམས་ཀྱི་སྲིད་པའི་འཁོར་ལོ་སོགས་ལས་མཇལ་བ་དག་གིས་རྟེན་སྐལ་བླངས་ཨེ་ཡིན་ནམ། ས་བསྐོས་ནས་དོང་ཆུང་རེ་བཏོད་འདུག །སྲིད་པའི་འཁོར་ལོ་འདི་གཞན་དང་མ་འདྲ་བ་ཞིག་སྟེ། དཀྱིལ་གྱི་དུག་གསུམ་མཚོན་བྱེད་ཀྱི་སྦྲུལ་དང་བྱ་དང་ཕག་གསུམ་ནི། ཨ་མདོའི་ལྷ་ཁང་མང་བོའི་ལྡེབས་རིས་ངོས་ཀྱི་སྲིད་པའི་འཁོར་ལོ་དང་འདྲ་བར་སྔ་མ་སྔ་མའི་མཇུག་མ་ཕྱི་མ་ཕྱི་མས་ཟོས་ཏེ་ཁྱུད་མོར་ཡོད་པ་དེ་འདྲ་མ་ཡིན་པར། སྦྲུལ་དང་བྱ་གཉིས་ཀ་ཕག་གིས་ཟ་བའི་རྣམ་པ་དེ་བཞིན་དུ་འདུག །དེས་ནི་བདག་ལ་སྔར་རྗེ་དཔལ་ལྡན་ཚང་གི་བཀའ་ཆོས་ཤིག་ཏུ། གཅིག་གི་མཇུག་མ་གཅིག་གིས་ཟོས་ཏེ་ཁྱུད་མོར་ཡོད་པ་དེ་མི་འགྲིག །སྦྲུལ་དང་བྱ་གཉིས་ཀ་ཕག་གིས་ཟ་བ་དེ་འདྲ་དགོས། ཚུལ་དེ་ནི་གཏི་མུག་དེ་འདོད་ཆགས་དང་ཞེ་སྡང་གཉིས་ཀྱིའང་རྩ་བར་གོ་བའི་ཆེད་དུ་ཡིན་ལ། དེ་ལྟ་ན། འདུལ་བ་མདོ་རྩ་ལས། དེས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཕུག་རོན་དང་སྦྲུལ་དང་ཕག་གི་རྣམ་པར་རོ། །སྔ་མ་གཉིས་གཏི་མུག་གིས་ཟ་བར་རོ། །ཞེས་པ་དང་ཡང་འགྲིག་པ་ཡིན་ཞེས་གསུངས་པ་དེ་དྲན་དུ་བཅུག་བྱུང་། དེ་ནས་བསྐོར་བ་གཅིག་བརྒྱབ་སྟེ། གཞུང་གི་ཆུ་བོའི་ཕར་ངོགས་ཀྱི་བཤད་གྲྭར་མཇལ་དུ་ཆས། ཆུ་བོ་དེའི་མིང་ལ་ག་རེ་ཞུའམ་ཞེས་དྲིས་ཀྱང་། རྒྱ་སྐད་འདྲ་བ་ཞིག་བཤད་པས་ཡི་གེ་གང་ཡིན་མ་ཤེས། དེའི་མི་དག་གི་ཟེར་སྒྲོས་ལྟར་ན། ཆུ་བོའི་ཕར་ངོགས་ནི་བཤད་གྲྭ་དང་ཚུ་རོལ་ནི་སྒྲུབ་གྲྭའོ། །བཤད་གྲྭའི་ར་བསྐོར་དུ་སླེབས་དུས། དགེ་འདུན་པ་མང་བོས་ཕྱག་ཏུ་དཔེ་ཆ་བསྣམས་ནས་ཁྱམས་རར་ཚོགས་འདུག །གྲྭ་བ་ཆེ་ཆུང་ཚང་མས་ཤོ་ཀ་ལི་བསྣམས་སྟངས་དེ་ཤིན་ཏུ་ཡག་པར་མཐོང་། ཅུང་ཙམ་གྱིས་གྲྭ་བ་ཞིག་གིས་ཤོ་ཀ་ལི་ཞིག་ཁྲི་ཀར་བཞག །དེ་ནས་གྲྭ་བ་ཅུང་རྒན་པ་ཞིག་ཕེབས་ནས་ཁྲི་ཁར་འཛེགས་ཤིང་། ཆོས་གོས་ཁམ་སྨུག་ཅིག་རང་གིས་མནབས་ཏེ་བཞུགས། དེ་ནས་དགེ་འདུན་པ་རྣམས་ནང་དུ་ཕེབས་ཏེ། རང་རང་གི་བཞུགས་གནས་སུ་ལེགས་པར་ལྟེབས་ནས་བཞག་ཡོད་པའི་ཆོས་གོས་ཁམ་སྨུག་དག་མནབས་ཏེ་རང་སོར་འཁོད། དགེ་འདུན་པ་དག་གི་ཤན་ཐབས་མནབས་སྟངས་ནི། བརླ་སྟེང་གི་ལྟེབ་མ་གཉིས་ཀ་གཡོན་གྱི་དེ་མདུན་དང་གཡས་ཀྱི་དེ་རྒྱབ་ཏུ་བསྟན་ཡོད་པ་དེ་འདྲ་མིན་པར་གཉིས་ཀ་རྒྱབ་ཏུ་བསྟན་ནས་མནབས་འདུག །བླ་མས་དབུ་བསྐུལ་ཏེ་ཚིགས་བཅད་འགའ་གསུངས།  ཤེར་མདོ་གསུངས་ཤིང་མཇུག་ཏུ་བསྟན་པའི་སྒྲོན་མེས་མཛད་པའི་བཟློག་པའང་གསུངས། དེ་ནས་དཔེ་ཁྲིད་ཀྱི་དབུ་བརྩམས། ས་བཅད་རེ་རེ་བཞིན་དེད་ནས་སྐབས་སུ་བབས་པའི་གཞུང་ལ་གཏུགས། ཡིན་པ་ནི་ཚད་མ་རྣམ་ངེས་ཀྱི་དཔེ་ཁྲིད་ཡིན་པར་འདུག །དེའི་སྔོན་ལ་རྟེན་མཛོད་ཁང་དུ་ས་པཎ་གྱི་ཕྱག་དཔེ་ཚད་མ་རྣམ་ངེས་ལེགས་སྦྱར་གྱི་པར་མར་མཇལ་ཞིང་། ད་ལྟ་རྣམ་ངེས་ཀྱི་དཔེ་ཁྲིད་གནང་བཞིན་པར་ཡང་མཇལ་བས་རྟེན་འབྲེལ་ལེགས་པར་སྙམ། རྗེས་སུ་ཡི་རངས་པའི་ཕྱག་གསུམ་འཚལ་ཏེ་ཕྱིན། ཨོ། ད་ཅི་བཤད་གྲྭར་མ་སླེབས་པའི་གོང་ལ། ས་སྐྱ་དགོན་པའི་རྟེན་མཛོད་ཁང་ལ་མཇལ། དཀར་ཡོལ་གྱི་རིགས་མང་བོ་མཐོང་། བླ་མ་དག་གིས་སྨོན་ལམ་གསུང་ཆོས་གནང་སྐབས་སྤྱོད་བཞིན་པའི་དཀར་ཡོལ་ཡུ་རིང་གི་རིགས་དང་། རྒྱ་མི་ཚོའི་ཧུབ་རིང་འཐུང་སྤྱད་ལོས་ཡིན་སྙམ་བྱེད་དེ་འདྲ་མང་བོ་འདུག །བརྗེད་མི་ཐུབ་པ་ནི། ཕྱག་ནའི་ཁྲབ་རྨོག་དང་རྭ་ལོ་ཙཱ་བའི་ཕྱག་རྟེན། བ་རི་ལོ་ཙཱ་བའི་ཕྱག་རྟེན། འདབ་དང་སྔ་རུ་དང་ཕྱི་རུའི་ཚག་མ་བ་སོས་བཏུམས་པའི་སྒ་ཆས། ཏ་ལའི་ལོ་མའི་གླེགས་བམ། རིང་ཚད་ལ་དཀྱིལ་མཐོ་བཅུ་ཐམ་པ་ལོས་ཡོད་སྙམ་བྱེད་ཀྱི་འབྲོང་རྭ་སོགས་ཏེ། ཡང་ཡང་ཡིད་ལ་འཁོར་བར་བྱེད། གྲྭ་བ་ཞིག་གིས་མཚམས་སྦྱར་བ་ལྟར་ན། འཛམ་བུ་གླིང་དུ་ཏ་ལའི་ལོ་མའི་གླེགས་བམ་ཆེས་མང་ས་ནི་ས་སྐྱ་ཡིན་ལ། དེ་ལས་གཞན་པོ་ཏ་ལ་རུ་གཅིག་ཡོད་པ་རེད། དེ་མིན་མེད་ཟེར། ངའི་ཡིད་ལ་བླ་བྲང་རྟེན་མཛོད་ཁང་གི་དེ་ཤར་བྱུང་།  འབྲོང་རྭ་དེ་ནི་དངོས་གནས་བློས་མི་དཔོག་པ་ཞིག་འདུག །དགེ་ཆོས་ཀྱིས་གཡག་གིས་གར་ཁྱབ་ཀྱི་ས་ཆ་ཐམས་ཅད་བོད་ཡུལ་ཡིན་གསུངས་པ་བཞིན། གཡག་ནི་བོད་ཅེས་པ་འདི་མཚོན་བྱེད་བླ་མེད་ཅིག་ཏུ་འདུག །འབྲོང་ནི་དེ་བས་ཀྱང་སྨྲ་ག་ལ་དགོས། དེང་གི་དུས་སུ་མཚོན་ན། གཞིས་རྩེ་ནས་ས་སྐྱ་བར་གྱི་ལུང་གཞུང་རིང་མོ་འདིར། ལུག་ལས་ར་མ་མང་བའི་ལུག་ཁྱུ་འགའ་དང་བ་ལང་གི་ཁྱུ་འགའ་ལས། ནོར་ནག་ནི་ཉི་ཤུར་ལོངས་ཙམ་ལས་རིག་རྒྱུ་མི་འདུག་པ་ཅི་ཡིན་ནམ། འདི་གཞིས་རྩེ་ནས་ས་སྐྱར་འགྲོ་ཐེངས་གཅིག་གི་མཐོང་སྣང་བཤད་པ་ཡིན་པས་ངེས་པ་མེད་ཀྱང་སྲིད། ཁ་སང་ཁ་ལོ་བ་དེར། རྫོང་འདིར་ནོར་ལུག་མཐོང་རྒྱུ་མེད་པ་ཅི་ཡིན་ནམ་ཞེས་དྲིས་པར། རིའི་ཕར་རྒྱབ་ན་ཡོད་པ་རེད་ཟེར། མང་ངམ་ཞེས་པར། ཕྱུག་པོ་རྣམས་ལ་ལུག་བརྒྱ་ལ་ལོངས་པ་ཡོད་ཅིང་། ནོར་ཡང་ཉི་ཤུ་སུམ་ཅུ་ཡོད་པ་རེད་ཟེར། གཞིས་རྩེའི་ཁུལ་ནས་ནོར་ལུག་ཆེས་མང་ས་ནི་གམ་པ་རྫོང་ཡིན་ཟེར། སྐབས་དེེར་ངས་ད་ལོའི་དབྱར་ཁར་མཛོད་དགེ་རྩྭ་ཐང་ནས་མཐོང་བའི་ནོར་ཁྱུ་དེ་དག་དྲན་བྱུང་།  བཤད་གྲྭ་དེའི་ཆགས་སྟངས་ནི། ར་བསྐོར་ཆེ་བ་ཞིག་གི་དཀྱིལ་དུ་འདུ་ཁང་དང་། གཡས་གཡོན་དང་མདུན་ཕྱོགས་སོགས་སུ་ཁང་བ་ཉིས་ཐོག་བར་མ་ཆད་པར་བརྒྱབ་འདུག །ཁང་མིག་རེ་རེ་བྱས་ནས་བཅད་འདུག་ལ་དེ་ནི་དགེ་འདུན་པ་ཚོའི་བཞུགས་གནས་སོ། །བཤད་གྲྭ་དེ་ལ་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡན་ལག་ཁང་ཡང་ཟེར། བཤད་གྲྭའི་གཡས་གཡོན་དུ་གྲོང་ཁྱིམ་མང་བོ་ཆགས་འདུག །རྒྱང་ནས་བལྟས་ན་གྲྭ་ཤག་འདྲ་བ་དག་གམ་དུ་ཕྱིན་དུས་གྲོང་ཁྱིམ་དུ་གསལ། རི་ངོས་སུ་གོང་མ་རྣམ་ལྔའི་མཆོད་རྟེན་དང་བ་རི་ལོ་ཙཱ་བའི་ཐུགས་དམ་གྱི་རྟེན་རྣམ་རྒྱལ་ལྷ་ཁང་སོགས་བཞུགས།  ཕྱི་བསྐོར་ལ་ཕྱིན་ནས་ཟམ་ཁར་འབྱོར་བར་ཉེ་བ་ན། རྒད་པོ་ཞིག་གིས་བོས། སོང་བར་འདི་ན་མཆོད་མཇལ་ཡོད་ཟེར། རྗེས་དེད་ནས་སོང་བར་བླ་བྲང་རྙིང་བ་གྱང་ཆག་མང་བ་ཞིག་ཏུ་མགོན་ཁང་ལོགས་སུ་ཡོད་པའི་མཁན་སློབ་ཆོས་གསུམ་གྱི་ལྷ་ཁང་ཞིག་ལ་མཇལ།  དེ་ལྟར་མཆོད་མཇལ་ཡོངས་སུ་རྫོགས་པ་ན། ས་སྐྱ་རྫོང་དུ་སོང་ནས་སྲང་ལམ་རེ་འགར་ཉུལ།  དེའི་མི་སེར་སྐྱེས་པ་ཕལ་མོ་ཆེ་ནི་སྐྲ་རིང་བོ་མགོ་ལ་དཀྲིས་ཤིང་གཡུ་ཡི་རྣ་ཏོག་ཅན་ཤ་སྟག་ཏུ་འདུག །ས་སྐྱ་བདག་ཁྲི་ཡབ་སྲས་ཀྱི་ཆ་ལུགས་དེ་ནི་མ་གཞིར་འདི་ཀའི་ཡུལ་སྲོལ་རེད་ཨང་སྙམ་པ་བྱུང་། ལག་སྐྱོར་འཁོར་ལོ་དང་སྦག་སྦག་སོགས་ཀྱི་སྟེང་དུ་དར་སྣ་ཚོགས་བཏགས་འདུག་ལ། སྦག་སྦག་གི་རྭ་ཅོར་ཙོར་ལོ་འདོགས་ཚུལ་དེས་དུས་རབས་སྔ་མའི་ལོ་རབས་དགུ་བཅུ་བའི་མཇུག་གི་ཨ་མདོའི་ས་ཁུལ་མང་བོ་ཞིག་ཡིད་ལ་འཆར་བར་བྱེད། དྲོས་ཇ་འཐུང་དུས་ཁ་གཏད་དུ་དེ་གའི་སྐྱེས་ཕོ་མོ་གཉིས་སླེབས། སྐྱེས་མ་དེས་ཟ་མ་ཟ་དུས་དཀར་ཡོལ་ལག་ཏུ་བཟུང་ནས་ཅོག་ཙེའི་ཕག་ཏུ་ཡིབ་བཞིན་ཟ།  དེ་ནི་གུས་ལུགས་ཤིག་གམ་བོད་གཤིས་ཤིག་ཨེ་ཡིན་ནམ་སྙམ།  ང་ཚོའི་སྟེང་ནས་གཤིས་ཀ་དེ་དག་འཇའ་བཞིན་ཡལ་ཚར་ཡོད་ཨང་།  ཆུ་ཚོད་གསུམ་དང་ཕྱེད་ཀར་རླངས་འཁོར་ས་ཚུགས་སུ་ཕྱིན། ལམ་བར་དུ་སློབ་འབྲིང་ཞིག་གྲོལ་བར་ཕྲད། སློབ་མ་མང་བོ་ཡར་མར་འགྲོ་བཞིན་འདུག །སློབ་མ་བཅུ་ཙམ་རེས་སྟེགས་གྲུག་རེ་བསྐོར་ནས་རྩེད་བཞིན་འདུག །ཁྱོད་ཅག་སྟེགས་གྲུག་ལ་རྩེ་ན་སྒོར་མོ་དགོས་སམ་ཞེས་དྲིས་པར་དགོས་ཟེར། ག་ཚོད་ཅེས་པར། ཐེངས་རེར་གསུམ་རེ་ཟེར།

ལྔ་བ། ཆུ་ཚོད་བཞི་བར་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་ཕྱིར་གཞིས་རྩེར་ཆས། ཆུ་ཚོད་བདུན་པར་གཞིས་རྩེར་འབྱོར། འབབ་ཚུགས་ནས་སྒོར་བུད་པ་ན་རྒྱལ་རྩེར་འགྲོ་བའི་སྒེར་འཁོར་ཞིག་དང་ཕྲད། དེར་བསྡད་ནས་རྒྱལ་རྩེར་ཆས། མི་རེར་སྒོར་སོ་ལྔ་རེ་ཡིན་མོད་སྐུ་ཞབས་ལགས་གཉིས་ཀྱིས་སུམ་ཅུ་རེ་བྱིན་པས་ཆོག་ཟེར། དེར་དགོང་མོ་འདུག་ས་ཡོད་དམ་ཞེས་དྲིས་པར། དེ་ད་ལོས་ཡོད་ཟེར།  མགྲོན་ཁང་རྙེད་མིན་ལ་སེམས་ཁུར་བྱེད་བཞིན་སོང་བ་ན། དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཡས་མས་སུ་རྒྱལ་རྩེར་འབྱོར། མགྲོན་ཁང་མང་བོ་འདུག་པས་བདེ་བླག་གིས་རྙེད། སྒོར་སོང་ནས་ནུབ་འཚལ་འཐུང་རྗེས་ཕྱིར་ཡོང་ནས་ངལ་གསོས། སུ་ཞིག་གིས་སྒོ་བརྡུངས་བྱུང་། སྒོ་ཕྱེས་ནས་བལྟས་པ་ན་དམག་མི་གཉིས་སླེབས་འདུག །ཁྱེད་གཉིས་ཀྱི་ཐོབ་ཐང་འཛིན་ཡིག་སོགས་བསྐྱར་དཔར་རྒྱག་དགོས་ཟེར་ནས་ཁྱེར། ཡུད་ཙམ་ནས་ཕྱིར་བྱིན་ཏེ་ཐུགས་རྗེ་ཆེ་ཟེར། དེ་རིང་ཁ་པར་ཐང་ལ་བརྡབས་པས། འཆར་ངོས་ནི་གྲོང་ཁྱེར་ཆེན་པོ་ཞིག་གི་ས་ཁྲ་དང་འདྲ། ཡི་གེ་གཏག་པར་ཡང་སྟབས་བདེ་བོ་མི་འདུག །གཟིམ་བདེ།

དྲུག་པ། ད་ནངས་ཆུ་ཚོད་བདུན་པ་ནས་རྒྱལ་རྩེ་རྫོང་རིར་ཕྱིན། ཐང་དཀྱིལ་དུ་དཔའ་བོར་རྗེས་དྲན་མཚོན་པའི་རྡོ་རིང་ཀྲོང་ངེར་འགྱིངས། བྲག་རིའི་སྟེང་གི་བཙན་རྫོང་དེ་བརྗིད་ཉམས་ཀྱིས་ཁེངས། རྡོ་སྐས་མང་བོ་བརྒྱུད་ནས་སོང་བར་སྔ་དྲགས་པས་ཡིན་ནམ་སྒོ་བརྒྱབ་འདུག །ཕྱིར་རི་འདབས་ལ་བབས་ནས་ལྕི་ལས་བྱེད་བཞིན་པའི་བོད་མོ་ཞིག་ལ་གཏམ་དྲིས་པར། ཆུ་ཚོད་དགུ་བ་ནས་སྒོ་འབྱེད་ངེས་ཟེར། ནང་དུ་དེང་སང་བཟོས་པའི་བཤམས་སྟོན་ཁང་ལས་ཅང་མེད་ལ། ལོ་རྒྱུས་ལ་མི་མཐུན་པ་འབའ་ཞིག་ཡིན་ཞེས་གཞན་གྱི་ངག་ལས་ཐོས། དཔལ་འཁོར་ཆོས་སྡེར་ཇི་ལྟར་འགྲོ་དགོས་ཞེས་པར། ལམ་འདི་བརྒྱུད་དེ་ཕར་སོངས་དང་ཐུག་ཡོང་ཟེར་ནས་ལམ་ཞིག་བསྟན། རྡོ་རིང་ཡོད་ས་ནས་བྱང་ཕྱོགས་སུ་སྤྱི་ལེ་གཅིག་ལས་ལྷག་ཙམ་སོང་བ་ན། རི་ཁའི་མཁར་རྙིང་དམར་བོ་དང་དཔལ་འཁོར་མཆོད་རྟེན་སོགས་རིམ་པར་མཐོང་། དགོན་པའི་སྒོ་ཆེན་དུ་ཁྱི་ལྡོམ་མང་བོ་འདུག །སྔར་ཆོས་རྒྱལ་ཁོང་གིས་ཁྱི་རྣམས་བརྩེ་བའི་ཡུལ་ཡིན་པས། ལྕགས་རིའི་ཕྱིར་ལྷག་རོལ་སྦྱིན་དགོས་པར་གདམས་པ་དེ་དྲན་པར་བྱས། ཀུན་གྱིས་མཁྱེན་གསལ་ལྟར། ཆོས་སྡེ་འདི་དཔོན་རབ་བརྟན་ཀུན་བཟང་འཕགས་ཀྱིས་བཏབ། མཁས་གྲུབ་རྗེས་ཀྱང་འདིའི་གདན་ས་མཛད། འོན་ཀྱང་རྗེས་སུ་ཆོས་རྒྱལ་འདི་གཞན་གྱི་ཟེར་སྒྲོས་སུ་འབྲངས་ནས་མཁས་གྲུབ་རིན་པོ་ཆེར་མི་འོས་པའི་ལས་རེའང་བྱས་མེད་དམ་སྙམ་སྟེ། མཐར་མཁས་གྲུབ་རིན་པོ་ཆེ་དེར་མ་བཞུགས་ཤིང་། སྐྱོན་ཡོན་འབྱེད་པའི་བློ་གྲོས་མིག་ལྡོང་ནས། །བླུན་པོའི་ཚིག་རྗེས་འབྲངས་ལས་གཞན་མེད་པས། །རང་གི་ལག་ཐོགས་ནོར་བུ་རིན་ཆེན་ཡང་། །ཕྱགས་དར་ཕུང་བོའི་རྡོ་དང་མཚུངས་པར་མཐོང་། །ཞེས་སོགས་དང་། མཆེ་བ་མི་བཟད་སྦར་མོའི་ཤུགས་འཆང་བ། །གངས་རི་འཛིན་པའི་གདོང་ལྔའི་དབང་བོ་ནི། །ལྕགས་ཀྱིས་བཅིངས་ནས་བཙོག་ཆུས་འཚོ་བ་ཡི། །སྒོ་ཁྱིར་བྱེད་འདོད་མཁས་པའི་བཞད་གད་ཡིན། །ཞེས་སོགས་ཀྱང་གསུང་དགོས་ཐུག་ཡོད།
ནང་དུ་སོང་ནས་ཐོག་མར་འདུ་ཁང་ལ་མཇལ།  ཐུབ་སྐུས་མཚོན་པའི་སྐུ་བརྙན་རྙིང་བ་མཐོང་ཙམ་གྱིས་དང་བ་འདྲེན་པ་དེ་འདྲ་མང་། སྒོ་ཆེན་གྱི་གཡོན་ཕྱོགས་དེར་ཚེ་དཔག་མེད་ཀྱི་ལྷ་ཁང་ཚེ་ལྷ་རྣམ་གསུམ་དང་སྨན་བླ་བདེ་གཤེགས་བརྒྱད་སོགས་བཞུགས་པ་ལ་མཇལ། ཐོག་ཁར་འཛེགས་ནས་སྒྲོལ་མ་གསུང་འབྱོན་ལ་མཇལ། དེ་ནས་ཕྱིར་ཐོན་ཏེ་མཆོད་རྟེན་ལ་མཇལ་དུ་སོང་།  སྒོ་ཕྱེས་མི་འདུག་པས་རྒྱབ་རིའི་ངོས་ཀྱི་ལྷ་ཁང་ཡོད་ས་དེར་འགོས། དེས་ཀྱང་སྒོ་ཕྱེས་མི་འདུག་པས། དེར་བོད་མི་དག་གིས་ཨར་ལས་བྱེད་ཚུལ་ལ་བལྟས། ཤིན་ཏུ་གླེང་རིན་ཡོད་པ་ཞིག་ནི། དེར་ལས་ཀ་བྱེད་མཁན་ནི་བོད་མི་རྐྱང་རྐྱང་རེད་ལ། རྡོ་གཅལ་བསྒྲིགས་པའི་ལག་རྩལ་ཤིན་ཏུ་བཟང་། ལྷ་ཁང་གི་མཐིལ་ལ་ཉམས་གསོ་བྱེད་མཁན་ནི་བུད་མེད་དག་སྟེ། མཐིལ་གྱི་ཞིག་ཡོད་ས་དག་གཙང་མར་བྲད་རྗེས། ས་དང་རྡོ་གསེག་གི་ནང་དུ་ཆུ་ཉུང་ཙམ་བླུགས་ཏེ་ཡང་ཡང་འཁྲབ་ནས་དེར་ལྡུག །དེ་ནས་མཉམ་པོར་བདལ་རྗེས་སྟེང་དུ་རས་ཡུག་ཅིག་བཀབ་སྟེ་ཤིང་དུམ་ཞིག་གིས་ཡུན་རིང་བརྡུངས། དེ་ནས་སྟེང་གི་རྡོ་གསེག་རྣམས་འབྲད་ཞོར་ཡང་དང་བསྐྱར་དུ་བརྡུངས་པས། འཇམ་ཞིང་སྲ་བ་དེ་འདྲར་གྱུར། དབུས་གཙང་གི་ལྷ་ཁང་མང་ཆེ་བའི་ཀླད་དང་མཐིལ་ནི་ཨར་འདམ་གྱིས་བྱུགས་པ་བཞིན་འཇམ་ཞིང་སྲ་བར་ཡོད་པའང་འདི་བཞིན་བཟོས་པ་ཡིན་ནམ་སྙམ། ཕྱོགས་མང་བོར་དེ་ལ་ཨར་ཀ་གཅོག་པ་ཟེར། ལས་ཞོར་དུ་མཉམ་པོས་གཞས་གཏོང་། ང་ཚོས་སྲོལ་རྒྱུན་གྱི་ལག་རྩལ་འདི་ཙམ་ཡང་གཅེས་པས་བསྲུང་འོས། དེ་ནས་དགོན་གྲོང་གི་ཡུལ་ལྗོངས་ལ་ཡུད་ཙམ་གཡེངས་རྗེས་མར་བབས། མཆོད་རྟེན་གྱི་སྒོ་ཁར་ཡུད་ཙམ་སྒུག་པས་སྒོ་ཕྱེས། མཆོད་རྟེན་འདི་ནི་བང་རིམ་བདུན་གྱིས་གྲུབ་ཅིང་། ཆེས་སྟེང་མ་དང་ཆེས་འོག་མ་གཉིས་ལས་བར་གྱི་བང་རིམ་ཀུན་ལ་མཆོད་མཇལ་བྱས་ཆོག །མཚམས་སྦྱོར་དུ། བང་རིམ་དགུ་དང་ལྷ་ཁང་དོན་བདུན། མཐོ་ཚད་ལ་རྨིད་སོ་གཉིས། སྒོ་བརྒྱ་དང་བརྒྱད། སྐུ་ཁྲི་ཕྲག་དུ་མ་ཡོད་ཅེས་གསལ། ངོས་གཅིག་གི་བང་རིམ་གཅིག་ལ་ལྷ་ཁང་ལྔ་རེ་དང་། ངོས་གཅིག་ལ་དེ་འདྲའི་བང་རིམ་བཞི་རེ། མཆོད་རྟེན་གྱི་བུམ་པའི་བང་རིམ་དུ་ཕྱོགས་རེར་ལྷ་ཁང་རེ་ལྡན་པ་ལྟར་བརྩིས་ན་ཧ་ལམ་ལྷ་ཁང་གྱ་བརྒྱད་ཡོད་པར་བཤད་ཆོག་སྙམ། ལྷ་ཁང་ཕལ་མོ་ཆེར་དབུས་སུ་གཙོ་སྐུ་དང་དེའི་གཡས་གཡོན་དང་མདུན་ཐད་དུ་དེ་འབྲེལ་གྱི་སྨན་སྐུ་མང་། ལྡེབས་རིས་ཀྱི་ལྷ་སྐུ་ལ་གྲངས་མེད། དེ་དག་ཀྱང་རྒྱུད་གང་ནས་བྱུང་བའི་ཁུངས་དང་བཅས་གསལ་ཞིང་། དེ་ཡང་དཔེར་ན། རྩ་རྒྱུད་དེ་ཉིད་བསྡུས་པའི་དུམ་བུ་དང་བོ་དང་དེ་ལས་འཕྲོས་ཤིང་དེ་དང་ཆ་མཐུན་པ་མཚན་ཡང་དག་པར་བརྗོད་པ་སློབ་དཔོན་འཇམ་དཔལ་གྲགས་པས་རྣལ་འབྱོར་རྒྱུད་དུ་བཀྲལ་བའི་འགྲེལ་ཆེན་གྱི་རྗེས་སུ་འབྲངས་པ་ནམ་མཁའ་དྲི་མེད་ཆེ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་སོགས་ལོགས་བྲིས་སྐུ་གཟུགས་སུམ་བརྒྱ་བཞུགས་ཟེར་བ་ལྟ་བུའམ། དཔལ་མཆོག་གི་དུམ་བུ་དང་བོ་ཤེར་ཕྱིན་གྱི་དུམ་བུ་ལས་གསུངས་པའི་རིགས་སོ་སོ་བ་འདོད་ཆགས་ཀྱི་གཉེན་པོར་རྡོར་སེམས་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་སོགས་ལོགས་བྲིས་སྐུ་གཟུགས་བརྒྱ་དང་སུམ་ཅུ་ཞེས་པ་བཞིན་གསལ། ལྡེབས་རིས་ཕལ་ཆེ་བའི་གཤམ་དུ་སྦྱིན་བདག་དང་ལྷ་བཟོའི་མཚན་བཀོད་ཡོད། དེ་ཡང་དགོས་ཀྱི་སྦྱིན་བདག་དྲུང་བྱང་སེམས་བདག་མོ་དཔལ་ཆེན་རྒྱལ་མོ་བ་ཡུམ་སྲས་པའི་དྲུང་ནས་མཛད་ཅེས་པའམ། རི་མོའི་འདུ་བྱེད་ཉུག་རྒྱལ་ཁང་བ་དཔོན་མོ་ཆེ་དགེ་སྦྱོང་ཤེས་རབ་དཔལ་བཟངས་པ་དཔོན་སློབ་ཀྱིས་ལེགས་པར་གཟབས་ནས་བྲིས་ཞེས་པའམ། ལྷ་བཟོ་མཁས་པ་ལྷ་རྩེ་བདེ་ཆེན་པ་དཔོན་མོ་ཆེས་ནམ་མཁའ་བཟང་བོ་དཔོན་སློབ་ཅེས་པའམ། རི་མོ་མཁས་པ་ལྷ་རྩེ་བདེ་ཅེན་པ་དཔོན་མོ་ཆེ་དོན་ར་སྟོན་པ་དང་། བཤག་ཚལ་བ་དཔོན་ཆོས་སྐྱོང་བཀྲ་ཤིས་གཉིས་ཀྱིས་ལེགས་པར་གཟབས་ནས་བྲིས་ཞེས་པ་སོགས་སུ་གསལ། དཀོན་མཆོག་ལ་དཀོན་ཅོག་དང་རིན་ཆེན་ལ་རིན་ཅེན་ཞེས་འབྲི་བ་དེ་དུས་ཀྱང་འདུག །བོད་ཀྱི་ལྡེབས་རིས་དང་ལྷ་སྐུ་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཚེ་ངེས་པར་འདིར་ཐེངས་ཤིག་ཡོང་དགོས་སྙམ། དེས་ནི་རིན་པོ་ཆེའི་བང་མཛོད་ཅིག་རྙེད་པར་འགྱུར་བར་ཁ་ཚོན་བཅད་ནས་སྨྲ་བཏུབ། དེ་ནས་དཀྱིལ་འཁོར་གྱི་རིགས་ཏེ། མཆོད་རྟེན་འདིའི་བུམ་པ་གཅིག་པུའི་ནང་དུ་དཀྱིལ་འཁོར་གྱི་ལྡེབས་རིས་ཆེ་ཆུང་མི་འདྲ་བ་དྲུག་ཅུ་ལྷག་ད་ལྟའང་དངོས་སུ་མཇལ་རྒྱུ་འདུག་པ་ནི་ཧང་སང་བར་བྱེད་པའི་གནས་སོ། །བོད་ཡུལ་དུ་དཀྱིལ་འཁོར་ཆེས་མང་བའི་དགོན་པ་དེ་འདི་ཨེ་ཡིན་ནམ་སྙམ། འདིའི་བུམ་པ་གཅིག་པུའི་ནང་དུ། སྐུ་གཟུགས་འབུར་དུ་དོད་པ་དང་། རི་མོར་བྲིས་པ་བསྒྲིལ་བས་ཁྲི་ཕྲག་གཅིག་དང་བརྒྱད་སྟོང་བརྒྱད་བརྒྱ་བརྒྱད་ཅུ་རྩ་དྲུག་བཞུགས་པར་རྣམ་ཐར་ལས་འབྱུང་ན། མཆོད་རྟེན་བཀྲ་ཤིས་སྒོ་མང་འདིའི་བྲིས་འབུར་གྱི་གྲངས་ཀ་ཡོངས་སུ་རྫོགས་པ་སུ་ཞིག་གིས་གཞལ་ནུས། བྲེ་ཡི་ནང་དུའང་ཕྱག་རྡོར་འཁོར་ཆེན་དང་བདེ་གསང་འཇིགས་སོགས་ཀྱི་བྲིས་སྐུ་བཞུགས་པར་བཤད། སྔར་དགོན་པ་འདིར་རྒྱུད་སྡེ་མི་འདྲ་བ་བདུན་ཅུ་ལྷག་གི་སྒྲུབ་མཆོད་ཡོད་པར་བཤད་པའང་ངེས་པར་བདེན་སྙམ། དཀྱིལ་འཁོར་ལ་ལ་ཞིག་འཇིག་པ་ཚབས་ཆེ། གཙོ་སྐུའི་ཁྲི་ལ་ལ་ཞིག་སེང་གེས་བཏེགས་མེད་པར་རྟ་མཆོག་ལྗང་གུས་བཏེགས་འདུག །དེ་ཡང་ཁྱད་ཆོས་ཤིག་ཏུ་མཐོང་། སེང་གེ་དང་རྟ་དང་རྨ་བྱ་དང་མཁའ་ལྡིང་དང་གླང་ཆེན་སོགས་ཀྱིས་བཏེགས་པ་ཡོད་པར་རྣམ་ཐར་ལས་འབྱུང་། བང་རིམ་རེ་རེར་མཇལ་ནས་མར་བབས།  ཆེས་གཤམ་གྱི་ལྷ་ཁང་གཙོ་བོར་མཇལ།  ཐུབ་པ་གཙོ་སྐུ་ཡིན་པའི་རྟེན་ཁམས་ཅན་མང་བོར་མཇལ། བརྒྱ་མཆོད་ཕུལ། ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་བླ་ན་མེད་པའི་ཐུགས་དགོངས་དང་རྣམ་དཔྱོད་ལ་གཏིང་ནས་གུས་པ་ཤོར།  རྣམ་པར་ཐར་བ་དད་པའི་ལོ་ཐོག་དངོས་གྲུབ་ཀྱི་ཆར་འབེབས་ལས། ཆོས་ཀྱི་རྒྱལ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་སྟོབས་ཀྱིས་འཛིན་པའི་རྒྱལ་བོ་ཆེན་པོ་ཞེས་གསུངས་པའང་དོན་ལ་གནས་པར་སྙམ། སྔར་དགོན་པ་འདིར་ས་བུ་དགེ་གསུམ་གྱི་བསྟན་པ་མཉམ་དུ་གནས་པའང་ཁོང་གི་ཐུན་མིན་གྱི་མཛད་པར་ངེས།  དེ་ལྟར་མཆོད་མཇལ་རྫོགས་པ་ན། མཁར་དམར་བོས་བསྐོར་བའི་དཔལ་འཁོར་ཆོས་སྡེ་ལ་ཕྱི་མིག་འཕེན་བཞིན་ཕྱིར་ཆས་པའི་ལམ་དུ་ཞུགས།  སྔར་རྒྱལ་མཁར་ཡིན་པ་ལ་ད་ལྟ་དགོན་པའི་ལྕགས་རི་ཡིན་པའི་མཁར་དམར་བོ་དེའི་མཚམས་མཚམས་སུ་སོ་བ་སྡོད་སའང་ཡོད། དབྱིབས་ནི་ཟླུམ་པོར་འདུག །དེ་ནི་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་དབྱིབས་ཡིན་པས། དགོན་པའི་མཚན་ལའང་དཔལ་འཁོར་ཆོས་སྡེར་ཐོགས།

བདུན་པ། རླངས་འཁོར་ས་ཚུགས་སུ་སོང་ནས་ཞ་ལུར་འགྲོ་བའི་རླངས་འཁོར་ཡོད་མེད་དྲིས་པར། གཞིས་རྩེའི་རླངས་འཁོར་དུ་བསྡད་དེ་ལམ་བར་ནས་དབབ་ཆོག །དེ་མིན་དེར་ཐད་ཀར་འགྲོ་བའི་རླངས་འཁོར་མེད་ཟེར། དེ་ནས་གཞིས་རྩེར་འགྲོ་བའི་པ་སེ་ཉོས། མི་རེར་སྒོར་སོ་གཅིག་རེ་དགོས།  གུང་ཇ་འཐུང་ནས་གཞིས་རྩེའི་ཕྱོགས་སུ་ཆས།
རྒྱལ་རྩེ་རྫོང་ནས་ཞ་ལུར་འགྲོ་བའི་ལམ་བར་གྱི་སྤྱི་ལེ་གཅིག་ཡས་མས་ཀྱི་སར། རི་ཆུང་ཉམས་དགའ་བ་ཞིག་ཏུ་དགོན་པ་ཆུང་ཆུང་ཞིག་མཐོང་།  ལམ་གྲོགས་དབུས་པ་དེས་ཕ་གིའི་དེ་ནི་བརྩེ་ཆེན་དགོན་རེད་ལ། རྙིང་མའི་དགོན་པ་ཞིག་རེད། ད་ལྟ་སྐུ་ཞབས་ལགས་བདུན་ཙམ་བཞུགས་ཡོད་པ་རེད་ཟེར། ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་དུ། མེ་ཕོ་རྟའི་ནང་ཆེན་འཕགས་པ་དཔལ་དགུང་ལོ་ཞེ་དགུ་བཞེས་པའི་དུས། རྩེ་ཆེན་ཆོས་སྡེའི་གཙུག་ལག་ཁང་གི་འགྲམ་བཏིངས། ཞེས་པ་དང་། ཁྱད་པར་འདི་ལོ་རྩེ་ཆེན་གྱི་གཙུག་ལག་ཁང་། ཁྱམས་ཀ་བ་བཅུ་ཕྲག་གསུམ་དང་དྲུག །གཙང་ཁང་ཀ་བ་བརྒྱད་ཀྱི་ས་རྣམས་གྲུབ་ཅེས་འབྱུང་བ་འདི་ཨེ་ཡིན་ནམ།  རླངས་འཁོར་ལམ་ན་སྐྱོད་བཞིན་པས་འགྲོ་མ་ཐུབ།   པ་སྣམ་རྫོང་ལ་ཉེ་བ་ན། ལམ་གྲོགས་དབུས་པ་དེས། གཡོན་ཕྱོགས་ཀྱི་ལུང་བའི་ཕུ་བསྟན་ནས། ཡ་གི་ན་རི་བོ་མདངས་ཆེན་ཡོད་པ་རེད། དེ་ནི་རྗེ་ཙོང་ཁ་བས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་རྗེས། མཁས་གྲུབ་རིན་པོ་ཆེས་རང་གི་བླ་མ་དྲན་དྲགས་ཏེ། ཞལ་མཇལ་ཞུ་བའི་གསོལ་བ་ཤུགས་ཆེན་པོར་བཏབ་པར་བརྟེན། རྗེའི་གཟིགས་པ་ལྔ་ལྡན་བྱུང་སའི་གནས་རེད་ཟེར། སྔར་རྗེ་རིན་པོ་ཆེ་ཞི་བར་གཤེགས་པའི་རྗེས་ཤིག་ལ། མཁས་གྲུབ་རིན་པོ་ཆེས་རྗེ་རིན་པོ་ཆེ་དྲན་ཏེ་བ་སྤུ་གཡོ་ཞིང་སྤྱན་ཆབ་བསིལ་བཞིན། ཁོ་བོ་བླ་མ་ཁྱེད་ཀྱི་དྲུང་དུ་ནམ་ཞིག་འོང་ཞེས་གསོལ་བ་དྲག་ཏུ་བཏབ་པར། རྗེ་རིན་པོ་ཆེ་སྟག་ཆེན་པོ་འཇིགས་སུ་རུང་བ་ཞིག་ལ་ཆིབས་ནས་ཕེབས་པ་གཟིགས་ཤིང་། ཞལ་ནས། བུ། སྙིང་མི་དགའ་བ་བྱ་མི་དགོས། ངས་ཁྱོད་བཞག་ནས་གང་དུ་ཡང་མི་འགྲོ།  ང་དྲན་ན་ང་ཡི་ཡིག་ཆ་འདི་རྣམས་ལྟོས།  ང་དངོས་སུ་ཡོད་ཀྱང་འདི་ལས་སྨྲ་རྒྱུ་གཞན་མེད།  ཅེས་གསུངས་པའི་གནས་དེ་རེད་ཨང་སྙམ་དུ་ཡིད་དུང་དུང་བ་བྱུང་།  ཁོང་གིས་རྩོམ་པ་ཕལ་ཆེར་གནང་སའང་དེ་ཡིན། རྗེས་སུ་མཇལ་སྐལ་ཡོང་བའི་སྨོན་ལམ་བཏབ། གཡས་ཕྱོགས་ཀྱི་རི་འདབས་སུའང་དགོན་པ་ཞིག་འདུག །དེ་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་པ་འདྲ། གསལ་བོ་མ་ཤེས་ཟེར།  ལམ་གྱི་གཡས་གཡོན་གྱི་ཁྱིམ་ཚང་ལ་ལའི་སྒོ་ཆེན་སྟེང་དུ་བཀའ་བརྒྱུད་སྨོན་ལམ་གྱི་མཚོན་རྟགས་རི་མོ་དེ་ཕབ་འདུག་པས་རྒྱུ་མཚན་འདུག་ཨང་སྙམ། བཀའ་བརྒྱུད་པར་ད་དུང་གཟི་ལམ་དར་ཆ་ཟེར་བ་སྟེང་ན་ཆུ་རིས་ཅན་གྱི་དར་ཆ་དེ་འདྲ་ཞིག་ཀྱང་འདུག  །གཞན་སྒོ་ཆེན་སྟེང་གཡུང་དྲུང་བྲིས་པའང་འདུག །གཡུང་དྲུང་གཡས་བསྐོར་གཡོན་བསྐོར་གཉིས་ཀ་འདུག །ས་སྐྱ་རུའང་ས་སྐྱ་བའི་མཚོན་རྟགས་ཀྱི་དར་ཞིག་འདུག་སྟེ། དེ་ནི་རས་དཀར་བོ་དང་སྔོན་པོ། དམར་བོ་གསུམ་བསྒྲིགས་ནས་གྲུ་བཞི་ནར་མོར་བཟོས་ཤིང་། དཀྱིལ་གྱི་སྔོན་པོའི་སྟེང་ན་སེར་ཐིག་ཡོད་པ་ཞིག་ཏུ་འདུག །སེར་ཐིག་གི་ཚབ་ཏུ་ས་ཡིག་སེར་བོ་བྲིས་པའང་འདུག །དེ་ནི་དགོན་པ་དང་ཁྱིམ་ཚང་། ཟ་ཁང་དང་ཚོང་ཁང་སོགས་ཀྱི་ཀླད་ན་གཡོ་ཞིང་། སྒོ་དང་དྲ་མའི་སྟེང་ནའང་འཕྱོ། མ་ཟད་ལག་སྐྱོར་འཁོར་ལོ་དང་སྦག་སྦག་སོགས་ཀྱི་རྭ་མགོར་ཡང་བཏགས་འདུག །སྐབས་དེར་ངའི་སེམས་སུ་ཕྱག་ན་པདྨོས། ཁ་ནས་གྲུབ་མཐའ་རིས་མེད་སོགས་ཟེར་ཡང་དོན་དུ་ས་སྐྱ་བའི་ཆོས་དར། བཀའ་བརྒྱུད་པའི་ཆོས་དར་ཟེར་བ་དེ་འདྲ་བཟོས་འདུག་ག  །ད་དུང་འབྲུག་པའི་ཡིན་ཟེར་བའི་སྟེང་ན་འབྲུག་ཅན་ཞིག་ཀྱང་འདུག་ག  །སྔོན་མ་ངས་དེ་འབྲུག་རྒྱལ་ཁབ་ཀྱི་ཅི་ཞིག་ཡིན་ནམ་དྲན་སོང་།  ད་དེ་ཅི་ཡིན་ནམ། འབྲུག་ནི་རྒྱ་མིས་ལྷ་ཡིན་པར་ཤོད་སྲོལ་ཡོད་པ་རེད།  ཆོ་མི་འདུག་ག  །ནམ་ཞིག་དགེ་ལུགས་པའི་དར་ཆ་ཟེར་བ་ཞིག་ཀྱང་བཟོ་དགོས་པ་མིན་འགྲོ།  ཞེས་དགག་པ་ཚ་ནན་གཏོང་བཞིན་པ་དྲན་བྱུང་།  ཡང་དགོན་པ་དང་ཁྱིམ་ཚང་སོགས་ཀྱི་སྒོའི་ཡ་ཐེམ་དང་། སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་ནང་ལ། ཟླ་ནག་མ་ཡིན་ཟླ་དཀར་ཡིན། །ལས་དང་བྱ་བ་ཤིས་པར་ཤོག །ཅེས་པའི་ཚིགས་བཅད་གཉིས་སྦྱར་འདུག །དེ་ནི་ཨ་མདོ་སོགས་སུ།  ཨོཾ་པདྨོ་ཥྞཱི་ཥ་བི་མ་ལེ་ཧཱུཾ་ཕཊ།  ཞེས་པ་སྒོའི་ཡ་ཐེམ་དུ་སྦྱོར་བ་དང་འདྲ། དེ་སུས་མཛད་པ་དང་དེའི་ལོ་རྒྱུས་རྒྱབ་ལྗོངས་སོགས་ཤེས་ན་འདོད་ཀྱང་འདྲི་ས་མ་ཆུད།

བརྒྱད་པ། དེ་ནས་ཡུད་ཙམ་སོང་བ་ན་ཞ་ལུར་འགྲོ་སའི་སུམ་མདོར་སླེབས། རླངས་འཁོར་ལས་བབས་ནས་ཡར་སོང་། ཅུང་ཙམ་གྱིས་སྒེེར་འཁོར་ཞིག་སླེབས་ནས་ནང་ལ་སྡོད་དུ་བཅུག །རིན་མེད་དུ་ཞ་ལུའི་སྒོ་ཆེན་བར་དུ་བསྐྱལ།  ཞ་ལུ་ནི་བླ་ཆེན་དགོངས་པ་རབ་གསལ་གྱི་མདུན་ནས་སྡོམ་པ་ལེན་མཁན་དབུས་ཀྱི་མཁས་པ་མི་བཅུའི་ནང་ཚན་ལྕེ་བཙུན་གྱིས་བཏབ།  ཁོང་གི་བླ་མ་ནི་མཁས་པ་མི་བཅུའི་ནང་ཚན་གྱི་རྒན་ཤོས་ལོ་སྟོན་ཡིན། ལོ་སྟོན་གྱིས་བཏབ་པའི་དགོན་པ་ནི་རྒྱན་གོང་ཞེས་ཞ་ལུའི་མར་གཤམ་གྱི་སྤྱི་ལེ་གཅིག་གི་སར་དེང་སང་འདུ་ཁང་གཅིག་ལྷག་ལས་མེད་པ་དེ་ཡིན། ལྕེ་བཙུན་གྱིས་དགོན་པ་ཞིག་འདེབས་དགོས་དགོངས་ནས། རང་གི་བླ་མ་ལོ་སྟོན་ལ་ཞུས་པ་ན། ཁྱོད་ཀྱིས་མདའ་འཕངས་ནས་གང་དུ་ཕོག་པའི་གནས་དེར་དགོན་པ་བཏབ་ཆོག་ཅེས་གསུངས། ཁོང་གིས་ཐག་རིང་ནས་དགོན་པ་བཏབ་ན་བླ་མར་ཞབས་ཕྱི་བྱེད་པར་སྟབས་མི་བདེ་སྙམ་སྟེ། མདའི་ཁོག་ལ་གསེར་བླུགས་ནས་འཕངས། མདའ་དེང་གི་ཞ་ལུ་ཡོད་སའི་ཞིང་ནང་ཞིག་ལ་ལྷུང་ནས་མྱུ་གུ་ཆུང་ཆུང་ཞིག་ལ་ཕོག་ཡོད་པས་མིང་ལའང་ཞ་ལུ་བཏགས། ཞ་ལུ་ནི་མྱུ་གུའི་དོན་ནོ། །ནང་དུ་སོང་ནས་འདུ་ཁང་ལ་མཇལ། གཙང་ཁང་དུ་སྤྱན་རས་གཟིགས་རང་བྱོན་སོགས་ལ་མཇལ། རྟེན་གྱི་གཙོ་བོ་ཡིན་ཟེར། ཟངས་ཀྱི་སྐུ་དང་བཀའ་བསྟན་འགྱུར་གྱི་སྐོར་ངོ་མཚར་བ་མང་དུ་མཐོང་། ཉིས་ཐོག་གི་ནང་དུའང་ལྡེབས་རིས་དང་ཟངས་སྐུ་མང་བོར་མཇལ།   དགོན་འདིའི་ལྡེབས་རིས་ཀྱི་འབྲི་སྟངས་ནི་གཞན་དང་མ་འདྲ་བ་ཞིག་འདུག །རྒྱ་ནག་གི་ཞད་འདྲེས་པ་ཡིན་ཟེར། རྒྱ་ནག་ལས་ཀྱང་རྒྱ་གར་དང་བལ་བོའི་ལུགས་བཞིན་བྱས་ཟེར་ན་རྣར་འགྲོ་བའི་ཚོད་དུ་འདུག །བོད་ཀྱི་མིས་མི་རིགས་གཞན་གྱི་འབྲི་ཐབས་སྤྱད་ནས་བྲིས་པ་ལས། མི་རིགས་གཞན་གྱི་ལྷ་བཟོས་བྲིས་པ་ནི་མིན་པར་སྙམ་སྟེ། སྐུའི་གཤམ་དུ་ཐིག་ཕྲེང་མང་ལ་ཤིན་ཏུ་རིང་བ་དེ་འདྲའི་ཡི་གེ་འབྲི་མཁན་ནི་མཆིམས་པ་བསོད་ནམས་འབུམ་བྱ་བ་ཡིན་ཚུལ་གསལ་བས་སོ། །རིག་གསར་སྐབས་སུའང་ཆག་འཇིག་མ་བྱུང་ཟེར། ཉིས་ཐོག་གི་གཞལ་ཡས་ཁང་ལྷོ་མར་མཇལ། ནང་དུ་བུ་སྟོན་དང་ལྕེ་བཙུན། ལོ་སྟོན་སོགས་ཀྱི་སྨན་སྐུ་མཇལ།  ལྡེབས་རིས་སུ་དཀྱིལ་འཁོར་ཤིན་ཏུ་ཆེ་བ་དགུ་སོགས་མཇལ།  དཀོར་གཉེར་ལ་དཀྱིལ་འཁོར་འདི་དག་ཅི་རེད་ཅེས་དྲིས་པར། མང་བོ་ཞིག་བཤད་ཀྱང་སྐད་བརྡ་མ་འཕྲོད་པས་གསལ་བོར་མ་གོ །རྩིག་ལྡེབས་སུ་ཡང་དང་བསྐྱར་དུ་བཙལ་ཅིང་བལྟས་པས། རྡོ་རྗེ་རྩེ་མོ་ནས་བཤད་པའི་དཀྱིལ་འཁོར་དགུ་ཞེས་པའི་ཡི་གེ་མཐོང་། དེ་དཀྱིལ་འཁོར་དེ་དག་གི་མིང་ངམ་ཡང་ན་འབྲེལ་མེད་དོན་གཞན་ཅི་ཡིན་ཤེས་མ་སོང་།  བུ་སྟོན་གྱི་གསུང་འབུམ་རེད་ཅེས་ཀུན་དགའ་ར་བ་ཆུང་ངུ་ཞིག་ཏུ་བཞུགས་སུ་གསོལ་བའི་པོད་བཞི་བཅུར་ཉེ་བ་ཞིག་དམིགས་བསལ་གྱིས་བསྟན། ཁོང་གི་གསུང་འབུམ་འདིར་བླུ་རྒྱུ་ཡོད་དམ་ཞེས་པར་མེད་ཟེར། བུ་སྟོན་ཐམས་ཅད་མཁྱེན་པ་ནི་བོད་མི་རིགས་སྤྱི་དང་སྒོས་སུ་ཞ་ལུར་མཚོན་ན་བཀའ་དྲིན་ཤིན་ཏུ་ཆེ་བ་སྨྲ་ག་ལ་དགོས།  རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་ལའང་ཁོང་གིས་ཐུགས་བཀོད་བཞག་ཚུལ་རྣམ་ཐར་དུ་གསལ།  ལྷ་ཁང་དེའི་ཁྱམས་འོག་གི་ལྡེབས་རིས་སུ་གཞན་ནས་མཐོང་མ་མྱོང་བའི་འདུལ་བའི་དུས་གོ་སྟོན་པའི་རེའུ་མིག་མཇལ། པར་བཏབ་མོད་ལྕགས་དྲས་བཏུམས་ཡོད་པས་གསལ་བོ་མ་བྱུང་། དེ་ཡང་བུ་སྟོན་རིན་པོ་ཆེའི་འཕྲིན་ལས་ལས་བྱུང་བ་གོར་མ་ཆག །འདུ་ཁང་ལ་མཇལ་གྲུབ་རྗེས། བསྐོར་བར་སོང་བ་ན་འདུ་ཁང་རྒྱབ་ཀྱི་ར་བསྐོར་ཞིག་ཏུ་ཆོས་གྲྭ་འཚོགས་ཡོད་པ་མཐོང་། དགེ་འདུན་པ་བརྒྱ་ལ་ཉེ་བ་ཞིག་འདུག །རྩོད་ཤུགས་ཆེ། ཆོས་གྲྭའི་སྒོ་ཁྱམས་གཡས་གཡོན་དུ་ཀླུང་རྟ་སྡེ་བཞིའི་ལྡེབས་རིས་བྲིས་འདུག །ཨ་མདོའི་ཕྱོགས་སུ་སོག་པོ་སྟག་ཁྲིད་དང་ཨ་ཙ་ར་གླང་ཁྲིད་འབྲི་སྲོལ་ཡོད་པ་དང་མ་འདྲ་བ་རེད། དེ་ནས་སྒོར་བུད་དེ་འདུ་ཁང་ལ་བསྐོར་བ་བྱེད་བཞིན་སོང་། འདུ་ཁང་དང་བར་ཐག་གོམ་པ་བཞི་ལྔ་ལས་མེད་པའི་མཚམས་ནས་གྲོང་ཁྱིམ་ཡིན་པས། ཞ་ལུ་དགོན་ནི་ཆོས་གྲྭ་ཁང་དང་ཚོགས་ཆེན་འདུ་ཁང་སྒོ་ཁྱམས་དང་བཅས་པས་གྲུབ་འདུག་པ་འདྲ། གྲྭ་བ་ཞིག་ལ་འདི་གཉིས་ལས་མཆོད་མཇལ་བྱེད་ས་ཡོད་དམ་ཞེས་དྲིས་པར་མེད་ཟེར།

དགུ་བ། དེ་ནས་སྒོར་བུད་དེ་བུ་སྟོན་རིན་པོ་ཆེའི་རི་ཁྲོད་ཡོད་སའི་ལམ་འདྲི་བཞིན་སོང་། བུ་སྟོན་གྱི་རི་ཁྲོད་དེ་ནི་དགེ་ཆོས་དང་རཱ་ཧུ་ལ་གཉིས་ཕེབས་ནས་ལེགས་སྦྱར་གྱི་གླེགས་བམ་མང་བོ་མཇལ་ས་དེ་ཡིན་ཟེར། དགོན་པའི་གཡས་ཀྱི་གྲོང་ཚོའི་རྒྱབ་ཕྱོགས་སུ་སླེབས་པ་ན། ད་བཟོད་ཕ་གིའི་རི་ཕུག་གི་རི་ཁྲོད་མཐོང་། རྐང་ཐང་གིས་དེར་འགྲོ་བའི་དུས་ཚོད་མི་འདུག་པས། ཕྱིར་དགོན་པའི་ནང་དུ་ཡོང་ནས་གླ་གཏོང་རླངས་འཁོར་ཡོད་མེད་དྲིས་པར་མེད་ཟེར། དེར་དར་ཅིག་བསྡད་པ་ན། ཟ་ཁང་ཞིག་གི་སྒོ་ཁར་གྲོང་བ་འགའ་དང་མཉམ་དུ་ཇ་འཐུང་བཞིན་པའི་གྲྭ་བ་ཞིག་གིས་བོས། རི་ཁྲོད་ལ་མཇལ་ཟིན་ནམ་ཞེས་འདྲི། ལམ་ཐག་རིང་བོ་ཡོད་ཚུལ་དང་རྐང་ཐང་གིས་འགྲོ་བའི་དུས་ཚོད་མི་འདུག་ཚུལ་བཤད་པ་ན། ཁོས་ཟ་ཁང་ལ་ཕྱོགས་ནས་མི་ཞིག་བོས།  གྲྭ་བ་ཞིག་སྒོར་ཐོན་པ་ལ། འགྲོ། རི་ཁྲོད་ལ་འགྲོ་ཟེར། དེས་རླངས་འཁོར་ཞིག་བསྐོར་ནས་སླེབས། ནང་དུ་བསྡད་པ་ན་དེ་མ་ཐག་རི་ཁྲོད་ལ་ཁྱེར། ལམ་བར་གྱི་རི་ངོས་སུ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ལ་ན་མོ་ཞེས་རྡོ་དཀར་གྱིས་བྲིས་ཡོད་པ་མཐོང་། ཞ་ལུ་ནས་སྤྱི་ལེ་གསུམ་ཙམ་གྱི་རི་ཕུག་ཏུ།  སྡོང་བོ་སྣ་ཚོགས་འཁྲིགས་ཤིང་། ཤིན་ཏུ་དྭངས་པའི་ཆུ་ཕྲན་ལྷུང་ལྷུང་འབབ་པ། སྡོང་བོའི་སྟེང་དུ་ཁམ་བུ་དང་། མིང་མི་ཤེས་པའི་མངར་སྐྱུར་གྱི་འབྲས་བུ་གཞན་ཡང་སྣ་ཁ་གཉིས་ཙམ་ཐོགས་པ། མར་གཤམ་གྱི་དགོན་པ་དང་གྲོང་ཚོ་དག་ལག་མཐིལ་དུ་བླངས་པ་བཞིན་གསལ་ལེར་མཐོང་ཐུབ་པ་དེ་འདྲའི་གནས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྒྲུབ་གནས་དང་། བུ་སྟོན་རིན་པོ་ཆེའི་རི་ཁྲོད་གཉིས་མཉམ་དུ་ཆགས།  དེར་ལམ་སྣ་འདྲེན་མཁན་གྲྭ་བ་དེ་གཉིས་ཀྱི་རྗེས་འབྲངས་ཏེ། དེང་གི་འདུ་ཁང་དང་མཆོད་རྟེན་སོགས་དང་། གནའ་བོའི་འདུ་ཁང་དང་བཤད་གྲྭའི་ཤུལ་སོགས་ལ་མཇལ། ཇོ་བོའི་ཐུགས་དམ་འབུམ་པ་ཡིན་ཟེར་བའི་འབུམ་ཁང་རྙིང་བ་ཞིག་ལ་མཇལ།  ཇོ་བོའི་སྒྲུབ་ཆུ་ཡིན་ཟེར་བའི་ཆུ་མིག་ཆུང་ཆུང་ཞིག་ཁང་བ་ཆུང་ངུ་ཞིག་གི་ཡ་ཕུག་ཏུ་མཇལ།  མ་བཀོལ་བར་བསྐྱུར་ཀྱང་འཕེལ་དྲགས་ནས་ཕྱིར་འབོ་བ་མེད་ལ། ཅི་ཙམ་སྤྱད་ཀྱང་ཕྲི་ནས་རྫོགས་པ་མེད་ཟེར། བུ་སྟོན་རིན་པོ་ཆེའི་བཞུགས་གནས་ག་རེ་ཞེས་དྲིས་པས།  ཁོང་རྒྱུན་པར་བཞུགས་ས་འདི་ཡིན། ཡ་གིའི་རི་རྩེ་ནའང་ཁོང་ལ་མཚམས་ཁང་ཞིག་ཡོད་པ་རེད་ཟེར་ནས། མིག་གིས་མཐོང་ཚད་ན་མེད་པའི་གནས་ཤིག་བསྟན། དེར་འགྲོ་མ་ཐུབ་པས་ཕངས་སེམས་ཆེ། དགེ་ཆོས་སོགས་ཕེབས་ས་དེ་འདི་དང་དེ་གཉིས་ཀྱི་གང་ཡིན་མ་ངེས། དེ་ནས་མར་བབས་ཏེ་རི་ཁྲོད་འདབས་ཀྱི་ཚོང་ཁང་ཡོད་ས་དེར། ལམ་མཁན་གྲྭ་བ་དེས་སྐོམ་ཆུ་སོགས་ཉོས་ནས་ཡུད་ཙམ་ལ་ངལ་གསོས། སྡོང་མགོའི་གང་སར་ཁམ་བུ་ཕོན་ཆེ་བ་ཐོགས། སྨིན་མ་ཟིན་པས་ད་དུང་ལྗང་གུར་འདུག །ཁོ་ཚོས་མ་སྨིན་པ་དེ་ལ་སྔོ་རྡོ་ཟེར། ཕ་ཡུལ་ནས་སྟར་བུ་སྔོ་རྡོ་དང་སིལ་ཏོག་སྔོ་རྡོ་སོགས་ཟེར་སྲོལ་ཡོད་པ་དེ་དང་འདྲ་ཨང་སྙམ་པ་བྱུང་།
དེ་ནས་སླར་ཡང་ཁོ་རང་གཉིས་ཀྱི་རླངས་འཁོར་གྱིས་བསྐྱལ་ནས་ཞ་ལུ་དགོན་པའི་སྒོ་ཁར་སླེབས། དེར་སླེབས་མ་ཐག་གཞིས་རྩེར་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ལམ་ལ་ཆས་བཞིན་འདུག །ལམ་མཁན་གྲྭ་བ་དེས་དྲ་མ་ལས་རླངས་འཁོར་ཁ་ལོ་བ་དེར་ཏོག་ཙམ་སྒུག་དང་། ཏོག་ཙམ་སྒུག་དང་ཟེར་བཞིན་རྒྱུག །ངེད་གཉིས་རླངས་འཁོར་ལས་བབས་ནས་ཐུགས་རྗེ་ཆེ་ཞུས་པར། དེ་འདྲ་ལབ་དགོས་པ་མ་རེད། མྱུར་མོར་རྒྱུགས་ཤིག །མོ་ཊའི་རྗེས་ཆོད་པ་གྱིས་ཤིག་ཟེར། དེ་ནས་རྒྱུག་སྟེ་གཞིས་རྩེར་འགྲོ་བའི་རླངས་འཁོར་དུ་བུད། དྲ་མ་ལས་ཕྱིར་བལྟས་པར་ཁོང་གཉིས་ཀྱིས་ངེད་གཉིས་ཀྱི་ཕྱོགས་སུ་བལྟས་འདུག །ཆ་མེད་རྒྱུས་མེད་ཀྱི་ཐག་རིང་མཇལ་བར་དེ་འདྲའི་གྲོགས་དན་གནང་བར་ཡིད་སེམས་འཁུལ་བ་བྱུང་། སེམས་བཟང་མི་དག་ཚེ་རིང་ལོ་བརྒྱ་ཡོང་བར་སྨོན།
དེ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་བ་ཡས་མས་སུ་གཞིས་རྩེར་འབྱོར། དགོང་དྲོའི་ཆུ་ཚོད་དྲུག་དང་སྐར་མ་བཞི་བཅུའི་མེ་འཁོར་ལ་བསྡད་ནས་ལྷ་སར་བསྐྱོད། དགོང་མོའི་ཆུ་ཚོད་དགུ་དང་སྐར་མ་སོ་གསུམ་སྟེང་ལྷ་སར་འབྱོར། མགྲོན་ཁང་དུ་སོང་ནས་ངལ་གསོས།   

བཅུ་བ། ད་ནངས་སྔ་དྲོའི་ཆུ་ཚོད་བཅུ་བ་ཡས་མས་སུ་འབྲས་སྤུངས་དགོན་པར་སོང་། པེ་ཅིང་ཤར་ལམ་ནས་སྤྱི་སྤྱོད་རླངས་འཁོར་ཉེར་ལྔ་བར་བསྡད་ནས་ཕེབས་ཆོག །འབྲས་སྤུངས་ནི་༡༤༡༦ལོར་རྗེ་ཙོང་ཁ་བའི་དངོས་སློབ་འཇམ་དབྱངས་ཆོས་རྗེས་བཏབ། སྣེའུ་རྫོང་དཔོན་ནམ་མཁའ་བཟང་བོས་སྦྱིན་བདག་མཛད། དེ་ལ་སླེབས་པ་ན་ཐོག་མར་དགའ་ལྡན་ཕོ་བྲང་ལ་མཇལ།  ཀུན་གྱིས་མཁྱེན་གསལ་ལྟར་དགའ་ལྡན་ཕོ་བྲང་ནི་རྒྱལ་དབང་ལྔ་བའི་སྐབས་ནས་བྱུང་། ཁོང་གི་སྲིད་འཛིན་གྱི་ལྟེ་བའང་འདི་ཡིན་པར་བཤད། དེ་ནས་ཚོགས་ཆེན་འདུ་ཁང་དང་སྔགས་པ་གྲྭ་ཚང་གི་འདུ་ཁང་ལ་མཇལ།  འདུ་ཁང་རྒྱབ་ལོགས་ཀྱི་སྒྲུབ་ཁང་ཆུང་ངུ་འཇམ་དབྱངས་རང་བྱོན་ཅན་དེ། སྔར་འཇམ་དབྱངས་ཆོས་རྗེ་བས་སྒྲུབ་པ་སྙིང་བོར་མཛད་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་ཞེས་རྣམ་ཐར་ལས་འབྱུང་བ་དེ་ཉིད་ཡིན་ངེས་སྙམ་དུ་མཇལ།  འབྲས་སྤུངས་ཀྱི་རྟེན་གྱི་གཙོ་བོ་ནི་རྗེ་རིན་པོ་ཆེས་འགོག་པ་རི་ནས་གཏེར་ལས་བཏོན་པའི་དུང་དཀར་གཡས་འཁྱིལ་དེ་ཡིན་པར་གྲགས་ནའང་།  དེ་ཉིད་རྐུན་མར་ཤོར་ནས་ལོ་མང་འགོར་བའི་རྗེས་སུ་ཕྱིའི་རྒྱལ་ཁབ་ཅིག་ཏུ་རྙེད་དེ་ཕྱག་ན་པདྨོར་ཕུལ་ཞིང་། ཁོང་གིས་སླར་རྒྱ་གར་གྱི་འབྲས་སྤུངས་དགོན་ལ་གནང་སོང་སྐད། གཞན་འབྲས་སྤུངས་འཇིགས་བྱེད་རང་བྱོན་ཞེས་གྲགས་པ་རྗེ་རིན་པོ་ཆེས་དངོས་སུ་བྱིན་གྱིས་བརླབས་པ་སོགས་ཀྱིས་མཚོན་སྐུ་གསུང་ཐུགས་ཀྱི་རྟེན་གྲངས་མེད་པར་མཇལ། བློ་གསལ་གླིང་དང་སྒོ་མང་འདུ་ཁང་ལ་མཇལ།  ཀླུ་འབུམ་ཁང་ཚན་ལའང་མཇལ། ལོ་བཅུ་ཕྲག་ཅིག་གི་ཡར་སྔོན་དུ། ཡུལ་ཕྱོགས་ཀྱི་གྲྭ་བ་འགའ་སོགས་ཀྱིས་མ་དངུལ་བསྡུ་རུབ་ཀྱིས་ཀླུ་འབུམ་ཁང་ཚན་བསྐྱར་བཞེངས་མཛད་ཅིང་།  རྟེན་དང་བརྟེན་པར་བཅས་པ་ཡིད་འཕྲོག་པ་དེ་འདྲ་གྲུབ།  གྲྭ་བའང་ཁང་ཚན་གྱི་ནང་དུ་མི་ཆུད་པ་དེ་འདྲ་འདུས། དེ་ལྟ་ནའང་ཉིས་སྟོང་བརྒྱད་ལོར་ཕྱོགས་འདུས་ཀྱི་གྲྭ་བ་རྣམས་ཕྱིར་བདས་པ་དང་བསྟུན། ཀླུ་འབུམ་ཁང་ཚན་ཡང་སྟོང་བར་ལུས།  ད་ལྟ་ཁང་ཚན་གྱི་ཕྱི་ནང་ཀུན་ཏུ་བྱ་རྟུག་དང་གད་སྙིགས་ཀྱིས་ཁེངས་ཤིང་། བལྟས་ཙམ་གྱིས་སྙིང་ཤ་གཟེར་བ་དེ་འདྲ་འདུག  །ཁང་ཆུང་ཞིག་ལས་ཨམ་སྐད་མི་གོ་བའི་གྲྭ་ཕྲུག་ཅིག་སྒོར་བུད་ནས། མཆོད་མཇལ་ཡོད་པ་མ་རེད། སྒོ་ཕྱེ་མཁན་ཡོད་པ་མ་རེད་ཅེས་བཤད་རྗེས་ཕྱིར་ནང་དུ་ཐལ།  པྲ་ཉེ་ཁང་ཚན་བརྒྱུད་དུས་ཡིད་ལ་གཏམ་རྒྱུད་ཅིག་ཤར། སྔོན་ཀུན་མཁྱེན་འཇམ་དབྱངས་བཞད་པ་འབྲས་སྤུངས་ལ་སློབ་གཉེར་དུ་ཕེབས་དུས།  ཁོང་ཡུལ་རིས་ཀྱིས་དེད་ན་པྲ་ཉེ་ཁང་ཚན་དུ་གཏོགས་པས་དེར་མིང་ཐོ་འགོད་དུ་སོང་།  དེར་ཁང་ཚན་རྒན་གྱིས་ཞུགས་སུ་མ་བཅུག་པས། དབལ་ཤུལ་ཁང་ཚན་ལ་ཐོ་འགོད་དུ་སོང་། དེའི་ཁང་ཚན་རྒན་གྱིས་ཁོ་ཚོས་མི་ལེན་ན་ཕྱིར་སོངས་ལ་མི་ལེན་པའི་བདེན་དཔང་ཞིག་ཁྱེར་ཤོག་ཅེས་མངགས། ཁོང་ཕྱིར་སོང་ནས་དེ་ལུགས་ཞུས་པས་ཁྱོད་ལ་བདེན་དཔང་ཅི་དགོས་ཨང་། འདེ་ཞེས་བཞེས་བཞིན་པའི་རྩམ་པ་ལས་འཆང་བུ་གཅིག་བཅད་ནས་བྱིན། ཁོང་གིས་དེ་བསྣམས་ནས་དབལ་ཤུལ་ཁང་ཚན་གྱི་རྒན་ལ་ཕུལ་བར། རྒན་གྱིས་དེ་ཁ་བཏགས་ཤིག་གིས་བཏུམས་ནས་སྙན་ཤལ་ནང་དུ་བཏགས། ཕྱིས་སུ་ཀུན་མཁྱེན་མཆོག་མཁས་པ་ཆེན་པོར་གྱུར་བ་ན། པྲ་ཉེ་ཁང་ཚན་གྱིས་ཁོང་ཁོ་རང་ཚོའི་ཁང་ཚན་གྱི་ཡིན་ཚུལ་བརྗོད་ནས་ཕར་ལེན་རྩིས་བྱས། དེར་དབལ་ཤུལ་ཁང་ཚན་གྱིས་སྙན་ཤལ་ནང་གི་རྩམ་ལོག་བསྟན་པ་ན་སྨྲ་བ་མེད་པར་གྱུར་ཅིང་།  ཁོང་གི་མཚན་ལའང་དབལ་ཤུལ་ངག་དབང་བརྩོན་འགྲུས་ཞེས་རྒྱུན་ཆགས་པ་བྱུང་།
འབྲས་སྤུངས་ལ་མཆོད་མཇལ་གྲུབ་སྟེ་གནས་ཆུང་སྒྲ་དབྱངས་གླིང་དུ་འགྲོ་བར་བརྩམས་པ་ན།  སྒེར་འཁོར་ཞིག་གམ་ནས་བསྡད་དེ། སྐུ་ཞབས་ལགས་གཤམ་ལ་འགྲོ་བ་ཡིན་པས་ཟེར། ཡིན་ཞེས་པར་ནང་དུ་བཞུགས་དང་ཟེར། ཁ་ལོ་བ་བུད་མེད་ཅིག་རེད། གནས་ཆུང་གི་སྒོའི་བར་དུ་བསྐྱལ་ནས་སོང་།  ནང་དུ་སོང་སྟེ་སྙན་ཤལ་དང་གསེར་སྐྱེམས་སོགས་ཕུལ།  གནས་ཆུང་སྒྲ་དབྱངས་གླིང་འབྲས་སྤུངས་ཀྱི་མར་གཤམ་དེར་ཆགས་དགོས་ཚུལ་ལ་ངག་རྒྱུན་སྙིང་རྗེ་བོ་རེ་ཤོད་སྲོལ་འདུག་ནའང་། ཉོག་འགྲོ་བར་དོགས་ནས་བཞག །ཤེས་འདོད་ན་དུང་དཀར་ཚིག་མཛོད་དུའང་གསལ།

བཅུ་གཅིག འབྲས་སྤུངས་ཀྱི་མཆོད་མཇལ་གྲུབ་རྗེས་ཐད་ཀར་སེ་ར་དགོན་པར་ཆས།  ལྷ་ས་གྲོང་ཁྱེར་ནས་སེ་རར་འགྲོ་ན་སེ་ར་ལྷོ་ལམ་ནས་སྤྱི་སྤྱོད་རླངས་འཁོར་བཅུ་དྲུག་པར་བསྡད་ནས་སོང་ན་སྟབས་བདེ་བོ་འདུག །སེ་ར་དགོན་ནི་༡༤༡༩ལོར་རྗེ་ཙོང་ཁ་བའི་དངོས་སློབ་བྱམས་ཆེན་ཆོས་རྗེས་བཏབ། བྱམས་ཆེན་ཆོས་རྗེ་ནི་གོང་མ་ཡུང་ལོའི་དབུ་བླར་བཞུགས་ཤིང་མཐར་ཛོ་མོ་མཁར་ནས་སྐུ་གཤེགས་པ་དེ་ཡིན། སེ་ར་དགོན་དུ་སླེབས་མ་ཐག་ཆོས་གྲྭ་འཚོགས་བཞིན་པས་དེར་མཇལ། གྲྭ་བ་བརྒྱ་ཡས་མས་ཤིག་འདུག །ཉིས་སྟོང་བརྒྱད་ལོའི་རྗེས་ནས་དབུས་ཀྱི་གྲྭ་ས་མང་བོའི་འཆད་ཉན་ལ་ཉམས་ཆག་ཆེན་པོ་བྱུང་ཞིང་། དེ་དག་ལས་ཀྱང་སེ་འབྲས་དགེ་གསུམ་ལ་གྱོང་གུད་ཤིན་ཏུ་ཆེ་བ་བྱུང་བ་ཤེས་ཐུབ།  དེང་དུས་སེ་རའི་རྟེན་དག་ལས་ཆེས་གྲགས་ཆེ་བ་རྟ་མགྲིན་རང་བྱོན་ལ་མཇལ། སྔར་ཀུན་མཁྱེན་བློ་གྲོས་སེང་གེ་གཞིས་ཀ་དཔལ་འབྱོར་ལྷུན་པོར་བཞུགས་སྐབས། ཡབ་རྟོགས་ལྡན་ཡོན་ཏན་མགོན་པོས་ཁྱོད་ཡི་དམ་འདི་དང་ཕུར་བ་འདི་ལ་མ་བྲལ་བ་གྱིས་ཞེས། རྟ་མགྲིན་འདིའི་ཆོས་སྐོར་དང་གྲུབ་ཆེན་འདར་ཕྱར་བས་གཏེར་ནས་བཏོན་པའི་ཕུར་བ་གཉིས་ཆེད་གཉེར་སྐྱེལ་མི་བྱུང་བར་བརྟེན།  ལྷ་འདི་ཡི་དམ་དུ་བསྟེན་ནས་སྒྲུབ་པ་ནན་ཆེར་མཛད། ནམ་ཞིག་བྱ་རོག་དམར་བོ་ཞིག་བྱུང་ནས་ཤིང་སེ་བའི་ཕུང་བོ་ཞིག་ལ་ཐིམ་པ་གཟིགས།  དེ་ལ་ཞིབ་ཏུ་དཔྱད་པས་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པས་རྟ་སྐད་ལྷང་ལྷང་འཚེར་བ་ཞལ་གཟིགས།  སེ་བ་དེ་ལ་སྲོག་ཤིང་བྱས་ཤིང་ཉིད་ཀྱི་ཆོས་གོས་ཀྱིས་གཡོགས་ནས་རྟ་མགྲིན་འདི་བཞེངས་པ་ཡིན་ཟེར།  དེའི་ལྷ་ཁང་གི་རྩིག་ངོས་སུ་གསེར་ཞུ་དང་མདའ་གྲི་མདུང་གསུམ། བོའུ་སོགས་མཚོན་ཆ་སྣ་ཚོགས་བཀལ་འདུག་པ་མཐོང་།  སྐབས་དེར་རྒྱ་མི་ཞིག་གིས་ངོ་མཚར་དང་བཅས་མཚོན་ཆ་དེ་དག་ཅི་རེད་ཅེས་དྲིས།  ཕལ་ཆེར་དགྲ་ཡ་གཉིས་འདུམ་པོ་བྱུང་རྗེས་མཚོན་ཆའང་འདིར་ཕུལ་བ་དེ་འདྲ་བྱས་ནས་མང་དུ་འདུས་པ་ཨེ་ཡིན་ནམ། དེ་ཡིན་ན་བོའུ་ཡང་རྗེས་མར་བཀོལ་སྤྱོད་མི་ཐུབ་པ་བཟོས་ནས་འཇོག་དགོས་པ་རེད་ཅེས་བཤད་ཁུལ་བྱས། རྒྱུ་མཚན་ལྡན་པ་ཞིག་མ་ཤེས་པས་ཞུ་ཐབས་བྲལ། ཚོགས་ཆེན་འདུ་ཁང་ལ་མཇལ། སེ་རའི་དཔེ་མཛོད་ཁང་ལ་སོང་།  དེ་ནི་སེ་ར་དང་གཙུག་ལག་ཁང་གཉིས་ཀྱིས་མཉམ་སྒྲུབ་བྱས་པའི་དཔེ་ཁང་དེ་རེད། དཔེ་ཆ་བླུ་མཁན་མང་། དེང་སང་ལྷ་ས་ནས་བོད་ཡིག་གི་དཔེ་ཆ་སྤུས་དག་འཚོང་རྒྱུ་ཆེས་མང་ས་དེ་སེར་གཙུག་དཔེ་ཁང་ཡིན་པ་འདྲ།  འོན་ཀྱང་དེ་ནའང་ཡིད་ཚིམས་པ་ཞིག་མི་འདུག །སྣ་རིང་གི་སྐོར་མེད་པ་ནི་སྟོང་ཆ་ཞིག་རེད། སྣ་རིང་གི་སྐོར་དཔེ་ཁང་དང་པར་ཁང་མང་བོ་ནས་མི་རྙེད་པས་དེའི་དཀའ་ངལ་ཆེ། ཉིན་འདི་ཚོར་ང་རང་སྣར་ཐང་པར་ཁང་དང་ཞོལ་པར་ཁང་།  དགའ་ལྡན་པར་ཁང་། ར་མོ་ཆེའི་དཔེ་ཁང་། རྨེ་རུའི་བཀའ་འགྱུར་པར་ཁང་སོགས་སུ་རྒྱུག་ནའང་དགོས་པའི་དཔེ་ཆ་དག་ལག་ཏུ་མ་ཆུད།  ཞོལ་པར་ཁང་གི་པར་ཤིང་ལ་བོད་ལྗོངས་ཡིག་ཚགས་ཁང་གིས་བདག་པོ་བརྒྱབ་པས་རང་དགར་དཔར་མི་ཐུབ་པ་བཟོས་ཡོད་སྐད། དེ་ནི་དངོས་གནས་གཏམ་ངན་ཞིག་གོ །སེ་ར་ཆོས་སྡིངས་ལ་མཇལ་མ་ཐུབ། སེ་རའི་གོས་སྐུ་བཤམ་ས་དེ་ནས་གོམ་པ་བརྒྱ་ལྷག་གི་མཚམས་སུ་འདུག །  སེ་འབྲས་དགེ་གསུམ་མ་བཏབ་པའི་སྔོན་དུ་རྗེ་བླ་མས་རྩ་ཤེའི་ཊིཀ་ཆེན་མཛད་ནས་འཆད་ཉན་གཙོ་བོར་བྱེད་ས་དང་། མཁས་གྲུབ་རྗེ་ཐོག་མར་རྗེ་ལ་མཇལ་ས།  བྱམས་ཆེན་ཆོས་རྗེ་ལ་དགོན་སྡེ་གཟུགས་པར་བཀའ་གནང་ས། སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པའི་ཕྱིར་བཀའ་གནང་བ་ལ་རྗེ་ཤེར་སེང་གིས་བཀའ་མནོས་ས་སོགས་འདི་ཡིན་ཟེར་ནས་གྲགས་པ་ཆེ།  

བཅུ་གཉིས། སེ་རར་རགས་རིམ་ཞིག་མཇལ་གྲུབ་རྗེས་སེ་རའི་དུར་ཁྲོད་ལ་སོང་།  དུར་ཁྲོད་ཀྱི་གཡས་ཕྱོགས་ཀྱི་གདོང་སྣ་དེ་ནས་བལྟས་ན་དུར་ཁྲོད་ཀྱི་རྣམ་པ་ལེགས་པར་འཆར།  འོན་ཀྱང་ལོ་འགའི་སྔོན་གྱི་འདུ་འཛི་ཆེ་བ་དེ་འདྲ་མ་ཡིན་པར་ཁུ་སིམ་མེར་འདུག །ཕར་བལྟས་ཚོད་ལ་དུར་ཁྲོད་ཀྱི་ཕ་བོང་དེ་ཡ་གིའི་རི་ངོས་ཀྱི་ཕ་བོང་དག་དང་འདྲ་ཞིང་། དེ་ལས་མར་ལྷུང་སོང་བ་རེད་ཨང་སྙམ་པ་སྟེར་ཡང་། ངག་རྒྱུན་ལ་ཕ་བོང་དེ་ཉིད་དུར་ཁྲོད་བསིལ་བ་ཚལ་ནས་འཕུར་ཡོང་བ་ཡིན་ཟེར་སྐད། གང་ལྟར་སྔར་ཡ་གིའི་ཀེའུ་ཚང་རི་ཁྲོད་ཀྱི་རྟེན་གཙོ་རྗེ་བཙུན་བྱམས་པ་མགོན་པོའི་གསེར་ཞལ་དེ་སེ་རའི་དུར་ཁྲོད་ཀྱི་ཕ་བོང་ལ་ཕྱོགས་ཡོད་པས། བེམ་པོ་དེར་བསྐྱལ་ཚད་ལ་འཕོ་བ་གསུང་མི་དགོས་ཞེས་པའི་བརྗོད་སྲོལ་ཡོད་པ་རེད་ཟེར།  བདག་སྔར་ལོ་བཅུ་ཕྲག་ཅིག་གི་གོང་དུ་དེར་འགྲོ་དུས། ཕ་བོང་གི་གཤམ་དེར་ཆུ་བརྒྱབ་ནས་ཕ་བོང་དེ་ཉིད་མར་ལྷུང་འགྲོའམ་སྙམ་པ་ཞིག་འདུག །དེང་སང་དེར་རྡོ་རྩིག་བརྒྱབ་ནས་བརྟན་པོ་བཟོས་འདུག །གོ་ཐོས་ལ་དེར་རྡོ་རྩིག་བརྒྱབ་པ་ནས་དུར་ཁྲོད་ལ་བྱ་འབབ་རྒྱུ་ཇེ་ཉུང་ལ་སོང་འདུག་ཟེར།  དེ་ནས་ར་ཁ་བྲག་ལ་འགོས། སེ་ར་དང་ར་ཁ་བྲག་གི་སྤྱི་སྒང་ནས་ཡར་རི་ཁར་སླེབས་ལ་ཁད་དུ་འགོས་པར་སེ་ར་རྩེ་སྒྲུབ་ཁང་ལ་འགྲོ་བའི་ལམ་ལ་ཐུག །སེ་ར་རྩེར་མཇལ། རྗེ་ཡབ་སྲས་གསུམ་གྱི་སྒྲུབ་ཁང་སོགས་སོ་སོར་འདུག །རྡོ་དང་འདམ་བག་ཁོ་ནས་བྱས་པའི་ཁུང་བུ་འདི་འདྲ་ཆུང་ངུ་དག་ནས་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་ཆེན་དེ་འདྲ་བྱུང་ཚུལ་ལ་བསམ་ན་དངོས་གནས་ཧ་ལས་པར་བྱེད།  ཡིག་ཆ་ལ་ལར་སེར་རྩེའི་སྒྲུབ་ཁང་འདི་སྒྲུབ་ཁང་བས་བཏབ་པར་བཤད་ནའང་། དེའི་མཚམས་སྦྱོར་སོགས་སུ་དེའི་སྐོར་ཅི་ཡང་མི་འདུག །སྒྲུབ་ཁང་དག་ལས་གཞན་པའི་ལྷ་ཁང་མང་ཆེ་བ་ད་ལྟ་གསར་བཞེངས་དང་བསྐྱར་བཞེངས་བྱེད་བཞིན་པའི་སྒང་ངོ་། །
དེ་ནས་ར་ཁ་བྲག་ལ་མཇལ། ཆེས་སྟེང་མར་རྗེ་སྒྲུབ་ཁང་བའི་རི་ཁྲོད་ཟེར་རམ་ཅིག་འདུག  །དེའི་འོག་གི་དཀྱིལ་དུ་རྗེའི་སྒྲུབ་ཁང་དང་། གཡས་གཡོན་གྱི་ཅུང་དམའ་བའི་སར་སྲས་གཉིས་ཀྱི་སྒྲུབ་ཁང་འདུག  །སྲས་གཉིས་ཀྱིས་རྡོ་བའི་གདུང་མ་རེ་ཕུལ་ནས་བཞེངས་པར་གྲགས་པའི་རྗེའི་སྒྲུབ་ཁང་དེ་མཇལ་དུས་གར་ཡོང་མི་ཤེས་པའི་སྐྱོ་ཤས་ཀྱིས་ཡ་ཆུང་བཀང་།  སྐྱེས་བུ་དམ་པ་དག་གིས་བཞུགས་སའི་གནས་བྱིན་གྱིས་བརླབས་པ་ལ།  ང་ཚོས་གནས་དེ་ཡིས་རང་ཉིད་ལ་བྱིན་གྱིས་རློབ་པར་རེ། འདི་ནི་ཁྱད་པར་ཏེ་ཕལ་བ་དང་ཕལ་མིན་གྱི་ཁྱད་པར་ཡང་འདི་མིན་ན་གང་། གང་དེར་འབྱོར་བ་ན་ཡིད་ཀྱི་རྒུ་ལ་སྔར་མེད་ཀྱི་ཞི་བ་རེ་སྩོལ་བར་བྱེད་པ་ནི། བཤད་རྒྱུན་ལ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཞེས་པ་གང་དེའི་ཁྱད་ཆོས་མིན་ན་ཅི། རྩིག་པའི་ངོས་སུ་གནས་དེ་ནི་རྗེ་བླ་མའི་ལྕགས་མདའ་ལྕགས་གཞུར་གྲགས་པའི་གཞུང་ཁྱད་པར་ཅན། དྲང་ངེས་ལེགས་བཤད་སྙིང་བོ་རྩོམ་ས་དང་། གོང་མའི་ཞུ་ཡིག་རྩིས་མེད་དུ་གཏོང་ས་འཁྲུལ་མེད་ཡིན་ཚུལ་བྲིས་འདུག །ལ་ལས་ལྕགས་མདའ་ལྕགས་གཞུ་ནི་ལམ་སྔགས་གཉིས་ལ་སྦྱོར་དགོས་ཚུལ་བཤད་ཀྱང་། དེ་ནི་གནད་མ་གོ་བ་ཡིན་ཚུལ་བླ་མའི་ཞལ་ལས་ཐོས།  དེར་མ་ཟད་གནས་དེར་སེ་ར་ཆོས་རྗེ་ཤཱཀྱ་ཡེ་ཤེས་དང་།  ཁྲི་ཆེན་ངག་དབང་མཆོག་ལྡན། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། ཕུར་ལྕོག་ངག་དབང་བྱམས་པ་སོགས་མཁས་གྲུབ་མང་བོ་རིམ་པར་བྱོན་ནས་སྒྲུབ་པ་དང་འཆད་ཉན་བསྐྱངས། དེ་དག་ལས་ཀྱང་སྒྲུབ་ཁང་བ་མཆོག་གིས་སེ་ར་རྩེ་དང་ར་ཁ་བྲག  །ཕུར་བུ་ལྕོག་རི་ཁྲོད་སོགས་སུ་དགེ་འདུན་གྱི་སྒྲུབ་སྡེ་བཙུགས་ནས་ལེགས་པར་བསྐྱངས་པས་སྐུ་དྲིན་ཆེ།
དེ་ནས་མར་ཅུང་ཙམ་བབས་ན་ཀེའུ་ཚང་རི་ཁྲོད་ལ་མཇལ་ཐུབ། འདི་ལ་ཤར་ནུབ་ཀྱི་རི་ཁྲོད་གཉིས་སུ་བཤད་སྲོལ་འདུག་ལ། ཀེའུ་ཚང་ཤར་རི་ཁྲོད་ནི་ཀེའུ་ཚང་འཇམ་དབྱངས་བློ་གསལ་དང་། ཀེའུ་ཚང་ནུབ་རི་ཁྲོད་ནི་ཀེའུ་ཚང་སྐུ་ཕྲེང་དང་བོ་བྱམས་པ་སྨོན་ལམ་མཆོག་གིས་བཏབ། ཀེའུ་ཚང་ནི་ཕུག་པའི་དོན་ཡིན་པར་བཤད། ཤར་ནུབ་ཀྱི་ཁྱད་པར་ཕྱེས་ཀྱང་དོན་དུ་ཕར་ཚུར་བྱས་ཏེ་མཉམ་དུ་ཡོད། ནུབ་ཀྱི་རི་ཁྲོད་ཆགས་ས་དེ་མཐོང་ཙམ་གྱིས་ཡིད་ལ་འཇིགས་སྣང་སྟེར་བའི་བྲག་གཡང་དེ་འདྲར་འདུག །བྲག་གཡང་དུ་སྔར་གྱི་རྩིག་པའི་ཞིག་རོ་དག་ཀྲོང་ངེར་འགྱིངས། དེ་ཙམ་གྱིས་མེས་པོ་དག་གི་བློ་སྤོབས་དང་རྣམ་དཔྱོད་ལ་གུས་འདུད་ཤོར།  སྔོན་གྱི་ཀེའུ་ཚང་རི་ཁྲོད་ཀྱི་རྣམ་པ་མཚོན་པའི་རི་མོ་དེབ་དག་ཏུ་མཐོང་མྱོང་བས། ད་ལྟ་དེ་འདྲ་ཞིག་ཏུ་གྱུར་ཚུལ་མཇལ་དུས་ཕངས་སེམས་དང་སྐྱོ་སྣང་སྤེལ་མར་སྐྱེས།   དེ་ནས་ཀེའུ་ཚང་རི་ཁྲོད་ཀྱི་འདུ་ཁང་གསར་བར་མཇལ་ནས་མར་བབས། ས་རུབ་ལ་ཉེ་ཞིང་གྲོད་ཁོག་ཀྱང་ལྟོགས་བཞིན་འདུག་པས།  རི་ཁྲོད་ཀྱི་ཁང་མིག་ཅིག་ནས་མཆེད་པའི་གཡོས་སྦྱོར་གྱི་དྲི་མས་དྲི་འཛིན་གྱི་དབང་བོ་བཅོམས།  དེ་ནས་རླངས་འཁོར་གྱི་ལམ་ལ་ཞུགས་ནས་སོང་བར་ས་རུབ།  ཀེའུ་ཚང་རི་ཁྲོད་རྒྱབ་ཀྱི་ཞོལ་ངོས་དེར་ཕུར་བུ་ལྕོག་རི་ཁྲོད་ཀྱི་གློག་སྒྲོན་མག་མོག་དག་མཐོང་། དེར་འགྲོ་སྐལ་མ་བྱུང་། རི་ཁྲོད་དེ་ནི་སྒྲུབ་ཁང་དགེ་ལེགས་རྒྱ་མཚོས་བཏབ། ཡོངས་འཛིན་བྱམས་པ་རིན་པོ་ཆེ་ཡང་དེར་བཞུགས་ནས་འཆད་ཉན་བསྐྱངས་པས་ཕུར་ལྕོག་བྱམས་པ་རིན་པོ་ཆེ་ཞེས་གྲགས་པ་ཆེ། དོག་སྡེའི་གྲོང་ཚོར་འབྱོར་དུས་མུན་ཡོངས་སུ་རུབ་འདུག་པས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་ལྷ་སར་ཕྱིན།  ཆུ་ཚོད་དགུ་བ་ཡས་མས་སུ་མགྲོན་ཁང་དུ་འབྱོར་ཅིང་ངལ་གསོས།

བཅུ་གསུམ། ད་ནངས་ཆུ་ཚོད་ལྔ་བ་དང་ཕྱེད་ཀ་ནས་རྡོ་སེང་གེའི་ལམ་དུ་ཡོང་སྟེ་དགའ་ལྡན་དུ་འགྲོ་བའི་རླངས་འཁོར་བཙལ།  མི་རེར་སྒོར་ཉི་ཤུ་རེ་དགོས།  ཆུ་ཚོད་དྲུག་པ་ནས་ལམ་ལ་ཆས། དགའ་ལྡན་རི་ངོས་ཀྱི་གཞུང་ལམ་ཀྱག་ཀྱོག་ཤིན་ཏུ་མང་བ་དེས་སྔར་བཞིན་སྒུག་འདུག  །མགོ་ཡོམ་འཁོར་བཞིན་ཡར་སོང་བ་ན་ཉི་རྩེ་དང་མཉམ་དུ་དགའ་ལྡན་ལ་འབྱོར།  ཐེངས་སྔ་མར་དགའ་ལྡན་དུ་འབྱོར་དུས་ཀྱང་"ཞོགས་པའི་ཉི་རྩེ་དང་མཉམ་དུ་ཁྱོད་ཀྱི་གསེར་ཞལ་མཇལ། "ཞེས་སྙན་ངག་ཏུ་བྲིས་མྱོང་བ་དེ་དྲན་བྱུང་།  ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཡས་མས་སུ་འདུག  །དེ་ནས་མཆོད་མཇལ་གྱི་དབུ་བརྩམས། ཚོགས་ཆེན་འདུ་ཁང་དུ་མཇལ། དགའ་ལྡན་གསེར་ཁྲིར་མཇལ།  དགའ་ལྡན་གསེར་ཁྲིར་བཞུགས་ཚེ་ངེས་པར་བརྒྱུད་དགོས་པའི་ལམ་བུ་ནི།  དགའ་ལྡན་དགོན་པའི་མར་གཤམ་གྱི་གཞུང་ལམ་དེ་དང་འདྲ་བར་ཀྱག་ཀྱོག་ཤིན་ཏུ་ཆེ་ཨང་སྙམ་བཞིན་དད་པ་ལྷག་ཏུ་འཕེལ།  བདེ་ཡངས་ལྷ་ཁང་དུ་རྗེའི་གསེར་གདུང་ལ་མཇལ།  བྱམས་ཁང་དང་བཀའ་བསྟན་འགྱུར་གྱི་ལྷ་ཁང་གཉིས།  ཤར་བྱང་རྩེའི་འདུ་ཁང་གཉིས། པར་ཁང་སོགས་ལ་མཇལ། པར་ཁང་དུ་ལས་བཟོ་བ་དག་གིས་དཔེ་ཆ་དཔར་བཞིན་པའི་ལག་རྩལ་ལ་ཡུད་ཙམ་ཧད་ནས་ལུས།  མྱུར་ཚད་དང་བྱང་ཆ་དེ་ནི་དུས་ཚོད་ཀྱི་བཙོ་སྦྱངས་ལས་བྱུང་བ་བལྟས་ཙམ་གྱིས་ཚོར།  པར་ཁང་གི་དཔེ་ཆ་གང་ནས་བླུ་དགོས་ཞེས་པར་མར་གཤམ་གྱི་ཚོང་ཁང་ཡོད་ས་དེ་ནས་ཟེར། དེར་སོང་བ་ན། དཔེ་ཆ་ཤིན་ཏུ་ཉུང་བ་གང་སར་ཉོ་ཐུབ་པ་དེ་འདྲ་མཛུབ་གྲངས་ཤིག་ལས་མི་འདུག  །འདི་དག་མ་གཏོགས་མེད་དམ་ཞེས་པར་མེད་ཟེར།  ཨ་ཐང་ཆད།  བོད་ཀྱི་པར་ཤིང་མང་བོ་ཞིག་འདི་ལྟར་ཡིག་ཚགས་ཁང་དུ་ས་རྡུལ་གྱིས་མནན་ནས་རུལ་རྒྱུ་རེད་ཨང་སྙམ་དུ་ཕངས་སེམས་འགོག་མེད་སྐྱེས།  དེ་ནས་ཕྱི་བསྐོར་ལ་སོང་།  བསྐོར་ལམ་བདེ་བོ་མེད་ཀྱང་འདུན་པར་འགོག་ཐབས་བྲལ། བསྐོར་ལམ་དུ་རང་བྱོན་བཞུགས་ཚུལ་གྱི་མཚམས་སྦྱོར་མང་དུ་མཐོང་།  དག་པའི་སྣང་བ་ཤར་བ་དག་ལ་ནི་སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་འབའ་ཞིག་གི་རོལ་བར་འཆར་ངེས་ནའང་། ང་འདྲའི་མ་དག་པའི་སྣང་བ་ཤིན་ཏུ་མཐུག་པ་རྣམས་ལ་ནི་ལོག་པར་ལྟ་བའི་གཡང་དུ་སྐྱུར་བྱེད་དུ་མི་འགྱུར་བའི་ངེས་པ་ཅི།  ཆོས་ཐམས་ཅད་མིང་གིས་ཕར་བཏགས་པ་ཙམ་དུ་ཟད་ནའང་བུམ་པའི་མིང་ཀ་བར་འདོགས་པ་ནི་འཇིག་རྟེན་ཐ་མལ་བའི་ལུགས་ལའང་རུང་བ་མ་ཡིན་ནོ། །བསྐོར་ལམ་ནས་ཙོག་སྟེ་སྟག་རྩེ་རྫོང་དང་འཕན་པོ་ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་བཅས་ཀྱི་ཁོ་ར་ཁོར་ཡུག་ལས་མཐོང་སྣང་གིས་ཁྱབ་ཚད་ལ་རྒྱང་ལྟ་ཡིད་ཚིམས་པ་ཞིག་བྱས་ནས་སོང་། དགའ་ལྡན་གྱི་དུར་ཁྲོད་ལ་སླེབས། དེར་དུར་ཁྲོད་ཀླུ་མོ་རྒྱལ་ཡིན་ནམ་ཅིག་ཟེར། དེ་ལྟར་འདོགས་དོན་མ་ཤེས།   སྔོན་ཆད་དེར་འབྱོར་དུས་བསུར་དྲི་སོགས་ཚིག་དྲི་སྣ་ཚོགས་གང་སར་མཆེད་ཀྱིན་འདུག་ལ།  གཤིན་པོའི་ཐོབ་ཐང་ལག་ཁྱེར་སོགས་ཀྱང་ཤིན་ཏུ་མང་བོ་གང་སར་སྟོར་འདུག་མོད། ད་ནི་དཀར་སངས་སངས་ཀྱི་དཀར་རྩིའི་རུས་པ་དག་ལས་ཅི་ཡང་མི་འདུག་པར་བཤད་ཆོག །སྔར་གྱི་སྟ་གྲི་སྣུམ་ལྟིག་མ་དེ་དག་ཀྱང་བཙའ་ཡིས་ཟིན་འདུག  །ངའི་རྨོངས་བློར་འདི་ཡང་ཉམས་རྒུད་ཅིག་ཨེ་ཡིན་ནམ་སྙམ་དུ་ཡང་ཡང་ཤར། དེར་བསྔོ་སྨོན་གང་ནུས་རེ་ཞུས་ནས་སོང་།  མགོན་མེད་སྐྱབས་མེད་ཀྱི་ཉམ་ཐག་འགྲོ་བ་དག་གིས་ཐར་བའི་ལམ་སྣ་ཟིན་པར་སྨོན།  རྗེའི་སྒྲུབ་ཁང་དང་ཆོས་རྒྱལ་རང་བྱོན་སོགས་ལ་མཇལ།  དེ་ལྟར་མཆོད་མཇལ་གྲུབ་རྗེས་དགོན་པའི་ཟ་ཁང་དུ་དྲོས་ཇ་འཐུང་།  ནམ་ཞིག་ལ་དབུས་གཙང་བའི་ཟ་མ་བཟོ་བའི་ལག་རྩལ་ཇེ་དགར་ཡོང་ངམ། རང་གིས་རང་ལ་དེ་ལྟར་དྲིས། གུང་ཚིགས་གྲུབ་རྗེས་དགོན་པའི་མདུན་ཕྱོགས་ཀྱི་རི་ངོས་སུ་འགོས་ནས་བསྡད།  མགོ་ལོག་ནས་ཡོང་བའི་མཇལ་བ་འགའ་གམ་དུ་སླེབས།  ཁ་བརྡ་སྣ་ཚོགས་བྱས།  དབུས་སྐད་གོ་མི་གོ་བྱེད་པ་ལས་རྒྱ་སྐད་བཤད་བཞག་ན་དེས་བདེ་བོ་འདུག་ཟེར།  དངོས་གནས་སྐད་ཆའི་གནད་དོན་འདི་ཤིན་ཏུ་ཚབས་ཆེ་བར་འདུག  །སེམས་ཀྱི་རི་མོ་གཅིག་ཀྱང་ངག་གི་སྒྲ་གདངས་མ་གཅིག་དུས་དངོས་གནས་ཅི་བྱེད་འདི་བྱེད་མེད་པར་གཏུགས།  བོད་ས་ཁྱོན་འདི་འདྲའི་ཆེ་བ་ཞིག་ལ་ཡུལ་སྐད་རེ་ཅིས་ཀྱང་མ་ཡོང་ཐབས་མེད་ལགས་ནའང་།  ཐུན་མོང་གི་སྐད་ཆ་ཞིག་ཀྱང་ངེས་པར་གལ་ཆེ་བ་ལ་ཨང་།  ང་ཚོའི་རིགས་ཀྱི་འདུ་ཤེས་གསོ་བྱེད་ཀྱང་སྐད་དང་ཡི་གེ་འདི་ལས་མི་འདུག་ན།  འདིའི་དོན་དུ་ཤ་ནག་གྲུག་ལ་མི་སྒྲིལ་གང་ལ་བསྒྲིལ།  སྐད་དང་ཡི་གེ་འདི་ཡིས་བོད་ཆོལ་ཁ་གསུམ་པོ་ཕྲེང་ཐག་གཅིག་ལ་བརྒྱུས།  བདག་གིས་ས་སྐྱའི་ཟ་ཁང་དང་རླངས་འཁོར་དག་ལས་ཨ་མདོའི་འབའ་རྫོང་གི་རྡུང་ལེན་དང་ཁམས་པའི་གླུ་གཞས་དག་ཐོས་འོངས་དུས།  ང་ཚོ་གཅིག་ཏུ་སྦྲེལ་བར་གླུ་སྐད་འདི་དག་གིས་ཀྱང་ནུས་པ་རླབས་ཆེན་འདོན་བཞིན་འདུག་ཨང་སྙམ་བྱུང་།  ཁོ་ཚོས་དེ་དག་གི་ནང་དོན་དེ་ཙམ་མི་གོ་ཡང་ད་དུང་སེམས་ཀྱིས་གླན་བཞིན་པ་མཐོང་དུས་སྔར་བས་སྙིང་ཉེའི་ཚོར་བ་བྱུང་། སྐབས་དེར་ངས་བོད་ཟེར་བ་འདི་ལ་སྙན་ངག་པ་ངན་ངོན་ཞིག་ལས་གླུ་བ་དགའ་སེ་ཞིག་གིས་ཕན་པ་འདུག་ཨང་སྙམ།   དེ་ཡང་ལོས་ཡིན་ཏེ།  གླུ་སྐད་དེ་ལ་བརྟེན་ནས་རྒྱང་རིང་ཞིག་ན་ང་ལ་བོད་སྐད་འདི་བཞིན་སྨྲ་བའི་རིགས་མཐུན་ཁྱུ་ཞིག་ཡོད་དོ་སྙམ་དུ་དྲན་པར་བྱེད་པས་སོ། །

བཅུ་བཞི། ཆུ་ཚོད་གཅིག་དང་ཕྱེད་ཀའི་སྟེང་རླངས་འཁོར་ཕྱིར་ལྷ་སར་ཆས།  ལམ་བར་དུ་གསང་སྔགས་དགོན་པ་ཟེར་བ་ཞིག་གི་སྒོ་ཁར་བསྡད་ནས་ཆུ་ཚོད་ཕྱེད་ཀའི་རིང་མཆོད་མཇལ་རྫོགས་སུ་ཆུགས་ཟེར། དེར་མཇལ་མ་ཐུབ།  ཆུ་ཚོད་བཞི་བ་ཡས་མས་སུ་ལྷ་སར་འབྱོར།   དེ་ནས་རླངས་འཁོར་ཞིག་ལ་བསྡད་ནས་འབྲས་སྤུངས་ཀྱི་ཀླུ་འབུམ་མཆོད་རྟེན་ལ་མཇལ་བར་སོང་། འདི་ལ་ལོ་རེར་ཐེངས་རེ་ལས་མཇལ་བའི་གོ་སྐབས་མེད་པས། མཇལ་བ་ཤིན་ཏུ་མང་།  ཞོགས་པའི་ཆུ་ཚོད་ལྔ་བ་ནས་དགོང་མོའི་ཆུ་ཚོད་བརྒྱད་དགུའི་བར་དུ་ཟམ་མ་ཆད་པར་མཇལ་ཀྱང་མི་རྫོགས་ཟེར།  སྤྱི་ལེ་གསུམ་བཞི་ལྷག་ལ་ཕྲེང་བསྟར་བསྒྲིགས་ནས་སོང་བར་ད་བཟོད་མཇལ་ཐུབ་པ་བྱུང་།  ཚོགས་ཆེན་འདུ་ཁང་ནང་གི་ནུབ་ངོས་ཀྱི་ཀླུ་འབུམ་ལྷ་ཁང་ཞེས་པའི་ལྷ་ཁང་དེར་བཞུགས།  ལྷ་ཁང་དེའི་ནང་དུ་རྒྱལ་དབང་གསུམ་པ་དང་བཞི་བ། སྡེ་སྲིད་འཕྲིན་རྒྱམ་བཅས་ཀྱི་སྐུ་གདུང་ཡོད་ལ།  དེ་དག་གི་མདུན་ཐད་ཀྱི་དམའ་ས་དེར་ཀླུ་འབུམ་མཆོད་རྟེན་གཉིས་ཀ་འདུག  །མདོག་དཀར་བོ་དང་རྒྱུ་འཇིམ་པས་བྱས་འདུག  །ངག་རྒྱུན་དུ།  སྔོན་འབྲས་སྤུངས་སྔགས་པ་གྲྭ་ཚང་གི་འདུ་ཁང་གསར་བཞེངས་གྲུབ་པའི་རབ་གནས་སུ་རྗེ་ཙོང་ཁ་བའང་ཕེབས་ཤིང་། མཁས་གྲུབ་དགེ་ལེགས་དཔལ་བཟང་ཡང་ལྷན་ཕེབས་གནང་ཡོད། རབ་གནས་གྲུབ་མཚམས་དེར་འཇམ་དབྱངས་ཆོས་རྗེ་དམ་བཅར་བཞུགས་པ་ལ།  མཁས་གྲུབ་རྗེ་ཚོགས་གླེང་དུ་བཞེངས་ནས་རྗེ་རིན་པོ་ཆེའི་བཀའ་ལྟར་ཕར་ཕྱིན་སྐབས་བཞི་བ་ནས་རྟགས་གསལ་འཕངས། དམ་བཅའ་གྲུབ་རྗེས་ཁ་མལ་དེ་ནས་ཀླུ་འབུམ་གཅིག་ཐོན་ཏེ་མཆོད་རྟེན་དཀར་བོ་གཉིས་ཀྱི་གཙོས་འབུལ་བ་མང་བོ་ཕུལ་ཅིང་། མཐར་ཀླུ་རྣམས་མཆོད་རྟེན་དེ་གཉིས་ལ་ཐིམ་པའི་སྣང་བ་བྱུང་། དེ་ནས་བཟུང་མཆོད་རྟེན་དེ་གཉིས་འབྲས་སྤུངས་དགོན་གྱི་རྟེན་གཙོའི་གྲས་སུ་བཞུགས་ནས། འབྲས་སྤུངས་ཀླུ་འབུམ་མཆོད་རྟེན་ཞེས་ལོ་རེར་ཐེངས་རེ་མཇལ་རྒྱུ་ཡོད་པ་དེ་བྱུང་ངོ་། །ཞེས་ཟེར། དེ་ལ་མཇལ་ནས་སྒོར་བུད་པ་ན། གླ་གཏོང་ཁ་ལོ་བ་ཚོས།  "ལྷ་ས། ལྷ་ས། "ཞེས་སྐད་འབོད་བྱེད་བཞིན་འདུག །རླངས་འཁོར་ལ་བསྡད་ནས་ལྷ་སར་ཡོང་སྟེ་མགྲོན་ཁང་དུ་ངལ་གསོས།

བཅོ་ལྔ། ད་ནངས་ཆུ་ཚོད་ལྔ་བ་དང་ཕྱེད་ཀ་ནས་རྡོ་སེང་གེའི་ལམ་ལ་བསམ་ཡས་སུ་འགྲོ་བའི་རླངས་འཁོར་འཚོལ་དུ་ཕྱིན། དེར་ཐོན་མ་ཐག་དར་ལྕོག་འཚོང་མཁན་བུད་མེད་ཅིག་གིས་གང་ལ་འགྲོ་ཞེས་འདྲི། བསམ་ཡས་ལ་ཞེས་པར་འདིར་ཤོག་ཅེས་ངེད་གཉིས་ཁྲིད་ནས་སྤྱི་སྤྱོད་རླངས་འཁོར་ཞིག་གི་གམ་དུ་སོང་།  ཁ་ལོ་བར་འདི་ན་མི་གཉིས་ཡོད་ཅེས་མོ་རང་མེད་ན་ངེད་གཉིས་རླངས་འཁོར་གཞན་ཞིག་ཏུ་བསྡད་ནས་བུད་ལོས་འགྲོ་སྙམ་པའི་ཉམས་ཀྱིས་བཤད།  ཕར་ལམ་གཅིག་པུར་མི་རེར་སྒོར་དྲུག་ཅུ་རེ་དགོས།  རླངས་འཁོར་དེར་བསྡད་ནས་ཅུང་སྒུག་པ་ན།  དར་ལྕོག་འཚོང་མཁན་དེས་དར་ལྕོག་ཅིག་ཉོ་རོགས་ཞེས་ཡང་དང་བསྐྱར་དུ་བསྐུལ། མི་དགོས་ཞེས་ཐེངས་བཅུ་ལྷག་ལ་བཟླས་ཀྱང་ཨུ་ཚུགས་མཐར་སྐྱེལ་བྱེད། ང་ཚོའི་ཕ་ཡུལ་དུ་འདི་འདྲ་འདོགས་རྒྱུའི་སྲོལ་ཡོད་པ་མ་རེད་ཅེས་བཤད་པས། དེ་མ་ཐག་ཕར་ཕྱིན། བཛྲ་ས་ཏྭ།
ཆུ་ཚོད་ལྔ་དང་སྐར་མ་ལྔ་བཅུ་ཡས་མས་སུ་རླངས་འཁོར་ལམ་ལ་ཆས།  གཉིད་མ་སད་ཀྱིས་བསམ་ཡས་བར་དུ་བསྐྱལ། ལམ་བར་དུ་ཉི་རྩེ་དང་མཉམ་དུ་ཡར་ཀླུང་གཙང་བོ་ཡང་ཡང་མིག་ལ་ཐོགས། རྒྱུ་མཚན་མི་ཤེས་མོད། ཡར་ཀླུང་གཙང་བོ་ཟེར་བ་དེ་མིག་ལ་ཐོགས་ཐེངས་རེར།  ཡིད་ཀྱི་ཚོར་རླབས་ཡང་ཡང་འཕྱོ་བར་བྱེད།  ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཡས་མས་སུ་བསམ་ཡས་སུ་འབྱོར།  ལོ་ན་བཅུ་དྲུག་ཡས་མས་ནས་ཡིག་ཆ་སྣ་ཚོགས་སུ་ཡང་ཡང་མཇལ་མྱོང་བའི་གནས་དེ་ཉིད། གློ་བུར་དུ་འདི་ལྟར་མིག་ལ་མངོན་ཡོང་དུས།  ག་བྱེད་འདི་བྱེད་མི་ཤེས་པ་ཞིག་ཏུ་གཏོང་།  བོད་ཀྱི་ཆོས་སྲིད་གང་ལ་མཚོན་ནས་བཤད་ཀྱང་། བསམ་ཡས་ནི་ངེས་པར་གླེང་དགོས་པ་དང་གླེང་རིན་ཡོད་པ་ཞིག་ཅི་ལ་མིན། གཙུག་ལག་ཁང་འདི་ཇི་ལྟར་བསྐྲུན་པ་དང་།  སུའི་ལུགས་བཞིན་བྱས་པ་སོགས་ནི་ངས་ཅི་ཙམ་བཤད་ཀྱང་གྲུབ་ཟིན་བསྐྱར་བ་ཁོ་ནས་འགྱུར་ངེས།   བསམ་ཡས་ཀྱི་སྒོ་ཆེན་ནས་ཡར་འཛུལ་མ་ཐག་ལྷ་ཁང་ཞིག་མཐོང་།  ནང་དུ་འཛུལ་བ་ན་ད་བཟོད་སྲུང་མའི་ལྷ་ཁང་ཞིག་ཡིན་པ་ཤེས།  སྒོར་བུད་དེ་གཙུག་ལག་ཁང་གི་ཕྱོགས་སུ་སོང་།  ཁང་ཀླད་ན་ཨར་ཀ་གཅོག་བཞིན་པའི་སྐྱེས་ཕོ་མོ་བརྒྱ་ལྷག་གི་མཉམ་གཞས་ཀྱིས་ང་ཡི་བ་སྤུ་གཟེངས་པར་བྱས།  གཙུག་ལག་ཁང་དུ་མཇལ་རྒྱུའང་རེ་ཞིག་བརྗེད་ནས། དེ་ལ་སེམས་པ་ཁེན་ཏེ་དར་ཅིག་ལུས།  གཞས་གཏོང་ཞོར་ལས་ཀ་བྱེད་མཁན་གྱི་མི་རིགས་འདི་འདྲ་འཛམ་བུ་གླིང་དུ་ག་ཚོད་ཡོད་དམ།  ངའི་དྲན་སྟངས་ཤིག་ལ་ཁོ་ཚོས་གཞས་ཀྱི་སྣང་བའི་ཁྲོད་ནས་སྡུག་གི་ཚོར་བ་བརྗེད་ཡོད་པ་འདྲ། དེ་འདྲ་ཡིན་སྲིད་དམ།
གཙུག་ལག་ཁང་གི་ནང་དུ་ཕྱིན་པ་ན་ཚོགས་འཚོགས་འདུག་པ་མཐོང་། ཁོ་ཚོའི་ཚོགས་འཚོགས་སྟངས་དེ་ནི།  ཨ་མདོའི་དགོན་པ་ཁག་གི་ཆོ་འཕྲུལ་སྨོན་ལམ་སྐབས་ཀྱི་སྨོན་ལམ་ཡར་འཚོགས་ཟེར་བ་དེ་དང་འདྲ་སྟེ།  ཁྲི་གདོང་གྲལ་གྱི་མར་གཤམ་དེར་བརྒྱབ་འདུག་ལ།  གྲྭ་རྒན་རྣམས་གྲལ་མཇུག་དང་གྲྭ་གཞོན་རྣམས་གྲལ་མགོར་བཞུགས་ནས་འདོན་པ་གསུང་བཞིན་འདུག །འཚོགས་སྟངས་དེ་རྒྱུན་དུ་ཡིན་ནམ་ཉིན་དེར་ཡིན་པ་ཧ་མ་གོ  །གཙང་ཁང་སོགས་སྟེང་ཤོད་ཀུན་ལ་མཇལ། རྟེན་གཙོ་ཇོ་བོ་མཐོང་གྲོལ་བྱང་ཆུབ་ཆེན་པོ་དང་། གུ་རུ་མཚན་བརྒྱད་ཀྱི་གཙོས་བླ་མ་ཡི་དམ། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་སོགས་ཀྱི་རྟེན་བྲིས་འབུར་ཕོན་ཆེ་བར་མཇལ།  ཉིས་ཐོག་གི་ལྷ་ཁང་ཆུང་བ་ཞིག་ཏུ་བསམ་ཡས་ཀྱི་རྟེན་གཙོ་བོའི་ནང་གི་ཡང་གཙོ་སྐོར་ཞིག་ལ་མཇལ། ལྡེབས་རིས་སུ། དེ་ནས་བྱང་གི་གཉན་ཆེན་ཐང་ལྷས་ཉམས་སད་བྱ་ཕྱིར།  མགོ་བོ་གྲུ་གུའི་ཡུལ་དུ་སླེབས་པ་ལ་མཇུག་མ་ཁམས་ཀྱི་སོག་ཆུ་གཡེར་ཐང་བར་བརྐྱངས་པའི་སྦྲུལ་ཆེན་པོ་ཞིག་གིས་ལམ་འཕྲང་བཅད་སྐབས། སློབ་དཔོན་གྱིས་འཁར་བཙུགས་ནས་དམ་ལ་བཏགས་པ།  ཞེས་པ་ལྟ་བུའི་སློབ་དཔོན་པདྨས་ཡར་ཀླུང་སོགས་སུ་བདུད་གདུག་ཅན་མང་བོ་དམ་ལ་བཏགས་ཚུལ་གྱི་རྣམ་ཐར་དང་།   རྒྱལ་མཆོག་ལྔ་བ་དང་བདུན་པ་སོགས་མཇལ།  སྔར་གཙུག་ལག་ཁང་འདིར་རྭ་ལོ་དང་རྒྱལ་མཆོག་བདུན་པ་སོགས་སྐྱེས་ཆེན་མང་བོས་ཉམས་གསོ་རབས་དང་རིམ་པ་བྱས་པར་བཤད། འདུ་ཁང་གི་ཡང་སྟེང་དུ་ཨར་ལས་བྱེད་བཞིན་པས་ལྷ་ཁང་སྐོར་ཞིག་ལ་མཇལ་སྟབས་མ་བདེ།  དེ་ནས་མར་བབས་ཏེ་ཆོས་གྲྭ་འཚོགས་བཞིན་པར་མཇལ། གྲྭ་བ་བརྒྱ་ལས་བརྒལ་ཙམ་འདུག །འདི་ཡང་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡ་གྱལ་ཡིན་པར་བཤད།  དེ་ནས་ཕྱོགས་བཞིའི་མཆོད་རྟེན་བཞི་ལ་མཇལ།  བསམ་ཡས་ན་མཆོད་རྟེན་མདོག་མི་འདྲ་བ་བཞི་ཡོད་ཚུལ་སྔར་ནས་ཡང་ཡང་ཐོས། དཀར་དམར་ནག་ལྗང་བཞི་རུ་འདུག  །གུ་རུའི་གཏེར་ལུང་དུ་ཁ་དོག་སྔོན་པོ་ཅན་བཤད་ཡོད་ནའང་འདིར་ལྗང་གུར་བཟོ་དགོས་པའི་རྒྱུ་མཚན་མ་ཤེས།  ཁ་དོག་གིས་མཚར་སྣང་བྱིན།  ཡིན་པ་ནི་བྱང་ཤར་དང་ཤར་ལྷོ། ལྷོ་ནུབ་དང་ནུབ་བྱང་བཅས་མཚམས་བཞི་རུ་རིམ་པ་བཞིན།  ཆོས་འཁོར་མཆོད་རྟེན། བྱང་ཆུབ་མཆོད་རྟེན།  བདེ་གཤེགས་མཆོད་རྟེན། མྱང་འདས་མཆོད་རྟེན་བཅས་བསྐྲུན་འདུག  །དེ་དག་གི་མིང་ནི་ཡོངས་གྲགས་ཀྱི་མཆོད་རྟེན་བརྒྱད་པ་ཞེས་པ་དེའི་ནང་ཚན་གྱི་དེ་དག་ཇི་བཞིན་ཡིན་ནའང་།  བཞེངས་སྟངས་ཅུང་མ་འདྲ་བ་ཡོད་པ་མ་ཟད། ཁ་དོག་ནི་ཤིན་ཏུ་ཐ་དད་ཅིག་གོ །དེ་འདྲ་གནང་བའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན།  དེ་ནི་གཅིག་ནས་བྱང་ཤར་མཚམས་སུ་མཆོད་རྟེན་སྔོན་པོ་བཞེངས། །ཞེས་དང་། མཆོད་རྟེན་སྔོན་པོ་བཀྲ་ཤིས་སྒོ་མང་དང་། །ཞེས་དང་།  མཆོད་རྟེན་སྔོན་པོ་ལྷ་ཁང་བཅུ་དྲུག་བརྒྱན། །ཞེས་སོགས་ཀྱི་མཚོ་སྐྱེས་མ་ཧཱ་གུ་རུའི་གཏེར་ལུང་ལ་བསྟུན་པ་དང་། གཉིས་ནས་རྒྱལ་མཆོག་ཕྱག་ན་པདྨོས་ཀྱང་བཀའ་ཐང་ནང་ལྟར་བཞེངས་ན་ལེགས་པའི་བཀའ་གནང་བསྩལ་བ་ལ་བརྟེན་ནས་བཞེངས་པར་བཤད།  དེ་ནས་གཙུག་ལག་ཁང་གི་གཡས་ཕྱོགས་སུ་ཡོད་པའི་བསམ་ཡས་བྲག་དམར་རྡོ་རིང་ལ་མཇལ།  མདུན་ངོས་གཅིག་པུ་ན་མ་གཏོགས་ཡི་གེ་མེད་ལ། ཡི་གེ་ཤིན་ཏུ་གསལ་བ་རེ་རེ་བཞིན་ཀློག་ཆོག་པ་དེ་འདྲར་འདུག  །དེ་བས་མྱུར་ཏུ་ཡི་གེར་ཕབ་པ་གཤམ་གསལ་ཏེ། ར་ས་དང་བྲག་དམར་གྱི་གཙུག་ལག་ཁང་ལས་སྩོགས་པར་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་།  སངས་རྒྱས་ཀྱི་ཆོས་མཛད་པ་འདྀ་ནམ་དུ་ཡང་མྱྀ་གཏང་མའ་ཞིག་པར་བགྱིའོ། ཡོ་བྱད་སྦྱརད་པའ་ཡང་དེ་ལས་མྱི་དབྲྀ་མྱི་བསྐྱུང་བར་བགྱིའོ། དའ་ཕྱིན་ཅད་གདུང་རབས་རེ་རེ་ཞིང་ཡང་བཙན་པོ་ཡབ་སྲས་ཀྱིས་འདྀ་བཞིན་ཡི་དམ་བཅའོ། དེ་ལས་མནའ་ཁ་དབུད་པ་དག་གྱང་མྱི་བགྱྀ་མྱི་བསྐྱུང་བར། འཇྀག་རྟེན་ལས་འདའས་པའ་དང་། འཇྀག་རྟེན་གྱི་ལྷ་དང་མྱྀ་མ་ཡིན་པའ་ཐམས་ཅད་ཀྱང་དཕང་དུ་གསོལ་ཏེ་བཙན་པོ་ཡབ་སྲས་དང་རྗེ་བློན་ཀུན་གྱིས་དབུ་སྙུང་དང་བྲོ་བོར་རོ། གཙིགས་གྱྀ་ཡི་གེ་ཞིབ་མོ་གཅིག་ནི་གུད་ན་མཆིས་སོ། །ཞེས་གསལ།  འདིའི་ཡི་གེ་དག་ཤིན་ཏུ་གསལ་བས།  ཞོལ་རྡོ་རིང་དང་དབོན་ཞང་རྡོ་རིང་གི་ཡི་གེ་དག་ཀྱང་འདི་བཞིན་གསལ་ན་ཅི་མ་རུང་སྙམ་བྱུང་།  འདི་ནི་རྡོ་བའི་ངོས་ཀྱི་རི་མོ་ཙམ་མིན་པར། བཙན་པོ་ཡབ་སྲས་ཀྱིས་རང་གི་ཕྱི་རབས་ལ་ཆེད་དུ་གདམས་པའི་བསླབ་བྱ་ལགས་ནའང་། ང་ཚོས་ནི་དེ་ལས་ལྡོག་པའི་མནའ་གཟན་གྱི་སྐྱེ་བ་བླངས་ཡོད་པ་མ་ཡིན་ནམ། དེ་ལྟར་བསམ་བཞིན་ཡ་ཆུང་སྨུག་པས་བཟུང་།

བཅུ་དྲུག དེ་ནས་དེ་གའི་མི་དག་གིས་ཟེར་བ་བཞིན་སྤྱི་ལེ་གཉིས་ལྷག་གི་སར་སོང་ནས་འཁྱོངས་རྒྱས་ལ་འགྲོ་བའི་རླངས་འཁོར་བཙལ།  འོན་ཀྱང་ཅི་ཙམ་སྒུག་ཀྱང་རླངས་འཁོར་མ་རྙེད་ལ།  ཕྱིར་འགྲོ་བའི་དུས་ཚོད་ལའང་བསླེབ་ལ་ཉེ་བས།  བསམ་ཡས་གྲོང་བརྡལ་དུ་གུང་ཚིགས་འཐུང་རྗེས་ཕྱིར་ལྷ་སར་འགྲོ་བའི་རླངས་འཁོར་དུ་བསྡད། འཁྱོངས་རྒྱས་སོགས་སུ་འགྲོ་མ་ཐུབ་པར་ཕངས་སེམས་ཤིན་ཏུ་ཆེ།  བསམ་ཡས་ནི་གྲ་ནང་རྫོང་གི་ཁོངས་སུ་གཏོགས། ཕྱིར་ལམ་དུ་རྡོ་རྗེ་བྲག་དགོན་པ་ཟེར་བ་ཞིག་ལ་མཇལ།  རྡོ་བྲག་རིག་འཛིན་སྐུ་ཕྲེང་གསུམ་པས་བཏབ་པར་བཤད། དེའི་སྐུ་ཕྲེང་བཞི་བ་ནི་རྒྱལ་མཆོག་ལྔ་བའི་ཐུགས་སྲས་གལ་ཆེན་ཞིག་ཡིན་ལ། དེའི་རིང་དར་རྒྱས་ཆེ་བ་བྱུང་ཟེར།  དེར་དགེ་འདུན་བཅུ་ཕྲག་ཅིག་གིས་སྦྱིན་སྲེག་ལྡུག་བཞིན་ཡོད་པས་ཡག་པོ་ཞིག་མཇལ་སྟབས་མ་བདེ།  རྡོ་རྗེ་བྲག་ནི་གོང་དཀར་རྫོང་གི་ཁོངས་སུ་གཏོགས་པར་བཤད། དེ་ནས་མུ་མཐུད་དུ་ལམ་ལ་ཆས། གཙང་པོའི་ཉིན་ཕྱོགས་ཐམས་ཅད་ལ་བྱེ་འགྱུར་གྱི་འཇིགས་པ་ཚབས་ཆེ།  སྡོང་ཕྲུག་རེ་ཟུང་བཏབ་འདུག་ནའང་དེས་ཕན་ཅང་ཐོགས་མེད་པ་འདྲ།  དེ་ལྟར་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀ་ཡས་མས་སུ་ལྷ་སར་འབྱོར།  ཕྱིར་མགྲོན་ཁང་དུ་འགྲོ་བའི་ལམ་བར་དུ་བཞི་སྡེ་དགོན་པར་མཇལ།  མངའ་བདག་ཁྲི་རལ་གྱི་དུས་གཙུག་ལག་ཁང་གི་ཕྱོགས་བཞིར་སྡེ་རེ་བཙུགས་པའི་གྲས་ཡིན་པར་བཤད།  གླང་དར་སྐབས་སུ་ཉམས་ཆག་ཆེན་པོ་བྱུང་། ཕྱིས་སུ་ཚལ་པ་ཁྲི་དཔོན་དགའ་སྡེ་བཟང་བོས་ར་མོ་ཆེར་མཆོད་འབུལ་ཞུ་ཆེད་བཞི་གྲྭ་བཙུགས་པས་མིང་ལའང་བཞི་སྡེ་ཐོགས་པར་གྲགས།  དེ་ལྟ་ནའང་དེང་སང་དེ་ལ་ཞི་བདེ་དགོན་པ་ཞེས་བྲིས་སྣང་།  ཚེ་སྨོན་གླིང་དགོན་པའི་ནུབ་ངོས་ཀྱི་ཐག་ཤིན་ཏུ་ཉེ་བའི་སར་ཡོད།  གྲོགས་པོས་ཡང་ཡང་སྐད་བཏང་ནས་ཞི་བདེ་དགོན་པར་ཨེ་སོང་ཞེས་འདྲི་ཞིང་།  དེར་སོངས་དང་སྐྱོ་སྣང་གིས་ནོན་པར་འགྱུར་ཅེས་གསུངས་པས་སོང་བ་ཡིན།  སྒོ་ཆེན་ནས་ཡར་འཛུལ་དུས་ལྷ་ཁང་སུམ་ཐོག་ཅན་ཞིག་བསྐྱར་བཞེངས་བྱེད་བཞིན་པ་མཐོང་།  གཡས་གཡོན་དང་མདུན་ཕྱོགས་སུ་ཁང་བ་ཉིས་ཐོག་ཅན་སུམ་སྐོར་བྱས་ནས་ཕུབ་ཡོད་པ་དེ་དག་གྲོང་བས་གང་འདུག  །གད་སྙིགས་རབ་ཏུ་འཕེལ་བས་མི་གཙང་བའི་ཞིང་ཁམས་ཤིག་ལ་སླེབས་སྣང་སྟེར།  ཁང་བ་དེ་དག་སྔར་སྲིད་འཛིན་ལས་ཁུངས་དང་གྲྭ་ཤག་ཡིན་པ་སྨོས་ཅི་དགོས།  ཨོ།  རེད་དེ།  དུས་རབས་བཅོ་བརྒྱད་པའི་མཇུག་ལ་རྭ་སྒྲེང་སྐུ་ཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱི་སྐབས།  ཆོས་ལུགས་མཛད་རིམ་མང་ཆེ་བ་གནས་འདིར་བསྐྱངས་ཤིང་།  སྐུ་ཕྲེང་རིམ་བྱོན་རྣམས་བཞུགས་ས་གཙོ་བོར་མཛད།  རྭ་སྒྲེང་ལྔ་བས་བོད་སྲིད་ལོ་བདུན་བསྐྱངས་རྗེས་སྟག་བྲག་དང་འགལ་ཟླ་བྱུང་སྟེ། མཐར་རྭ་སྒྲེང་རིན་པོ་ཆེ་བཙོན་མཇུག་དང་འབྲེལ་ཡོད་དཔོན་རིགས་མཐའ་དག་ཕྱིར་དེད།  སྔར་དགོན་པའི་བཟོ་བཀོད་མཚར་ལ་གསེར་ཟངས་ལས་བྱས་པའི་བྲིས་འབུར་གསུང་རབ་སོགས་མཐའ་ཡས་ནའང་།  ཡོད་ཚད་རྡུལ་དུ་བརླགས་ཤིང་ལྷ་ཁང་དེ་ཉིད་ཀྱང་ཆེད་དུ་མི་རྣམས་ཀྱི་སེམས་ལ་ཟུག་རྔུ་སྟེར་ཕྱིར་འགྱེལ་མ་ལང་དུ་སྡོད་པ་ཨེ་ཡིན་ནམ་སྙམ་པ་བྱེད་ཟེར།  དོན་དུ་འདི་ལ་མིག་བཤེར་རེ་བྱེད་ཞོར་ལོ་རྒྱུས་ཀྱི་སྐོར་ལ་ཕྱིར་དྲན་ཙམ་བྱེད་པ་ལས་མཇལ་ས་ཅང་མི་འདུག  །དེ་ལྟར་ད་ལོའི་བར་དུ་གནས་ནའང་། ད་ལོར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་བསྐྱར་བཞེངས་བྱེད་བཞིན་འདུག  །དེའི་ཡི་གེ་ཞིག་ཏུ་ལས་གྲྭའི་བཟོ་སྐྲུན་འགྲོ་གྲོན་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་ཁྲི་བདུན་དང་། འཆར་འགོད་ལས་མཇུག་སྒྲིལ་བའི་དུས་ཚོད༢༠༡༦ལོའི་ཟླ༡༡པའི་ཚེས༣༠ཞེས་བྲིས་ཡོད་པ་མཐོང་།  དེས་ན་ད་ལོར་འདི་ཉིད་བསྐྱར་བཞེངས་ལེགས་འགྲུབ་འབྱུང་སྲིད་ལ། སང་ལོ་ནས་སྔར་བཞིན་བོད་མི་དག་གིས་ལོ་རྒྱུས་ཀྱི་རྨ་ཁ་རེ་ཞིག་བརྗེད་ནས་ཕྱག་མཆོད་དང་བསྐོར་བ་བྱེད་ངེས།   
དེ་ནས་གོམ་པ་བརྒྱ་ལྷག་གི་ཤར་ཕྱོགས་སུ་ཡོད་པའི་ཚེ་སྨོན་གླིང་དགོན་པར་མཇལ།  གོམ་པ་འགའི་བར་ཐག་ལས་མེད་ཀྱང་འདི་འདྲའི་ཁྱད་པར་ཅིའི་ཕྱིར་ཤོར་བ་ཡིན་ནམ།  ཡིག་ཆ་ཞིག་ཏུ་ཚེ་སྨོན་གླིང་སྐུ་ཕྲེང་དང་བོ་པེ་ཅིང་དུ་ཕེབས་པས་རྒྱ་བོད་མི་རིགས་གཉིས་ཀྱི་མཛའ་མཐུན་ལ་ཕན་འབྲས་དང་མཛད་རྗེས་བླ་ན་མེད་པ་བཞག་ཅེས་པ་མཐོང་བས།  ངས་ད་བཟོད་བར་ཁྱད་ནི་འདི་རེད་ཨང་སྙམ་བྱུང་།  ཁོང་ནི་ལོ་རྒྱུས་ཐོག་ཨ་མདོའི་གྲྭ་རྐྱང་ཞིག་བོད་ཀྱི་སྲིད་སྐྱོང་ལ་བཞུགས་པ་དང་བོ་ཡིན་ཟེར།   ཚེ་སྨོན་གླིང་དགོན་པ་ནི་ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པས་བཏབ།  ཁོང་དང་སྐུ་ཕྲེང་བཞི་བ་གཉིས་བོད་ཀྱི་སྲིད་སྐྱོང་དང་དགའ་ལྡན་གསེར་ཁྲི་གཉིས་ཀར་བཞུགས་མྱོང་ངོ་།  །དགོན་པའི་ནང་དུ་གསེར་ཟངས་ལས་གྲུབ་པའི་བྱམས་པ་དང་རྗེའི་སྐུ། བཀའ་བསྟན་འགྱུར་སོགས་སྐུ་གསུང་ཐུགས་གསུམ་གྱི་རྟེན་མང་ཞིང་།  ཉམས་དགའ་བ་ཞིག་འདུག  །མདུན་ཐད་དུ་གྲྭ་ཤག་ཉིས་ཐོག་ཅན་གྱིས་བསྐོར་འདུག  །འདུ་ཁང་གཡས་ཟུར་གྱི་མར་གཤམ་དེར་ཤིང་ལེབ་དང་རས་ཡུག་སོགས་ཀྱིས་བསིལ་གྲིབ་བྱས་པའི་འོག་ཏུ་ལོ་ལོན་མང་བོ་ཞིག་གིས་མཉམ་དུ་མ་ཎི་ཤིན་ཏུ་ཆེ་བ་ཞིག་སྐོར་བཞིན་འདུག  །དེ་ནས་སྒོར་བུད་དེ་ཕྱིར་མགྲོན་ཁང་དུ་ཆས།

བཅུ་བདུན། ད་ནངས་ཉི་ཟེར་དང་ལྷན་དུ་ལྷ་སའི་གྲོང་ལ་ཉུལ། མི་ཚོགས་ནི་རྦ་རླབས་ཤིག་དང་འདྲ།  མི་རིགས་གཞན་གྱི་འགྲུལ་བའང་གྲོག་ཚང་བརྡོལ་བ་འདྲ།  གླ་གཏོང་ཁ་ལོ་བ་ཞིག་གིས་ལྷ་སར་པོ་མཱ་དང་ཨོ་རྡི་རིམ་པའི་མོ་ཊ་ལྔ་དྲུག་ལས་མེད་ཟེར། དེ་རྣར་མི་འགྲོ་བ་ཞིག་བ་རེད།  སྐབས་དེར་རྒྱ་རིགས་འགྲུལ་བ་དེས་བོད་ཀྱི་མི་རྣམས་ཤིན་ཏུ་ཕྱུག་པོ་ཡོད་པ་མ་ཡིན་ནམ། རླངས་འཁོར་དེ་ཙམ་ལས་མེད་པ་ཨེ་ཡིན་ནམ་ཟེར།  དེར་ཁ་ལོ་བས།  བོད་ཀྱི་མི་རྣམས་ཀྱི་ཕྱུག་རྟགས་དེ་མོ་ཊས་འཇལ་མི་ཐུབ། ཁོ་ཚོ་སོས་དལ་བག་ཕེབས་ཀྱིས་ཉིན་གང་བོར་མངར་ཇ་འཐུང་ནས་བསྡད་ཆོག་ལ།  དེ་ཡང་འཐུང་མི་འདོད་དུས་གཙུག་ལག་ཁང་ངམ་པོ་ཏ་ལར་ཕྱག་བསྐོར་རེ་བྱས་ནས་ཕྱིར་ཁྱིམ་དུ་ལོག་ཆོག  །དེ་ཕྱུག་པོ་མིན་ན་གང་ཡིན། ཕྱུག་པོ་ཡིན་ན་ངེས་པར་མོ་ཊ་ཞིག་ཉོ་དགོས་པ་དེ་འདྲ་མ་རེད་ཟེར།  དེ་ལྟར་ཁྲོམ་གཟིགས་སྒང་ལ་སླེབས།  ཁྲོམ་གཟིགས་སྒང་ནི་སྤྱི་ཚོགས་རྙིང་བ་ནས་ཤིན་ཏུ་སྐད་གྲགས་ཆེ་བ་དེ་བཞིན།  དེང་ཡང་མི་ཚོགས་རབ་ཏུ་ཆེ། གཡས་གཡོན་དུ་ཚོང་ཟོང་སྣ་མང་མཐོང་།  ཁྲོམ་གཟིགས་སྲང་ལམ་ནས་ནང་དུ་ཅུང་ཙམ་སོང་བའི་སར།  སུམ་མདོ་ཞིག་ན་མི་མང་བོ་སྐོར་སྐོར་བྱས་ནས་འགྲེང་འདུག  །ཕལ་མོ་ཆེ་བ་ནི་གཡུ་བྱུར་རྙིང་བ་དང་།  འདོགས་ཆ་རྙིང་བ།  ཕྲེང་བ་གསར་རྙིང་འཚོང་མཁན་རེད།  དེ་དག་ལས་བརྗེད་མི་ཐུབ་པ་ནི་འབྲོག་མོ་ཞིག་རེད།  མོ་ནི་ལོ་ལྔ་བཅུ་རྩ་སྟོད་ཡིན་པ་བལྟས་ཙམ་གྱིས་ཤེས་ལ། བོད་གོས་རྙིང་བ་ཆ་ཚང་གྱོན་ཞིང་།  མགོར་སྤོས་བྱུར་སོགས་ས་ཆ་གང་གི་ཡུལ་སྲོལ་བཞིན་བཏགས་འདུག་ལ།  བཞོ་ཟུང་གློ་གཟར་ཤིན་ཏུ་རྙིང་བ་རེའང་གཟར་འདུག  །དེས་ལག་ཏུ་བཞོ་ཟུང་དང་གློ་གཟར་རྙིང་བ་རེ་ཐོགས་ནས་འཚོང་བཞིན་འདུག  །མོ་ནི་སྤྱི་ཚོགས་རྙིང་བའི་འབྲོག་མོ་དག་གི་ཚབ་མཚོན་ཡིན་པའི་བཟོ་འདྲ་སྟོན་བཞིན་འདུག་ནའང་།  མི་མང་གིས་བསྐོར་བའི་དབུས་ན་རི་དྭགས་ཤིག་ནང་བཞིན་ཤིན་ཏུ་སྙིང་རྗེ་བོ་འདུག  །ཚོང་ཙག་ཙིག་གི་དོན་དུ་ད་ནི་ང་ཚོའི་འཆར་སྒོ་དེ་ཡང་ཡ་མཚན་ཞིག་ཏུ་གྱུར་མི་འདུག་གམ།  ཕྲེང་བ་དག་ལས་གོང་ཆེ་ཤོས་ནི་བོ་དྷིའི་ཕྲེང་བ་ཨེ་ཡིན་ནམ།  ཕལ་ཆེ་བ་ནི་ཁྲི་གསུམ་བཞི་ནས་སྟོང་ལྔ་དྲུག་ཅན་རྐྱང་རེད།  དེ་དག་འཚོང་མཁན་ཕལ་ཆེ་བ་རྒྱ་མི་རེད། ཁ་ལ་སེར་ཁ་གས་ཤིང་སྐེ་ལ་ཕྲེང་བ་བརྒྱ་སྐོར་རེ་གོན་ནས་ཉིན་གང་བོར་དེར་འགྲེང་སྡོད་དུས།  སུ་ཞིག་གིས་ཆད་པ་བཅད་པ་དང་ཡང་འདྲ་བོ་འདུག  །ཁྲོམ་གཟིགས་སྒང་མཐར་གྱིས་དེད་ནས་བར་བསྐོར་ལ་གཏུགས་ཤིང་།  དེ་ནས་བསྐོར་བའི་འགྲོས་ཀྱིས་ཅུང་ཙམ་སོང་བ་ན་ཁྲོམ་གཟིགས་སྒང་ཡ་མོན་ཞེས་པར་ཐུག  །དེ་ནི་བོད་སྡོད་ཨམ་བན་གྱི་ཡ་མོན་ཡིན་ཟེར་བས་ནང་དུ་སོང་།  དེར་བཤམས་སྟོན་ཁང་ལྟ་བུ་བཟོས་འདུག །མན་ཇིའི་དཔོན་རིགས་ཀྱི་གྱོན་གོས་དང་པར་རྙིང་འགའ་རེ། འཕྲིན་དང་སྙན་ཞུ་རེ་ཟུང་བཅས་ལས་རིན་ཐང་ཅན་ཞིག་མ་མཐོང་། ཉིས་སྟོང་བཅུ་གསུམ་ལོར་གསར་དུ་བསྐྲུན་པར་བཤད་པས་དེ་འདྲའི་རིན་ཐང་ཅན་ཞིག་གང་ནས་ཁྱེར་ཡོང་ཨང་།  དེར་རྒྱ་མི་ལྟད་མོ་བ་མང་ཙམ་འདུག  །དེ་ནས་སྒོར་བུད་དེ་དར་དམར་ལྷབ་ལྷུབ་གཡོ་བའི་དགེ་ཆོས་རྗེས་དྲན་ཁང་དུ་སོང་།  དྲ་སྟེང་གི་སྐད་ཆ་ཞིག་སྟེ། དགེ་ཆོས་ཀྱི་སྐེ་ལ་ལིས་ཧྥུན་གྱི་སྐེ་དཀྲིས་དམར་བོ་བཏགས་པ་ཞེས་པ་ཡང་ཡང་ཡིད་ལ་འཁོར། དགེ་ཆོས་ཀྱི་མི་ཚེའི་མཛད་རིམ་སྐོར་ལོ་ཚིགས་བཞིན་ཅུང་གསལ་ཙམ་བཟོས་འདུག །དུས་ཚོད་ཡོད་ན་ཞིབ་ལྟའི་རིན་ཐང་ལྡན།  དགེ་ཆོས་ཀྱིས་སྤྱད་མྱོང་བའི་ཅིག་དང་ཉིག་ཅེས་མང་བོ་སྟོན་རྒྱུ་འདུག་མོད་སྐྱག་རྫུན་དུ་ངེས།  དགེ་ཆོས་ཀྱིས་བཙོན་ནས་ཧོར་ཁང་ལ་དེབ་ཐེར་གྱི་སྐོར་བྲིས་ནས་འཕྲིན་དུ་བྱས་པ་དེ་བཀླགས་པས་མིག་ཆུ་འཆོར་ལ་ཁད་དུ་བྱས།  ཁོང་གིས་གསུངས་པ་བཞིན་ཆོས་ཟབ་མོ་མིན་ན་བདུད་ཀྱི་བར་ཆད་ཅི་ལ་འོངས།  སྐབས་དེར་གྲོགས་པོའི་ཞལ་པར་སླེབས་པས་སྒོར་ཐོན།  དམིགས་ཡུལ་མེད་པར་ཉུལ།
ཇོ་ཁང་མདུན་དུ་རིགས་སྣ་ཚོགས་ཀྱི་མི་སྣ་འདུས་ཡོད་ཅིང་། དེར་ཕྱག་འཚལ་གསོལ་འདེབས་བྱེད་མཁན།  མཎྚལ་འབུལ་མཁན།  བསྐོར་བར་འགྲོ་མཁན། པར་བསྐྱོན་མཁན་སོགས་མི་ཚོགས་རབ་ཏུ་ཆེ།  སྔར་གྲོགས་པོ་ཞིག་གིས་ཇོ་ཁང་མདུན་དུ་ལྷ་སའི་མི་དེ་དག་གིས་གྱོན་གོས་གསར་བ་ལའང་སེར་སྣ་མེད་པར་ཕྱག་འཚལ་བ་དེ་འདྲ་མཐོང་།  དེ་ད་དངོས་གནས་བསོད་ནམས་གསོག་སྟངས་ཤིག་ཡིན་པ་འདྲ། རང་ཅག་ཡིན་ན་གོས་གསར་བ་ཞིག་གྱོན་ཡོད་དུས་ས་ལ་རེག་མ་ཕོད་པར་ཡོད་ངེས། ཁོ་ཚོར་སྐྱེས་ཕོ་མོ་བཟོ་ལྟ་ཡག་པ་ཤིན་ཏུ་མང་བའང་རྒྱུ་དེ་འདྲ་ལ་བརྟེན་ནས་བྱུང་བ་ཡིན་ངེས་ཞེས་གསུངས་པ་དེ་དྲན་སོང་།  དེ་ནས་འོད་ཟེར་སྒམ་ཆུང་ནང་དུ་ཇ་འཐུང་བར་སོང་།  ནང་དུ་མི་རིགས་འདྲ་མིན་གྱི་འགྲུལ་བ་ཤིན་ཏུ་མང་།  གཙང་སྦྲ་ཞན་ཅིང་ཁོར་ཡུག་མི་བཟང་ལ།  ཟ་མ་མི་ཞིམ་ནའང་འགྲུལ་བ་དེ་འདྲའི་མང་དོན་ཅི་ཡིན་ནམ།  ཇ་ཁོ་ན་ཤིན་ཏུ་ཞིམ།  དེའི་རྐྱེན་གྱིས་ཡིན་ནམ།  ང་རང་ཡང་དེའི་ནང་དུ་སྐྱིད་པོ་བྱུང་།  ཇ་ཕོར་གང་ལ་ཟུར་བརྒྱད་རེད།  ཁྱོད་ཀྱིས་སྒོར་མོ་འགའ་ཅོག་ཙེ་སྟེང་བཞག་པ་ཡིན་ན། ཇ་ལྡུག་མཁན་གྱིས་ཇ་བླུགས་རྗེས་རང་འགུལ་གྱིས་སྒོར་མོ་ལེན་པ་དང་ཕྱིར་སློག་པ་སོགས་བྱེད།  ཇ་ལྡུག་མཁན་གྱི་ལྭ་བའི་གཡས་གཡོན་གཉིས་སུ་ཁུག་མ་ཆེ་བ་རེ་འདུག་ཅིང་།  ནང་དུ་ཁེར་ཤོག་དང་མོ་ཤོག་བརྫངས་འདུག  །དེའི་ནང་དུ་ཇ་ཡིད་ཚིམས་པ་འཐུང་རྗེས་ཕྱིར་མགྲོན་ཁང་དུ་ཡོང་ནས་ངལ་གསོས་པ་ཡིན།

བཅོ་བརྒྱད། ད་ནངས་སྔ་མོར་ལངས་ནས་ཇོ་ཁང་དུ་སོང་།  སྒོ་ཕྱེས་མི་འདུག་པས་ཡུད་ཙམ་སྒུག  །ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཡས་མས་སུ་སྒོ་ཕྱེས།  གཙུག་ལག་ཁང་གི་སྒོ་ནང་ནས་ཡར་འཛུལ་མ་ཐག་སྒོའི་གཡས་སུ་གནོད་སྦྱིན་ལྷ་ཁང་། གཡོན་དུ་ཀླུ་ཁང་འདུག  །འདུ་ཁང་གདུང་གྲལ་མགོའི་ཁྲི་ཆེན་ཁར་པཎ་ཆེན་བཅུ་བའི་སྨན་སྐུ་དང་།  གཡས་གཡོན་དུ་སློབ་དཔོན་པདྨ་དང་རྗེ་བཙུན་བྱམས་པ་བཞུགས།  འདུ་ཁང་གི་ནང་དུ་འཛུལ་མ་ཐག་པའི་གཡོན་ཕྱོགས་ནས་བརྩམས་ཏེ།  རྗེ་ཙོང་ཁ་བ་དང་འཁོར་དག་པ་རྣམ་བརྒྱད་བཞུགས་པའི་དགའ་ལྡན་ལྷ་ཁང་།  ལོ་ཆེན་རིན་བཟང་། སྟོན་པ། མངའ་རིས་པ་སེང་གེ་རྒྱལ་མཚན་བཅས་ཀྱི་སྐུ་བརྙན། སྨན་བླ་མཆེད་བརྒྱད་ཀྱི་ལྷ་ཁང་། རྒྱལ་དབང་བདུན་པ། མི་ལ་རས་པའི་སྐུ་བརྙན་བཅས་ལ་མཇལ།  ཐུགས་རྗེ་ཆེན་པོའི་ལྷ་ཁང་དུ་ཕྱག་སྟོང་སྤྱན་སྟོང་རང་བྱོན་ལྔ་ལྡན། ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་བོ། གྲུབ་ཆེན་ཐང་སྟོང་བ། ཕ་དམ་པ། གྲུབ་ཆེན་བེརྭ་པ་བཅས་ཀྱི་སྐུ་བརྙན།  བྱམས་པ་ཁྲུས་མཛད་ལྷ་ཁང་དུ་ཉེ་བའི་སྲས་བརྒྱད། སྒྲོལ་མ། ཚེ་དཔག་མེད། ལེགས་པའི་ཤེས་རབ་ཀྱི་གདུང་རྟེན། རྗེའི་སྐུ། མངའ་རིས་པ་བརྩོན་སྙིང་གི་གདུང་རྟེན་བཅས་མཇལ།  ཁ་ཆེ་པཎ་ཆེན། གུང་ཐང་བླ་མ་ཞང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། ཞིག་པོ་བདུད་རྩི། ཕྱག་ན་རྡོ་རྗེ་བཅས་ཀྱི་སྐུ་བརྙན། རྗེ་ང་འདྲ་མའི་ལྷ་ཁང་། ཕྱག་ན་རྡོ་རྗེ། འོད་དཔག་མེད་ཀྱི་ལྷ་ཁང་དུ་ཉེ་སྲས་བརྒྱད།  ཁྲོ་བོ་སྨེ་བརྩེགས་བཅས་ཀྱི་སྐུ་བརྙན་ལ་མཇལ།  སྲོང་བཙན། བལ་རྒྱ་བཟའ། རྒྱ་བཟའི་རྒྱབ་ཏུ་གུ་རུ་གཏེར་བྱོན་བཅས་ལ་མཇལ།  དེ་ནས་ཇོ་ཁང་དུ་ཇོ་བོར་ཞལ་གསེར་ཕུལ།  ཆོས་གོས་སྣམ་སྦྱར་བརྗེས།  ནག་ཚོ་ལོ་ཙཱ་བ་དང་ཇོ་བོ་ཨ་ཏི་ཤའི་སྐུ་བརྙན། སྒྲོལ་མ་དར་ལེན་མ་བཅས་ལ་མཇལ།  ཀྲི་ཀྲི་བྱམས་པའི་ལྷ་ཁང་དུ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། སྒོའི་གཡས་གཡོན་དུ་ཚངས་པ་དང་བརྒྱ་བྱིན།  སྤྱན་རས་གཟིགས།  དོལ་བོ་བ། ཁོང་ནི་གང་དུ་མཇལ་ཡང་སྐུ་ཅུང་ཟད་རྒྱགས་པ་དེ་འདྲར་འདུག  རྣམ་ཐར་དུ།  ལྕང་རར་གདན་དྲངས། སྐུ་ཉམས་བརྗིད་པས་སྐས་ལ་གདན་འདྲེན་འོ་བརྒྱལ་ཞེས་གསུངས་པ་དང་ཡང་འགྲིག་སྙམ།   ཚེ་དཔག་མེད། ཐོག་ཁའི་གཡས་ཀྱི་དང་བོ་ནས་ལམ་རིམ་ལྷ་ཁང་། སྟོན་པ་གཙོ་འཁོར་གསུམ་སྲས་བརྒྱད་ཀྱིས་བསྐོར་བ། སྨན་བླ་བདེ་གཤེགས་བརྒྱད་ཀྱི་ལྷ་ཁང་། ཐུབ་དབང་ལྷ་ཁང་། སྐུ་ལྔའི་ལྷ་ཁང་། རྟ་མཆོག་ལྷ་ཁང་། སྲོང་བཙན་ལྷ་ཁང་། རིགས་དྲུག་ལྷ་ཁང་། གཏད་རབས་ལྷ་ཁང་། ཆོས་རྒྱལ་སྒྲུབ་ཕུག་ཏུ་འཇིགས་བྱེད། རྟ་མགྲིན། རྗེ་རིན་པོ་ཆེ། སྲོང་བཙན་བཅས་ལ་མཇལ།  གཡས་ཀྱི་དང་བོར་གུ་རུ་ལྷ་ཁང་། བདེ་མཆོག་ལྷ་ཁང་། ཐོག་ཁར་མ་ཅིག་དཔལ་ལྷ་དང་ལྷ་མོ་སྦལ་གདོང་མ་གཉིས། དེའི་སྟེང་ཁར་འཇིགས་བྱེད། མགོན་པོ། ལྷ་མོ་བཅས་ཀྱི་སྐུ་ཐང་བཞུགས་པའི་བསྐང་གསོ་ཁང་བཅས་ལ་མཇལ། དེ་ནས་མར་བབས་ཏེ། གཡོན་གྱི་དང་བོར་གུ་རུ། ཁྲི་སྲོང་ལྡེ་བཙན། མཁན་པོ་བོ་དྷི་ས་ཏྭ། སྨན་བླ་རང་བྱོན།  འདི་ཤིན་ཏུ་ཁམས་ཅན་དུ་བརྩི། ཚེ་ལྷ་རྣམ་གསུམ། ཛེ་ཏ་རིའི་ལུགས་ཀྱི་ཚེ་དཔག་མེད་ཡབ་ཡུམ་གྱི་ལྷ་ཁང་། མདོལ་ཆུང་སྐྱོར་དཔོན། འབའ་ར་བ་རྒྱལ་མཚན་དཔལ་བཟང་། གཡའ་ཕུག་པ་སངས་རྒྱས་དཔལ་བཟང་། ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ། བྱམས་པ་མཆེད་བཞི་དང་ཇོ་བོ་ར་མ་རྒྱལ་མོ། ས་སྐྱ་གོང་མ་ལྔའི་སྐུ་བརྙན་བཅས་ལ་མཇལ།  ལྷོ་སྒོ་མེ་ལོང་ཅན་དུ་སྨན་བླ་བདེ་གཤེགས་བདུན། གཏད་རབས་ལྷ་ཁང་། ཚེ་དཔག་མེད་ལྷ་ཁང་། སྒོར་སྤྱན་རས་གཟིགས། ཕྱག་རྡོར། སྒྲོལ་དཀར། རྣམ་སྲས་བཅས་ཀྱི་ལྡེབས་རིས། མཐུ་སྨོན་ལྷ་ཁང་། འཇིགས་བྱེད་ཀྱི་བློས་བསླངས་སོགས་ལའང་ཞིབ་པར་མཇལ། དེ་ནས་སྒོར་བུད་དེ། ཁྱམས་འོག་གི་ལྡེབས་རིས་སོགས་ལའང་ཞིབ་ཏུ་མཇལ། ལ་ལ་ལྕགས་དྲས་བསྐོར་ཏེ་མི་ཐར་བ་བཟོས་འདུག  །རྩིས་རམས་པ་རྗེ་བསམ་འགྲུབ་རྒྱ་མཚོས་ཇོ་ཁང་གི་ལྡེབས་རིས་སུ་སྟོན་པས་དུས་འཁོར་གསུངས་སའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཡོད་གསུངས་པ་མ་རྙེད།  
རྨེ་རུ་དགོན་པར་མཇལ།  རྒྱུད་སྨད་དང་ཉེ་བའི་སར་ཡོད།  དགོན་པ་འདི་ཤན་པ་ཞིག་གིས་བཏབ་ཅིང་། ལྡེབས་རིས་སུ་ཤན་པའི་མིང་འཁོད་པའི་རི་མོའང་མཐོང་རྒྱུ་ཡོད་ཟེར།  ཞིབ་ཏུ་བཙལ་ཡང་དེ་འདྲའི་རི་མོ་ཞིག་མ་མཐོང་།  དགོན་པའི་ལོ་རྒྱུས་དེབ་ཅིག་ཏུའང་སྐུ་བརྙན་དང་ལྡེབས་རིས་མང་དུ་མཐོང་ཡང་དེ་འདྲ་ཞིག་མི་སྣང་།  གེ་སར་སྒྲུང་ལས་འབྱུང་བའི་ཤན་པ་རྨེ་རུ་ཡིན་ཡང་ཟེར།  འདི་དག་གི་ཁུངས་གཏུགས་ས་ནི་ལྡེབས་རིས་ཀྱི་རི་མོ་དེ་ཁོ་ནར་ཐུག་ནའང་དེའི་སྐོར་ལག་ཏུ་མ་ཆུད།   རྨེ་རུ་ནི་དཀར་རུ་དང་དམར་རུ་ཞེས་པའི་དམར་རུ་ཟུར་ཆགས་པ་ཡིན་ལ། སྔོན་རྨེ་རུ་མི་ཟེར་བར་དམར་རུ་ཟེར་ཏེ།  ཆོས་འབྱུང་མཁས་པའི་དགའ་སྟོན་དུ། མྱང་ཤའི་སྤྱན་ཅན་ལ་སོགས་པས་ལྷ་སར་ཤར་དུ་དཀར་རུ་དང་དམར་རུ་གཉིས།  ལྷོར་དགའ་བ་དང་དགའ་བའི་འོད། ནུབ་ཏུ་བྲན་ཀང་དང་བྲན་ཁང་ཐ་མ་ལ་སོགས་པའི་ལྷ་ཁང་བྱས་ཏེ།  བོད་འབངས་ཐམས་ཅད་དགེ་བཅུ་ལ་ལོངས་སྤྱོད། བདེ་སྐྱིད་ལྷ་དང་མཚུངས། ཞེས་དང་།  རྒྱལ་རབས་གསལ་མེར་ཡང་དེ་བཞིན་འབྱུང་བས་སོ།  ། དགོན་པ་འདི་ཉིད་མངའ་བདག་ཁྲི་རལ་གྱི་དགོངས་པ་བཞིན་ཁོང་གི་མཆོད་གནས་མྱང་ཤའི་སྤྱན་ཅན་ནམ་ཉང་ཤ་མི་གོ་ཆ་སོགས་ཀྱིས་བཏབ་པར་ངེས།   སྔར་དགོན་པ་འདི་ཉིད་གནས་འདིར་མེད་ནའང་།  རྒྱལ་དབང་ལྔ་བས་རྒྱུད་སྨད་ཀྱི་ཉེ་ས་འདིར་སྤོར་བཅུག  །རྒྱལ་དབང་འཇམ་དཔལ་ཞལ་ལུང་ཞེས་པའི་བསྟན་བཅོས་གྲགས་ཅན་དེའི་བཀའ་ཆོས་ཐོག་མའང་གནས་འདིར་བསྩལ་བར་བཤད།  འདུ་ཁང་ནང་དུ་མཇལ།  རྨེ་རུའི་བཀའ་འགྱུར་པར་ཁང་ལ་གྲགས་པ་ཆེ་བས་དེར་མཇལ། བརྒྱད་སྟོང་བ་དང་གཟུངས་བསྡུས་སོགས་མ་གཏོགས་མེད་ཟེར།  དེ་དག་དཔར་ནས་འཚོང་བཞིན་འདུག  །དཔེ་ཆ་ཤིན་ཏུ་ཆེ་བ་ཡི་གེ་གསལ་བ། ཤོག་བུ་བཟང་བ་དེ་འདྲ་རང་དུ་འདུག  །བཀའ་འགྱུར་ཡོད་དམ་ཞེས་པར་ལག་ལ་ཡོང་བ་མ་རེད་ཟེར།
དེ་ནས་སྒོར་བུད་དེ་ངེས་མེད་དུ་ཉུལ།  སྲོད་ཁར་ཕྱིར་མགྲོན་ཁང་ཡོང་ནས་ངལ་གསོས།

བཅུ་དགུ། ད་ནངས་ཆུ་ཚོད་དགུ་བ་ནས་བོད་ལྗོངས་མཁའ་འགྲུལ་ཅུའུ་ཟེར་ས་དེར་སོང་ནས་གནམ་ཐང་དུ་འགྲོ་བའི་རླངས་འཁོར་བཙལ།  དེ་ནས་མི་རེར་སྒོར་སུམ་ཅུ་རེ་དགོས།  གཞན་ནས་གླ་གཏོང་གླས་ན་གོང་དཀའ་མོ་འདུག  །རླངས་འཁོར་ལ་བསྡད་ནས་གནམ་ཐང་དུ་ཆས།  འགྲོ་ལུགས་རྣམས་བསྒྲུབས།  ཆུ་ཚོད་བཅུ་གཉིས་དང་སྐར་མ་བཞི་བཅུའི་ལྕགས་བྱ་ཡིན་ནའང་། གཅིག་དང་བཞི་བཅུའི་བར་དུ་འགྱངས།  ལམ་བར་ནས་སྙེ་ཐང་སྒྲོལ་མར་མཇལ་རྩིས་ཡིན་མོད་སྟབས་མ་འགྲིག །ཆུ་ཚོད་བཞི་བ་ཏག་ཏག་ལ་ཨ་མཆོག་གནམ་ཐང་དུ་འབྱོར།  ཐེངས་འདིའི་དབུས་མཇལ་ཀྱང་རེ་ཞིག་མཇུག་བསྡུས།  འདི་ལས་བྱུང་བའི་དགེ་བའི་རྩ་བ་ཏིལ་ཙམ་བྱུང་ནའང་།  ཇི་སྐད་དུ།  ཕ་མ་སེམས་ཅན་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་དག་ཀྱང་རྟག་ཏུ་སྟོང་བར་ཤོག །བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །ཅེས་པ་ནང་བཞིན་ཡོང་བའི་རྒྱུ་འབའ་ཞིག་ཏུ་བསྔོའོ། །   དགེའོ། །

                                                           ༢༠༡༦-༩-༢ནས༩-༡༤ཉིན་བར་ལྷ་སར་བྲིས།
                                                                    ༢༠༡༦-༩-༡༥ཉིན་བླ་བྲང་དུ་ཞུ་དག་གྲུབ།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།