གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་བྱིས་པའི་ལོ་རབས།(བདུན་པ)

2017-03-06 14:18:30 གཞི་རིམ་པ། ཀློག་གྲངས། མཆན ཡོད།

                           ཚེ་སྲོག་ཉེན་ཁ་ལས་སྐྱོབ་མཁན་དེ་སུ་ཡིན།

གཟའ་སྤེན་པ་དང་ཉི་མ་མ་གཏོགས་པའི་དུས་ཚོད་མང་ཤོས་ལ།   ངའི་ཕ་མ་གཉིས་ཀ་ལས་ཚོགས་སུ་སོང་ནས་ཉིན་གུང་ཡུལ་ལ་ཡོང་མི་ཐུབ།   ང་རང་སློབ་གྲྭ་ནས་ཡོང་སྟེ་རང་ཉིད་ཁེར་མོས་ལས་བྱ་འབྲི་བ་དང་གུང་ཇ་འཐུངས་རྗེས།   བསྐྱར་ཡང་དཔེ་ཁུག་རྒྱབ་ལ་ཁུར།   གོང་དམར་སྐེ་ལ་དཀྲིས།   མཚམས་ལ་རེར་ད་དུང་།   གོ་རེ་སྐམ་ཟ་བྱེད་ཞོར་ཕྱིར་སློབ་གྲྭར་འགྲོ་བ་ཡིན།   འོ་རེད།   འདི་ནས་ངས་ནམ་ཡང་བཀའ་དྲིན་ཞུ་དགོས་པ་ཞིག་ནི།   ཁྱིལ་མཚེས་ཚང་གི་ཨ་ཁུ་འཕྲིན་ལས་དང་ཨ་ནེ་སྒྲོལ་མཚོ་གཉིས་ཡིན་ཏེ།   ཕ་མ་གཉིས་ཀ་ཁྱིམ་ན་མེད་དུས།   ང་རང་ཁོ་ཚང་ལ་སོང་ནས་གུང་ཇ་ཐེངས་མང་འཐུངས་མྱོང་བས་ཡིན་ལ།   དེ་ལས་ཀྱང་།  བཀའ་དྲིན་གཞལ་ཐབས་མེད་པའི་མི་གཞན་ཞིག་ནི།   ངེད་ཚང་གི་སྒོ་ཁ་ནས་ཟས་གོས་བསླངས་པའི་སྤྲང་བོ་དེ་ཡིན།  

ངེད་ཚང་གི་ར་སྐོར་ཕྱི་རོལ་གྱི་རྒྱ་ལམ་འགྲམ་དུ།   རྐང་གཡས་གྱོལ་བོ་དང་ལག་གཡས་ཞ་བོ་ཡིན་པའི་སྤྲང་བོ་ཞིག་ཡོད།  ཁོའི་གམ་ན་མདོ་གདུགས་སྒྲོལ་གསུམ་འདོན་པའི་སྒྲ་སྒམ་ཞིག་བཞག་ཡོད་ཅིང་།  དེ་ལས་གྲག་པའི་གསལ་དག་སྙན་གསུམ་གྱི་དབྱངས་རྟ་དང་ལྷན་དུ།  ཁོས་ཀྱང་ཁ་ནས་མ་ཎི་འདོན་ཞོར།  ཡར་འགྲོ་མར་འདུར་གྱི་མི་རྣམས་ལ་སྒོར་མོ་དང་ཟ་མ་སློང་བ་ཡིན།   ང་ཕ་མ་གཉིས་དང་མཉམ་དུ་ཕྱི་ལ་འཆམ་འཆམ་དུ་འགྲོ་དུས།   མཚམས་ལ་རེར་ཁོ་གཉིས་ཀས།   "ཡར་དཀོན་མཆོག་ལ་མཆོད་པ་འབུལ་བ་དང་།   མར་དབུལ་ཕོངས་ལ་སྦྱིན་པ་གཏོང་བ་ནི་ཀུན་སྤྱོད་ཡག་པོ་ཞིག་ཡིན།"ཟེར་ནས།   སྤྲང་བོ་དེ་ལ་སྒོར་མོ་སིལ་མ་འགའ་རེ་དང་ཟ་མ་སོགས་སྟེར་བ་ཡིན། 

སྐབས་ལ་རེར།   ངས་ཀྱང་སྒོར་མོ་རེ་གཉིས་དང་སྒོར་ཟུར་འགའ་རེ་མ་ཟད།    རང་གིས་གང་ཟ་ཅི་འཐུང་གི་ཟ་མ་དང་སྐོམ་ཆུ་ཉུང་ཤོས་རེ་ཁོ་ལ་སྦྱིན་པ་བཏང་མྱོང་བ་ཡིན།   ངས་དེ་ལྟར་ཁོ་ལ་སྦྱིན་པ་བཏང་བ་དང་།   དུས་རྒྱུན་ལམ་བར་ནས་འཕྲད་ཐེངས་མང་བས།  ངེད་གཉིས་ཕན་ཚུན་ངོ་ཤེས་སུ་གྱུར་ཅིང་།  སྔ་དྲོ་སློབ་གྲྭ་གྲོལ་ནས་ཡུལ་ལ་ལོག་དུས་དང་།  ཉིན་གུང་ཕྱིར་སློབ་གྲྭར་འགྲོ་བའི་དུས་སུ།   ཁོས་ང་ལ།   "དབྱངས་བྷ།  ཁྱོད་ཀྱིས་ལས་བྱ་བྲིས་ཚར་སོང་ངམ།   གུང་ཇ་ཨེ་འཐུངས།   ཕ་མ་གཉིས་ཀ་ཡུལ་ན་མེད་དམ།"ཞེས་དང་།   ངས་སྒོ་ཕྱི་ནང་བར་ན་ཁ་གཡེང་མིག་གཡེང་བྱས་ནས་སྡོད་སྐབས།   "ཁྱོད་མྱུར་དུ་མ་སོང་ན་ཆར་བ་འབབ་རྒྱུ་རེད།   སློབ་ཁྲིད་ཀྱི་རྗེས་སུ་ལུས་རྒྱུ་རེད།"ཅེས་སོགས།   ཤ་ཚ་སྙིང་ཉེ་དང་རྣམ་གཡེང་དྲན་སྐུལ་གྱི་སྐད་ཆ་མང་བོ་བཤད་པ་ཡིན། 

དང་ཐོག   ཁོས་དབྱངས་བྷ་ཟེར་ནས་བདག་གི་མིང་ནས་འབོད་ཐེངས་རེར།  རྒྱུ་མཚན་ཅི་ཡིན་མི་ཤེས་པར།  ང་ལ་དོགས་མི་བདེ་བའི་སྣང་བ་ཞིག་སྐྱེས་མོད།   ལོབས་ཀྱིན་ལོབས་ཀྱིན།   མྱི་རྙིང་བ་བཟང་།  གོས་གསར་བ་བཟང་ཟེར་བ་ལྟར།   ངེད་གཉིས་ཧ་ལམ་ཕན་ཚུན་ལ་བློ་འཁེལ་ཐུབ་པའི་གྲོགས་པོ་ལྟ་བུར་གྱུར་སོང་།   དེ་མ་ཟད།   མཚམས་ལ་རེར།  ཁོ་རང་ངེད་ཚང་གི་སྒོ་ཁ་ནས་མ་བསྡད་པར་ཡུལ་ཕྱོགས་གཞན་ལ་འཁྱམས་དུས།   སེམས་མཐུན་གྲོགས་པོ་གྱེས་ན་སེམས་པ་སྐྱོ་ལྷང་ལྷང་ཟེར་བ་བཞིན།   ཁོས་ཟས་གོས་སློང་སྐབས་བརྐྱངས་ཡོང་བའི་བྱ་སུག་ལྟ་བུའི་ལག་པ་དང་།   སྲོ་ཤིག་གིས་ཁེངས་པའི་སྐྲ་ལོ།   ཆུ་རིས་བཞིན་མང་བའི་གདོང་གི་གཉེར་མ།   སྟོད་ལྭའི་ཕུ་རུང་གཡས་པ་རླུང་གིས་སྐྱོད་བཞིན་གྱོལ་ལྡང་གིས་འགྲོ་བའི་རྣམ་པ་དེ་དག    ངའི་དྲན་འཛིན་གྱི་སེང་རས་ངོས་ལ་ཡང་ཡང་འཁོར་མྱོང་། 

ཉིན་ཞིག་ལ།   ངས་གུང་ཇ་འཐུངས་ནས་ཕྱིར་སློབ་གྲྭར་འགྲོ་སྐབས།    ང་རང་འཁོར་སྒག་གིས་མ་ཟིན་པའི་འཕྲུལ་རྟ་ཞིག་དང་གདོང་ཐུག་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་བྱུང་བ་དང་།   ཟླ་ངོ་གཅིག་གི་རིང་ལ།  ཞིང་ཆེན་སྨན་ཁང་ནས་ཤི་ཉལ་རོ་ཉལ་བྱས་ནས་འདུག་དགོས་བྱུང་།  ངས་ང་རང་ཅི་ལྟར་འཕྲུལ་རྟ་དང་གདོང་ཐུག་བརྒྱབ་པ་དང་།   སྨན་ཁང་ལ་ཅི་ལྟར་སོང་བ་སོགས་མི་དྲན་མོད།   ཕ་མ་གཉེན་ཉེ་ཚོས་བཤད་པ་ལྟར་ན།   ང་རང་འཕྲུལ་རྟ་དང་གདོང་ཐུག་བརྒྱབ་རྗེས་དྲན་པ་ཉམས་ནས་ས་ལ་འགྱེལ་བ་དང་།   མགོ་དང་རྐང་ལག་ནས་ཁྲག་མང་བོ་བཞུར་ཏེ་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་སྐབས་དེར།   སྒོ་ཁའི་སྤྲང་བོ་དེས།   མྱུར་དུ་གླ་འཁོར་ཞིག་བཀག་ནས་སྨན་ཁང་དུ་བསྐྱལ་བ་དང་།   ཕ་མ་གཉིས་ཀ་སྨན་ཁང་དུ་ཐོན་དུས།  ཁོ་ད་དུང་མྱུར་སྐྱོབ་ཁང་གི་སྒོ་ཁ་ན་བསྡད་འདུག་ཟེར། 

སེམས་བསམ་པ་བཟང་བོ་རིན་པོ་ཆེ།  ལྷོ་འཛམ་བུ་གླིང་གི་རྒྱན་ཆ་ཡིན་ཟེར་པའི་དཔེ་ལྟར།  ཉེན་ཁའི་དུས་སུ་མི་གཞན་ལ་རོགས་རམ་བྱེད་པ་ནི།   རྒྱུ་འབྱོར་དབང་ཐང་དར་བ་དང་འབྲེལ་བ་ཡོད་པ་ཞིག་མིན་པར།   སེམས་ན་སྙིང་རྗེ་ཡོད་མེད་དང་སྙིང་རྗེ་ལག་ལེན་དུ་བསྟར་མིན་དེ་རེད།   ལུས་པོ་བདེ་ཐང་མ་ཡིན་པའི་སྤྲང་བོ་ཅང་མེད་ཅིག་གིས་ངའི་ཚེ་སྲོག་བསྐྱབས་སོང་ཟེར་དུས།   ཁྱོད་ཚོ་ཀློག་མཁན་མང་བོ་ཞིག་ལ་ཡིད་ཆེས་མི་འབྱུང་ནའང་ཐང་མོད།    འདི་ནི་རབ་བཏགས་མ་བྱས་པའི་དངོས་བྱུང་གི་ལོ་རྒྱུས་ཤིག་ཡིན།

རྗེས་ནས།   ང་སྨན་ཁང་ནས་བུད་དེ་ཕྱིར་ཡུལ་ལ་ཐོན་དུས།   མུ་ཏོ་བ་དེ་ངེད་ཚང་གི་སྒོ་ཁ་ན་མི་འདུག    ཁོས་བདག་གི་ཚེ་སྲོག་བསྐྱབས་རྗེས།  ཁ་ལ་ཟ་རྒྱུ་མ་ཡོང་བར་ཤི་སོང་བ་ཡིན་ནམ།   ཡང་ན་ས་ཆ་གཞན་ཞིག་ལ་སོང་བ་ཡིན།    བླ་མ་ཡོད་དུས་མཇལ་འདོད་མེད།   མཇལ་འདོད་ཡོད་དུས་བླ་མ་མེད་ཟེར་བ་ལྟར།   སྐབས་ལ་རེར།  ངས་ངེད་ཚང་གི་སྒོ་ཁར་བསྡད་མྱོང་ཞིང་བདག་གི་ཚེ་བླུ་བྱེད་མཁན་གྱི་སློང་མོ་བ་དེ་ཅི་འདྲའི་དྲན་པ་ལ་ཨང་།  

                            སློབ་གྲོགས་འཇིགས་ལོ། 

འཇིགས་ལོ་ནི།  ལོ་རིམ་དང་པོ་ནས་ལྔ་བའི་བར་གྱི་ངའི་སློབ་གྲོགས་ཤིག་ཡིན།  ཁོ་ནི་ང་ཚོའི་འཛིན་གྲྭའི་ནང་གི་ལོ་ན་ཆེ་ཤོས་དང་གཟུགས་པོ་རིང་ཤོས་ཡིན་ལ།  ལུས་པོར་ཤེད་ཤུགས་འཛོམས་ཤིང་རྐང་ལག་ལ་ལྡེམ་མྱུར་ཆེ་བས། སློབ་གྲོགས་ཚོས།  ཁོའི་མིང་ལ་"རྒོད་པོ་ཐུར་མེད་"ཅེས་འབོད་པ་ཡིན། 

ཁོ་རང་ནམ་རྒྱུན་སློབ་བྱོལ་བྱེད་པར་རྒྱུན་མི་ཆད་ཅིང་།  དུས་རྒྱུན་ཞིང་ཁ་དང་ནགས་གསེང་དུ་སོང་ནས་སྦལ་བ་འཛིན་པ་དང་།  སྡོང་འགོའི་བྱེའུ་ཚང་བསྔོགས་ནས་བྱེའུ་སྒོང་གཅོག་པར་དགའ།  མཚམས་ལ་རེར།  ཁོས་བྱེའུ་ཕྲུག་དམར་རྗེན་རེ་གཉིས་གློ་ཁུག་ཏུ་བཅུག་ནས་སློབ་ཁང་ནང་དུ་ཁྱེར་ཡོང་ཞིང་།  དགེ་རྒན་གྱིས་སྒོ་སམ་ངོས་ལ་ཡི་གེ་འབྲི་བའི་གོ་སྐབས་དང་བསྟུན་ནས།  བྱེའུ་ཕྲུག་གི་སྡེར་མོའི་སྣེ་ལ་སྐུད་པ་ཞིག་བཏགས་ཤིང་།  སྐུད་སྣེ་གཞན་གཅིག   ཁོའི་མདུན་གྲལ་དུ་སྡོད་པའི་སློབ་གྲོགས་ཞི་མོ་ཚོའི་སྐྲ་ཡི་སྣེ་མོར་འདོགས་པ་སོགས་བྱེད། 

རེབ་ཐེངས་ཤིག་ལ།  ཁོས་གྲོག་མ་མང་པོ་བསད་དེ།  སྐུད་པ་གཅིག་གིས་གྲོག་རོ་རྣམས་ཀྱི་སྐེད་པ་ནས་བསྡམས་ཏེ་ཨ་ལོང་ཞིག་བཟོས་རྗེས།   "འདི་ནི་ངས་གསར་གཏོད་བྱས་པའི་ཕྲེང་བ་ཞིག་ཡིན།  སུ་ལ་དགོས་ན།  རིན་གོང་སླ་མོ་བྱས་ནས་བཙོང་རྒྱུ་ཡིན།"ཞེས་དང་།  "ང་ཚོའི་འཛིན་གྲྭའི་ནང་ན།  ངའི་ཆུང་མ་བཅའ་འདོད་མཁན་ཨེ་ཡོད།  གལ་ཏེ་ཡོད་ན།  ངས་འདི་ལྟ་བུའི་སྐེད་རྒྱན་མང་པོ་བཟོ་ངེས་ཡིན།  ཧ་ཧ་།  སུ་ཡོད།  ངའི་ཆུང་མ་ལ་ཡོང་མཁན་སུ་ཡོད།"ཟེར་ནས།  མ་རབས་པྲ་ཆལ་གྱི་ལས་ཀ་མང་པོ་ལས་པས།  དགེ་རྒན་ཚོས་ཀྱང་།  ཁོ་ལ་ཞི་དྲག་གཉིས་འཛོམས་ཀྱི་བསླབ་བྱ་དང་སློབ་གསོ་མང་པོ་བཏང་མྱོང་།

ཡིན་ནའང་།  འཇིག་རྟེན་ཁ་དཔེར།  མི་སྐྱོན་མེད་འཛམ་བུ་གླིང་ན་མེད།  ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད།  ཅེས་པ་ལྟར།  ཁོ་ལ་དེ་ལྟ་བུའི་སྐྱོན་ཆ་མང་པོ་ཡོད་ནའང་།   བཟང་ཆ་གཏན་ནས་མེད་པ་ཞིག་ཀྱང་མིན་སྟེ།  ཁོས་སློབ་གྲོགས་ཉམ་ཆུང་གཉོམ་ཆུང་སྐོར་ལ།  དུས་རྒྱུན་ཁ་ལྟ་མིག་ལྟ་བྱས་ནས་གཞན་གྱིས་བརྙས་བཅོས་བྱེད་དུ་མི་འཇུག་པ་ཡིན།  སྒོས་སུ།  ང་ཚོ་ཐུན་མོང་གིས་ལས་ཀ་གང་ཞིག་ལས་དུས་ཀྱང་།  ཁོ་སྔ་བ་ཀུན་ཀྱི་སྔོན་མ་བྱས་ནས་ཐོན་ཡོད་ལ།  འཇོར་དང་ལྕགས་ཁེམ་གྱིས་ས་སློག་རྡོ་སློག་བྱས་ནས་རྔུལ་ནག་ཆུ་བཞིན་ཞམ་ན་ཡང་།  ཁོས་འཁང་ར་ཞིག་གཏན་ནས་བྱས་མ་མྱོང་བ་ཡིན། 

ཁོའི་ཕ་མ་གཉིས་ཁོ་རང་ཆུང་དུས་ནས་བཟའ་འཐོར་བྱས་པ་དང་།  ཁོ་རང་ཨ་ཕ་དང་མཉམ་དུ་བསྡད་ཡོད།  ཁོའི་ཨ་ཕ་ནི་ནམ་རྒྱུན་ཆང་འཐུང་བ་དང་དུ་བ་འཐེན་པ།  སྒྲིག་ཤོ་རྒྱག་པར་དགའ།  ཆང་འཐུངས་ནས་བཟི་ཚེ་ཉིན་མ་འགའ་རེར་ཡུལ་ལ་མི་ཡོང་བ་དང་།  ཡུལ་ལ་ཡོང་ཐེངས་རེར།  འཇིགས་ལོ་དང་ཁོ་ཚང་གི་ཨ་མ་རྒན་མོ་གཉིས་ཀྱི་སྟེང་ལ་ཆང་སྐྱོན་འཕུད་ཅིང་།  འཇིགས་ལོའི་སྐྲ་ནང་ནས་བཟུང་སྟེ།  གཅར་རྡུང་བྱས་པའང་མང་པོ་ཡོད་པས།  མཚམས་ལ་རེར།  ང་རང་ཁོའི་ལས་དབང་ལ་སྙིང་རྗེ་སྐྱེས་མྱོང་། 

མཆོད་རྟེན་ལ་འགྲོགས་ན་དཀར་པོ་དང་།  སླ་ངར་འགྲོགས་ན་ནག་པོ་ཟེར་བ་ལྟར།  འཇིགས་ལོས་ཀྱང་།  ཁོའི་ཨ་ཕ་དང་འདྲ་བར་ལོ་རིམ་གཉིས་པ་ནས་བཟུང་དུ་བ་འཐེན་འགོ་བརྩམས།  སློབ་ཁྲིད་གྲོལ་མ་ཐག   ཁོ་རང་སློབ་གྲྭའི་སྤྱོད་ཁང་ནང་དུ་སོང་ནས་དུ་བ་འཐེན་ཞིང་།  ཁོའི་མིག་ལ་མི་འགྲོ་བའི་སློབ་གྲོགས་ཁ་ཤས་སྤྱོད་ཁང་དུ་ཡོང་ཚེ།  "གཅིག་སྐྱག་ཡོད་ན་མྱུར་དུ་ཐོངས།  སྐར་ཆ་ལྔ་བཅུའི་ནང་དུ་གཅིག་སྐྱག་བཏང་མ་ཚར་ན།  ཨོང་ཤའི་སྟེང་ལ་མེ་གསུར་བྱེད་རྒྱུ་ཡིན།"ཟེར་ནས་སྐྲག་སློང་བར་བྱེད། 

ལོ་རིམ་ལྔ་བར་བུད་པའི་ལོ་དེ་ནས་བཟུང་།  འཇིགས་ལོ་སློབ་གྲྭའི་ནང་དུ་མ་ཡོང་།  གོ་ཐོས་ལྟར་ན།  དུ་བ་མང་པོ་འཐེན་པའི་རྐྱེན་གྱིས། ཁོའི་ཀླད་པར་སྐྱོན་ཞུགས་ནས་རིག་པ་མི་གསལ་བར་གྱུར་བ་མ་ཟད།  གློ་གཅོང་གི་ནད་བྱུང་ནས་ཟི་ལིང་གི་སྨན་ཁང་ཞིག་ཏུ་བུད་སོང་ཟེར། ལོ་དེ་ནས་ད་ལྟའི་བར་དུ།  ངས་འཇིགས་ལོ་གཏན་ནས་མཐོང་མ་མྱོང་།

སློབ་གྲོགས་ལ་ལས་བཤད་ན།  ཁོ་རང་ཤི་སོང་ཟེར་བ་དང་།  ཡང་ལ་ལས་བཤད་ན།  ཁོ་རང་རྒྱ་གར་དུ་བྲོས་ནས་ལོ་གཉིས་ཙམ་འགོར་རྗེས།  ས་ཆ་དེ་ནས་བརྐུས་བྱས་པས།  ཉེན་རྟོག་པས་བཟུང་ནས་ད་ལྟ་བཙོན་ཁང་ན་ཡོད་ཟེར།  གང་ལྟར།  ངེད་གཉིས་སློབ་གྲོགས་ཡིན་པའི་ཆ་ནས།  གལ་ཏེ་ཁོ་རང་།  ད་དུང་འཇིག་རྟེན་མི་ཡུལ་ན་ཡོད་ན།  ངས་ཁོ་རང་མི་བཟང་བོ་ཞིག་ཏུ་གྱུར་ནས།  བྱ་བ་ལམ་འགྲོ་ཡོང་བ་དང་།  ཁ་ལས་རླུང་རྟ་དར་བའི་སྨོན་ལམ་འདེབས་བཞིན་ཡོད།  

                             ཕོ་ཉ། 

ཨ་ཅེ་སྒྲོལ་དཀར་ནི་ཨ་ཞང་ཚང་གི་བུ་མོ་ཆུང་བ་སྟེ།  ཡང་གཅིག་བཤད་ན་ངའི་ཨ་མའི་ནུ་མོ་ཆུང་བ་ཡིན།  སློབ་གྲྭའི་རིག་རྩེད་སྤྲོ་ཚོགས་དང་དྲུག་གཅིག་བྱིས་པའི་དུས་ཆེན།  ཁྱིམ་བདག་ཚོགས་འདུ་སོགས་ཀྱི་སྐབས་སུ།  མོ་རང་ངའི་ཕ་མ་གཉིས་ཀྱི་ཚབ་བྱས་ནས་ང་ཚོའི་སློབ་གྲྭའི་ནང་ལ་ཐེངས་འགར་ཡོང་བ་ཡིན།  མོ་རང་ཆུང་དུས་སློབ་གྲྭར་མ་སོང་བས་རྒྱ་ཡིག་རྒྱ་སྐད་གཅིག་ཀྱང་མི་ཤེས་མོད།  མོ་སྡེ་བའི་ཡིག་རྨོངས་སེལ་བའི་འཛིན་གྲྭར་ཞུགས་པས།  བོད་ཡིག་གི་འཕྲིན་ཐུང་འབྲི་བ་དང་དཔེ་ཆར་ལྟ་བ་ལ་འདང་རྒྱག་ཅི་ཡང་མེད།  དབྱར་གནང་དགུན་གནང་དང་རེས་གཟའ་བདུན་པར།  ང་རང་ཁོ་ཚང་ལ་ཐེངས་མང་སོང་བ་དང་།  དེ་དུས་མོའི་ཉལ་སའི་ནང་དུ།  <<ཨ་མདོའི་རོགས་འཐེན།>>དང་།  <<ལ་གཞས་གཞོན་ནུ་འགུགས་པའི་ལྕགས་ཀྱུ།>>ཟེར་བའི་དཔེ་དེབ་རེ་འགའ་ཡོད་པ་ངས་མཐོང་མྱོང་། 

མོ་རང་ཁྱིམ་བདག་ཚོགས་འདུ་ཞིག་ལ་ཡོང་བའི་ཉིན་གསུམ་པར།  དགེ་རྒན་འཇམ་དབྱངས་ཀྱིས་ང་རང་ཁོའི་ཉལ་ཁང་ནང་དུ་བོས།  ཉིན་མོ་དེ་ནི་དབྱར་དུས་ཀྱི་ཚ་སྡུག་ཤིན་ཏུ་ཆེ་དུས་ཤིག་རེད།  དགེ་རྒན་འཇམ་དབྱངས་ཀྱིས་འབྲུག་གི་རི་མོ་ཡོད་པའི་སྟོད་ལྭ་ཕུ་ཐུང་ཞིག་དང་སྐྱ་མདོག་ཅན་གྱི་དོར་ཐུང་ཞིག་གོན་འདུག་པ་དང་།  ཉལ་ཁྲིའི་སྟེང་དུ་གན་རྐྱལ་དུ་ལོག་ནས་ལག་གཡས་པས་བསིལ་གཡབ་ཅིག་བར་མེད་དུ་གཡུག་བཞིན་འདུག་ཀྱང་།  ཁོའི་ཐོད་པ་དང་སྐྲ་གསེང་ན་ད་དུང་རྔུལ་ཆུ་ཕྲོམ་ཕྲོམ་དུ་བཞུར་བཞིན་འདུག་པ་དེ་ནི།  སུ་ཞིག་གིས་ཁོ་ལ་བསམ་གཟས་ནས་ཆད་པ་གཅོད་པ་དང་འདྲ།

ཁོས་ང་རང་ནང་ལ་ཐོན་པ་མཐོང་དུས།  ཉལ་ཁྲིའི་སྟེང་ནས་ཡར་ལངས་ཤིང་།  གཡས་ཟུར་གྱི་ཅོག་ཙེའི་སྟེང་དུ་ཡོད་པའི་ཝུ་ཆང་དམ་བུ་གང་བོ་དེ་སྒོག་སྒོག་གིས་འཐུངས་པ་དང་།  དེ་ནས་གློ་ཁུག་ནང་གི་དུ་བ་བླངས་ཏེ་མེ་སྒྲོན་ཞོར།  "དབྱངས་བྷ།  ཁ་སང་ཁྱོད་ཀྱི་ཁྱིམ་བདག་གི་ཚབ་ཏུ་ཡོང་བའི་ཞི་མོ་དེ་སུ་རེད།   ཁྱོད་ཚང་གི་ཤ་ཉེ་ཞིག་ཡིན་ནམ།"ཞེས་དྲིས་སོང་།  "ཨུན་ཨུན།  མོ་ངེད་ཚང་གི་ཨ་མའི་ནུ་མོ་ཡིན།"ཞེས་ལན་བཏབ་པ་ན།   ཁོས།  "འོ་རེད་རེད།  ཁྱོད་ཚང་གི་ཨ་ཅེས་ཡི་གེ་ཨེ་ཤེས།  ད་ཐེངས་ངལ་གསོའི་སྐབས་སུ།  ཁྱོད་ཀྱིས་མོའི་ཁ་པར་ཨང་གྲངས་དྲིས་ཡོང་ན་ཨེ་ཆོག    ང་ལ་རོགས་རམ་ཞིག་བྱོས།  ང་མོ་ལ་བཤད་རྒྱུའི་སྐད་ཆ་ཞིག་འདུག"ཅེས་ཟེར་བས།  ང་ཨ་ཅེའི་ཁ་པར་ཨང་གྲངས་འདྲི་ཐུབ་མིན་ལ་གདེང་ཚོད་མེད་ཀྱང་།  ངས་མི་དགོས་ཟེར་མ་ཐུབ་པར།  "ཡ་ཡ།  ངས་དྲིས་ཆོག"ཅེས་ལན་བཏབ་པ་ཡིན། 

དགེ་རྒན་འཇམ་དབྱངས་ནི་ང་ཚོའི་འཛིན་གྲྭའི་རོལ་དབྱངས་དགེ་རྒན་ཡིན་ལ།  ཁོ་རང་འཛིན་བདག་བཀྲ་ཤིས་དང་འདྲ་བའི་མི་ཕོ་སྒོ་ཅན་ཞིག་ཡིན་ཡང་།  ཁོས་སློབ་ཁྲིད་ལ་གཟབ་ནན་མི་བྱེད་པར་དུས་རྒྱུན་ཆང་གིས་བཟི་བ་དང་།  སྐབས་ལ་རེར།  ཤོ་རྒྱག་རྒྱན་འཇོག་ལ་འཁོར་ནས་སློབ་གྲྭའི་ནང་ལ་གཏན་ནས་མི་ཡོང་།   སློབ་ཁྲིད་ལ་ཡོང་ཐེངས་རེར།  ཁོའི་སྐད་ཆ་མང་ཆེ་ཤོས་ནི།  "ཁྱོད་ཚོ་ངོ་མ་ཟོག་ཅིག་དང་འདྲ། འདི་ཡང་མི་ཤེས་པ་ཅི་རེད།  གླེན་པ་ཁ་ནག་ཚོ།"ཟེར་ནས་སྡིགས་དམོད་བྱེད་པ་དང་།  སྒོས་སུ་ངའི་ཨ་ཕ་མ་འཚམས་པའི་རྗེས་ནས།  འཛིན་གྲྭའི་སློབ་མ་ཡོངས་ཀྱི་སྔུན་ནས།  "དབྱངས་བྷ་ཆོ་མེད།  བྱེའུ་མིག་མགོ་ལེབ།"ཟེར་ནས།  ང་ལ་ཐོག་དང་པོར་གཤེ་གཤེ་གཏོང་མཁན་དང་མཚང་མིང་འདོགས་མཁན་ནི་ཁོ་རང་ཡིན་པས།  ང་དགེ་རྒན་འདི་ལ་དེ་ཙམ་མི་དགའ།

ཡིན་ནའང་།  གང་ལྟར་ཁོ་རང་ངའི་དགེ་རྒན་ཡིན་པ་དང་།  "ལྐོག་ནས་དགེ་རྒན་གྱི་སྐྱོན་ཆ་འཚོལ་བ་དང་སྐྱོན་ཆ་འུར་སྒྲོག་བྱེད་པ་ནི་བྱིས་པ་མ་རབས་ཡིན།"ཟེར་བའི་ཨ་ཕའི་སྐད་ཆ་དེ་སེམས་ལ་བཟུང་ནས།  ངས་ཁོང་གིས་ཅི་གསུང་དང་ལེན་བྱས་པ་ཡིན།  ངས་ཁོ་ལ་ཨ་ཅེའི་ཁ་པར་ཨང་གྲངས་བཤད་པ་དང་།  མཚམས་ལ་རེར།  ཁོས་འགྱིག་ཁུག་ནང་དུ་དངོས་པོ་ཞིག་བཅུག་ནས།  "འདི་ཁྱོད་ཀྱི་ཨ་ཅེ་ལ་སྟེར་རོགས།  ཁ་ཕྱེ་ནས་སློབ་གྲོགས་གཞན་ལ་སྟོན་མི་ཉན།"ཟེར་བ་ལྟར།  ངས་ཀྱང་།  མི་ཡིས་མི་ཤེས།  འདྲེ་ཡིས་མི་ཚོར་བར་བྱས་ནས་དངོས་པོ་གང་བསྐུར་ཨ་ཅེ་ལ་སྤྲད་པ་ཡིན། 

སྐབས་ལ་རེར།  ཕ་མས་མི་ཤེས་པའི་གོ་སྐབས་དང་བསྟུན་ནས།  ཨ་ཅེས་ཀྱང་ངའི་དཔེ་ཁུག་ནང་ལ་འོ་མ་དམ་བུ་རེ་བཞག་ནས།  "འདི་དགེ་རྒན་འཇམ་དབྱངས་ལ་སྟེར་དགོས།"ཟེར་དུས།   ངའི་སེམས་སུ།  ཨ་ཅེ་འདི་ནི་ཅི་འདྲའི་གླེན་པ་ཞིག་རེད་ཨང་།  མོས་འཛིན་བདག་བཀྲ་ཤིས་ལ་གྲོགས་པོ་མི་སྒྲིག་པར།  དགེ་རྒན་འཇམ་དབྱངས་ལ་གྲོགས་པོ་བསྒྲིགས་ནས་ཅི་བྱེད་སྙམ་པ་མ་ཟད།  དེའི་སྐོར་གྱི་སྐད་ཆའང་བཤད་མོད།  མོ་དགོད་ཞོར་དུ།   "ངེད་གཉིས་གྲོགས་པོ་བཟང་བོ་ཡིན།  མི་རྒན་གྱི་དོན་དག་བྱིས་པ་ཚོས་ཤེས་མི་དགོས།"ཟེར།  དེ་དུས་དངོས་གནས།  ངས་ཁོ་གཉིས་ཀྱི་བར་ན་འབྲེལ་བ་ཅི་ཞིག་ཡོད་པ་གཏན་ནས་མི་ཤེས་ལ།  དེ་ནི།  ལས་བྱ་མ་བྲིས་ན་དགེ་རྒན་གྱིས་གཅར་རྡུང་བྱེད་པ་དང་འདྲ་བའི་བདག་གི་དོན་དག་ཅིག་ཀྱང་མ་ཡིན་པས།  ངས་ཁོ་གཉིས་ཀྱི་གསང་བ་ཤེས་འདོད་པའི་བསམ་ཚུལ་ཡང་བཅངས་མ་མྱོང་།

ངས་ཁོ་གཉིས་ཀྱི་དབར་ནས་བྱ་བ་མང་བོ་བསྒྲུབས་པས།  དགེ་རྒན་འཇམ་དབྱངས་ཀྱིས་ཀྱང་སྔོན་ཆད་ལྟར་དུ།  བདག་གི་མཚང་མིང་གིས་མི་འབོད་པར་སྐབས་རེར་"དབྱངས་བྷ"ཟེར་བ་དང་།   ཡང་མཚམས་རེར་ངེད་གཉིས་ཁེར་མོ་ཡིན་དུས།  "ཕོ་ཉ་དབྱངས་བྷ།"ཞེས་འབོད་པ་ཡིན།  ངས་ཕོ་ཉ་ཞེས་པའི་ནང་དོན་མ་གོ་བར།  ཡང་དགེ་རྒན་གྱིས་ང་ལ་མཚང་མིང་གསར་བ་ཞིག་བཏགས་སོང་སྙམ་ནས།  ཕོ་ཉའི་ནང་དོན་ཅི་ཡིན་ཨ་མྱེས་ལ་དྲིས་པ་ན།  "མི་དང་མིའི་བར་རམ།  རྒྱལ་ཁབ་དང་རྒྱལ་ཁབ་བར་ལ་འཕྲིན་ཡིག་དང་དངོས་པོ་སྐྱེལ་མཁན་གྱི་མི་ལ་ཕོ་ཉ་ཟེར།  ཅི་རེད།   ཁྱོད་ནར་སོན་ན་ཕོ་ཉ་བ་ཞིག་བཅའ་འདོད་དམ།"ཞེས་དྲིས་བྱུང་། 


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།